བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་དྲུག་པ།

༡.     རྒྱབ་ལྗོངས།

༡.༡ བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)གི་སྐོར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)གིས། དངོས་གཞིའི་མཉམ་འབྲེལ་གཞིར་བཟུང་གི་སྒྲོམ་གཞི་ཞིག་གི་འོག་ཏུ། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུ་དང་། བོད་ནང་གི་དྲ་རྒྱ་བཀག་སྡོམ་དང་གསང་མྱུལ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་གནས་ཚུལ་སོགས་གཞི་ལ་བཞག་སྟེ།  བོད་མི་ཚོའི་འཕྲུལ་རིག་ཉམས་ཞིབ་ཀྱི་ནུས་པ་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན་ལ། མཐའ་དོན། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཚད་མཐོ་ བའི་དྲ་ཐོག་གི་རང་དབང་དང་བདེ་འཇགས་ཁག་ཐེག་བྱེད་རྒྱུ་དེ་ཡིན།

༡.༢ དམིགས་ཡུལ།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་ཚིགས་འདིའི་དུས་དེབ་འདོན་སྤེལ་གྱི་དམིགས་ཡུལ་ནི། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་བརྒྱུད་སྤེལ་བྱེད་རྒྱུ་དང་། བོད་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་སྐོར་ལ་ལམ་སྟོན་གནང་རྒྱུ་དེ་ཡིན། དེ་ཡང་ལོ་གསར་པ་འགོ་བཙུགས་ཚར་བས། ང་ཚོས་དྲ་རྒྱའི་བདེ་འཇགས་ཀྱི་ལག་ལེན་ཡག་ཤོས་ཁག་ལག་བསྟར་བྱེད་རྒྱུ་གལ་ཆེ་ལ། དྲ་ཐོག་གི་ཉེན་ཁའི་རིགས་ལས་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་ནུས་རྩལ་གོང་འཕེལ་བཏང་སྟེ། སོ་སོ་རང་ཉིད་དང་ང་ཚོའི་ཐུན་མོང་གི་ཚོགས་སྡེ་ཁག་སྲུང་སྐྱོབ་བྱེད་རྒྱུ་ཁག་ཐེག་བྱེད་དགོས། 

༡.༣ བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་ཁ་གསབ།

ཕྱི་ལོ་༢༠༢༠་དེ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཆེས་དཀའ་ཁག་ཆེ་བའི་ལོ་ཞིག་ཏུ་གྱུར་བ་མ་འོངས་པར་ཟིན་བྲིས་སུ་འགོད་ངེས། དེ་ཡང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་དུ་ཁྱིམ་སྡོད་བཀའ་རྒྱ་ཕབ་པ་ལ་བརྟེན་ནས་ཁྲོམ་གཞུང་ཁག་སྟོང་པ་ཆགས་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས། ཏོག་དབྱིབས་ནད་དུག་གིས་མི་མང་པོ་ཞིག་སོ་སོའི་ནང་མི་དང་སྙིང་ཉེ་བའི་གྲོགས་པོ་ཚོ་དང་ཁ་ཐག་ཉེ་རུ་བཏང་ཡོད། རྒྱུན་ལྡན་ཅན་དུ་འགྱུར་བཞིན་པའི་གནས་སྟངས་གསར་པ་འདི་མུ་མཐུད་ནས་རྒྱུན་མཐུད་དུས། འཛམ་གླིང་གི་ས་ཆ་སོ་སོའི་ནང་དུ་དྲ་ཐོག་གི་བདེ་འཇགས་དང་འབྲེལ་བའི་ཉེན་ཁའི་རིགས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། ད་ཆ་སོ་སོའི་ཤ་ཉེ་རིང་དང་གྲོགས་པོ་གྲོགས་མོ་ཚོར་འབྲེལ་མཐུད་བྱེད་པའི་ཆེད་དང་། ཡང་ན། སོ་སོའི་ཉིན་རེའི་ལས་ཀའི་ཆེད་དུ་དྲ་རྒྱ་དང་འཕྲུལ་ཆས་ལ་བརྟེན་པའི་ཚད་གཞི་འདི་འདྲ་ཞིག་ལ་ང་ཚོ་དེ་སྔ་ནམ་ཡང་སླེབས་མྱོང་མེད། འཕྲུལ་ཆས་ལ་ཤུགས་ཆེར་བརྟེན་དྲགས་པས། དྲ་ཐོག་གི་འཇབ་རྒོལ་་དང་། གནས་ཚུལ་རྫུན་མ། གནས་ཚུལ་ནོར་བ་སོགས་ཁྱབ་སྤེལ་འགྲོ་བའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད། དེར་བརྟེན། ང་ཚོས་དྲ་ཐོག་གི་འཇབ་རྒོལ་དང་འབྲེལ་བའི་ཉེན་ཁའི་སྐོར་ལ་སྔར་ལས་ཀྱང་ཡིད་གཟབ་དང་དོགས་ཟོན་བྱེད་དགོས་ཀྱི་ཡོད། 

༡.༤ གནས་ཚུལ་སྙིང་བསྡུས།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་དྲུག་པའི་ཁོངས་སུ།

བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་ཁག་རྒྱ་ནག་གི་སྤྱི་ཚོགས་བཟོ་སྐྲུན་ཟེར་བའི་དྲ་ཐོག་གི་འཇབ་རྒོལ་བརྩམ་སའི་དམིགས་འབེན་ལྟེ་བ་ཞིག་ཏུ་གྱུར་ཡོད་པ་བཞིན། ཉེན་ཁ་དེ་དག་ཞི་འཇམ་དུ་གཏོང་བར་རོགས་པ་བྱེད་པའི་ཆེད་དུ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་ངྷ་རམ་ས་ལར་སྤྱི་ཚོགས་རྨང་གཞིར་བྱས་པའི་ཡ་ལན་ལྟེ་གནས་དང་པོ་དེ་བཙུགས་ཡོད། ལྟེ་གནས་དེས་ཚོགས་མི་ཕན་ཚུན་བར་སློབ་སྦྱོང་ལེན་རེས་བྱེད་པ་དང་། གུ་ཡངས་ཀྱི་ཐོག་ནས་ཚོགས་མི་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་དང་བརྒྱུད་སྤེལ་བྱེད་པ། ཕན་ཚུན་བར་འབྲེལ་བ་འཛུགས་པ། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་སོགས་གཞི་རྩའི་ལས་དོན་ཁག་གི་ཐོག་ཏུ་ལས་ཀ་བྱེད་རྒྱུ་ཡིན་ལ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་དེ་ལྟ་བུའི་སྤྱི་ཚོགས་རྨང་གཞིར་བྱས་པའི་ཡ་ལན་ལྟེ་གནས་མང་པོ་བརྒྱུད་དེ།སྔར་ཡོད་ཀྱི་འབྲེལ་མཐུད་ཁག་རྒྱ་བསྐྱེད་གནང་སྟེ་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་པའི་ཚོགས་སྡེ་ཁག་ལ་རོགས་འདེགས་བྱེད་རྒྱུ་ཡིན་ལ། ལྟེ་གནས་དེ་དག་གིས་ང་ཚོའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་གནད་དོན་ཁག་ངོས་འཛིན་བྱས་པའི་ཐོག་ནས། གནད་དོན་དེ་དག་གི་དཀའ་རྙོག་སེལ་ཐབས་ཀྱི་ལམ་ཁ་འཚོལ་རྒྱུ་དང་། ང་ཚོའི་འབྲེལ་ཡོད་ཀྱི་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་རོགས་སྐྱོར་བྱེད་རྒྱུ་ཡིན། 

བོད་མིའི་སྤྱི་ཚོགས་ཀྱི་ཐོག་ཏུ་བརྩམས་པའི་དམིགས་གཏད་རང་བཞིན་གྱི་འཇབ་རྒོལ།

  • ད་ལོར་བོད་མིའི་སྒྲིག་འཛུགས་ཀྱིས་བཀོད་སྒྲིག་གནང་བའི་ཇི་ནེ་ཝ་གླེང་སྟེགས་དེ་ངོ་དེབ་བརྒྱུད་ནས་དྲ་ལམ་དུ་འཚོགས་ཡོད། དྲ་ལམ་གྱི་ཐད་གཏོང་ལེ་ཚན་དེ་ལ་ལྟ་མཁན་མི་༡༠༠་ཙམ་མ་གཏོགས་བྱུང་མེད་ཀྱང་། ཐད་གཏོང་གི་ལེ་ཚན་ཁག་ལ་མཆན་༥༠༠༠༠ལྷག་བྱུང་ཡོད། མཆན་རྒྱག་མཁན་དེ་དག་གིས་ངོ་དེབ་ཁ་བྱང་རྫུན་མ་བཟོས་པའི་ཐོག་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་སྟེ། གྲོས་བསྡུར་གྱི་གླེང་སྟེགས་དེར་གཏོར་སྐྱོན་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད། ངོ་དེབ་ཁ་བྱང་རྫུན་མ་དེ་དག མི་ཚོ་ཁག་ཅིག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ལྟ་བུར་སྣང་བས། ཁོང་ཚོའི་བྱེད་ལས་དེར་སྒྲིག་འཛུགས་རང་བཞིན་ལྡན་པའི་ལས་འགུལ་གྱི་ངོ་བོ་ལྡན། དེ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཞིག་གིས། གླེང་སྟེགས་ཀྱི་ཐད་གཏོང་ལེ་ཚན་དེའི་འོག་ཏུ་བོད་ཡིག་ནང་བྲིས་ཡོད་པའི་མཆན་དེ་དག་གི་ཚིག་གྲུབ་སྦྱོར་སྟངས་བོད་ནང་གི་བོད་མི་ཚོའི་ཚིག་གྲུབ་སྦྱོར་སྟངས་དང་ཆ་མཚུངས་བས། དྲ་ཐོག་གི་འཇབ་རྒོལ་གྱི་ལས་འགུལ་དེ་རྒྱ་ནག་གི་སྒོར་ཟུར་༥༠་དྲ་དམག་གིས་བརྩམས་པ་གསལ་པོ་རེད་ཅེས་བརྗོད་ཡོད། 
  • ང་ཚོས་ད་དུང་བོད་པའི་སྤྱི་ཚོགས་ཁྲོད་དུ། དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་ཁག་ཅིག་དོ་སྣང་བྱུང་ཡོད་ལ། འཇབ་རྒོལ་དེའི་ཁྲོད་དུ། འཇབ་རྒོལ་པས་བླུ་ཡོན་ཞིག་མ་སྤྲད་བར་དུ། དྲ་བའི་ཞབས་ཞུ་ཆས་་ལ་གསང་སྡོམ་བྱས་ཏེ། དྲ་ཚིགས་གང་རུང་ལ་ལྟ་ཀློག་བྱེད་མ་ཐུབ་པ་བཟོས་ཡོད། དཔེ་མཚོན་ཞིག་གླེང་ན། བོད་ཀྱི་བསྟི་གནས་ཁང་ཞིག་གི་དྲ་ཚིགས་ལ་དེ་འདྲའི་འཇབ་རྒོལ་ཐེབས་ཡོད། དཔེ་མཚོན་གཞན་ཞིག་ནི། མོན་གྷོལ་འདོད་རྒུ་གླིང་བོད་པའི་གྲྭ་བ་ཞིག་གི་རྩིས་འཁོར་ནང་གི་ཡིག་སྒམ་ཞིག་ལ་གཞན་གྱིས་འཇབ་རྒོལ་བྱས་ཏེ་གསང་སྡོམ་བྱས་ཡོད། 
  • འདས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ། བོད་པའི་སྤྱི་ཚོགས་དེ་དྲ་ཐོག་གི་འཇབ་རྒོལ་གྱི་དམིགས་འབེན་ཞིག་ཏུ་གྱུར་ཡོད། འདས་པའི་ལོ་ཁ་ཤས་ཀྱི་ནང་དུ་འཇབ་རྒོལ་གྱི་གྲངས་ཀ་མར་ཆགས་ཡོད་ཀྱང་། ཟླ་ཤས་གོང་ནས་བཟུང་། ང་ཚོས་བསྐྱར་དུ་འཇབ་རྒོལ་གྱི་རྦ་རླབས་གསར་པ་ཞིག་གྱེན་དུ་འཕྱུར་བཞིན་ཡོད་པ་དོ་སྣང་བྱུང་ཡོད། དཔེར་ན། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་དང་ཚོགས་པ་མང་པོ་ཞིག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་སྒེར་ཡིག་ཚང་ལ་བརྫུས་པའི་ཡིག་ཟམ་མང་པོ་འབྱོར་ཡོད་ལ། ཡིག་ཟམ་དེ་དག་གི་ཁོངས་སུ་གྷོ་གྷིལ་སྐུལ་ཆས་ཀྱི་འབྲེལ་ཐག་ཅིག་དང་། འཚེར་བརྒྱབ་པའི་ཡིག་ཆ་ཞིག་དང་དེ་ཁ་འབྱེད་སྤྱད་ཀྱི་གསང་ཚིག་གི་ལྡེ་མིག་ཅིག་ཡོད། གལ་ཏེ། ཡིག་ཟམ་ཁོངས་ཀྱི་ཡིག་ཆ་དེ་ཕབ་ལེན་བྱས་ཏེ། འཚེར་བརྒྱབ་ཡོད་པའི་ཡིག་ཆ་དེ་ཁ་ཕྱེ་ཚེ། MESSAGEMANIFOLD་ཟེར་བའི་མཉེན་འབུ་ནུས་ལྡན་བཟོ་ཡི་ཡོད། 
  • ཕྱི་ལོ་༢༠༢༡་གི་སྔོན་དཔག
  • བརྡ་འཕྲིན་གྱི་དུས་རབས་སུ། མཐེབ་ཅུ་ཞིག་གི་སྒང་ལ་མནན་པ་ཙམ་གྱིས་མི་སྒེར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་ངེས། ཏོག་དབྱིབས་ནད་དུག་གི་སྐབས་སུ། བོད་པའི་སྤྱི་ཚོགས་ཁྲོད་དུ་འོས་བསྡུ་རིམ་པ་མང་པོ་འགྲོ་ཡི་ཡོད་སྟབས། འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ནང་དུ། གནས་ཚུལ་ནོར་བ་དང་གནས་ཚུལ་རྫུན་མ་སྔར་ལས་མང་བ་དྲ་ལམ་དུ་ཁྱབ་སྤེལ་འགྲོ་ངེས། མང་ཚོགས་ཀྱི་ངོས་ནས་གནས་ཚུལ་གྱི་ཡོངས་ཁུངས་དག་མ་ཡིན་མིན་ཁུངས་སྐྱེལ་མ་བྱས་ཚེ། གསར་འགྱུར་རྫུན་མའི་རིགས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཤུགས་ཆེར་ཁྱབ་སྤེལ་འགྲོ་ངེས་པ་ང་ཚོས་འདས་པའི་བྱུང་བ་ལས་གསལ་པོ་ཤེས་ཐུབ། 
  • ཕྱི་ལོ་༢༠༢༡ ལོར། ང་ཚོས་དྲ་ཐོག་གི་སྡིགས་ར་དང་དྲ་མིང་རྫུན་མ་མང་པོ་དོ་སྣང་འབྱུང་ངེས། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་བཟོ་བའི་སྐབས་སུ། དངོས་ཡོད་མིན་པའི་སྒེར་གྱི་གནས་ཚུལ་གང་རུང་སྤྲད་ཆོག་པར་བརྟེན། ཁ་བྱང་རྫུན་མ་དེ་དག་གིས་དྲ་འབུ་ཚོར་སོ་སོའི་ངོ་བོ་སྦ་གསང་བྱེད་དུ་འཇུག་ཐུབ་ཀྱི་ཡོད། ངོ་དེབ་དང་ཐོས་ཐར་བཟོ་ཚོང་ཁང་སོགས་ཀྱིས་ཁ་བྱང་རྫུན་མ་དང་འཁོན་འཛིན་གྱི་གཏམ་བརྗོད་ཁག་བཀག་འགོག་བྱེད་ཀྱི་ཡོད་རུང་། ཁོང་ཚོས་ཁ་བྱང་རྫུན་མ་ཁག་བརྒྱུད་ནས་་སྤེལ་བའི་ཆ་འཕྲིན་དང་བརྗོད་དོན་ཡོངས་རྫོགས་བཀག་འགོག་བྱེད་དཀའ། དེར་བརྟེན། གནས་ཚུལ་གང་རུང་ཞིག་བརྒྱུད་བསྐུར་མ་བྱས་གོང་དེའི་ཡོངས་ཁུངས་ར་སྤྲོད་བྱས་ཏེ། དྲ་ལམ་དུ་ཁྱབ་སྤེལ་འགྲོ་བཞིན་པའི་གསར་འགྱུར་རྫུན་མའི་རིགས་ཀྱི་ཕྲེང་རྒྱུན་གཅོད་རྒྱུ་ནི་མི་ཚང་མའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཞིག་ཆགས་ཡོད། 
  • རྒྱ་གར་གཞུང་གིས་རྒྱ་ནག་གི་བཀོལ་ཆས་ཁག་བཀག་སྡོམ་བྱེད་འགོ་བཙུགས་པ་ནས་བཟུང་། བོད་པའི་སྤྱི་ཚོགས་ཁྲོད་དུ་དྲ་ཐོག་གི་འཇབ་རྒོལ་གྱི་དོན་རྐྱེན་མང་དུ་ཕྱིན་ཡོད། རྒྱ་ནག་གི་བཀོལ་ཆས་ཁག་བཀག་སྡོམ་མ་བྱས་པའི་གོང་དུ། སྐད་འཕྲིན་དང་འཁྱུག་དབྱངས་ལྟ་བུའི་བཀོལ་ཆས་ཁག་གིས་བོད་པའི་འཛད་སྤྱོད་པ་ཚོར་ཉེན་ཁ་བཟོས་ཡོད། གང་ཡིན་ཞེ་ན། བཀོལ་ཆས་དེ་དག་རྒྱ་ནག་སྲིད་གཞུང་གིས་ལས་སླ་པོའི་ཐོག་ནས་བཀོལ་སྤྱོད་ལོག་པ་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་། རྒྱ་གར་ནང་རྒྱ་ནག་གི་བཀོལ་ཆས་ཁག་བཀག་སྡོམ་བྱས་ཚར་བའི་རྗེས་སུ། བོད་པའི་ཁྲོད་དུ་རྒྱ་ནག་གི་བཀོལ་ཆས་དེ་དག་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད། བཀོལ་ཆས་དེ་དག་བཀོལ་སྤྱོད་བྱེད་རྒྱུ་དཀའ་ལས་ཁག་ཏུ་ཕྱིན་པ་ལ་བརྟེན་ནས། འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ཀྱི་ནང་དུ་ང་ཚོས་དྲ་ཐོག་གི་ལམ་ཁ་གཞན་པ་བརྒྱུད་དེ་བརྩམས་པའི་དམིགས་གཏད་རང་བཞིན་གྱི་འཇབ་རྒོལ་སྔར་ལས་མང་བ་དོ་སྣང་འབྱུང་ངེས། 
  • དྲ་རྒྱའི་བདེ་འཇགས་ཀྱི་གནས་ཚུལ་ཁ་གསབ།
    • ཏོག་དབྱིབས་ནད་དུག་དར་ཁྱབ་ཕྱིན་པ་བཟུང་། འགྲོ་བ་མིའི་རིགས་ཡོངས་དང་། ལྷག་པར་ནམ་རྒྱུན་ནས་འཕྲུལ་ཆས་དང་དྲ་རྒྱ་ལ་ཤུགས་ཆེར་བརྟེན་བསྡད་ཡོད་མཁན་གྱི་མི་ཚོའི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད། འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་གིས་ ནད་ཡམས་ཀྱི་ཉེན་ཁ་འགོག་དགོས་པར་ཁ་གཡར་ཏེ། མི་སྒེར་གྱི་གཞི་གྲངས་བསྡུ་རུབ་དང་། སྤྱི་དམངས་ལ་སོ་ལྟ་དང་སྟངས་འཛིན་བྱེད་པའི་གཞི་རྒྱ་ཆེ་རུ་བཏང་ཡོད། 
  • གཏན་འཇགས་མཉེན་ཆས་ནི་ཡོ་ཆས་ཚང་མའི་ཁོངས་སུ་བཅུག་ཡོད་པའི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་དེ་དྲ་རྒྱར་མཐུད་ཀྱི་ཡོད། བདེ་འཇགས་མིན་པའི་གཏན་འཇགས་མཉེན་ཆས་རིགས་བཀོལ་སྤྱོད་བྱས་པའི་ཐོག་ནས་ཁྱེད་རང་རྗེས་འདེད་གཏོང་ཐུབ་ལ། ཁྱེད་ཀྱི་གནས་ཚུལ་རྐུ་འཁྱེར་བྱེད་ཐུབ་པ་མ་ཟད། ཁྱེད་ཀྱི་མ་ལག་རྒྱང་རིང་ནས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། ཡོ་ཆས་ཁག་གི་ཁོངས་སུ་ཡོད་པའི་སྐྱོན་ཆ་ཁག་གཞིར་བཞག་སྟེ། གཞན་གྱིས་ཁྱེད་ལ་འཇབ་རྒོལ་བྱེད་ཐུབ་པས། ཧྭ་ཝེ་དང་ཨོ་ཕོ་ལྟ་བུའི་ཁ་པར་སོགས་ཀྱིས་ཁྱེད་ལ་དྲ་ཐོག་གི་ཉེན་ཁ་མང་པོ་བཟོ་ངེས། 
  • སྤྲིན་མཛོད་ཀྱི་ཞུབས་ཞུ་མུ་མཐུད་ནས་སྐད་གྲགས་འགྲོ་བཞིན་ཡོད་ལ། དེ་མི་མང་པོས་རྒྱ་ཁྱབ་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་། དྲ་ཐོག་གི་འཇབ་རྒོལ་པས་གྷོ་གྷིལ་སྐུལ་ཆས་ལྟ་བུའི་སྤྲིན་མཛོད་ཀྱི་ཞབས་ཞུའི་ཁོངས་སུ་ཡོད་པའི་སྐྱོན་ཆའི་རིགས་བཀོལ་སྤྱོད་བྱས་ཏེ། མ་ལག་ཁོངས་ཀྱི་བདེ་འཇགས་ཀྱི་ཁྱད་ཆོས་ཁག་ལ་གཡོལ་བའི་ཐོག་ནས་ཁྱེད་རང་གི་ཡིག་གདན་Office 365་དང་།  American Express ཡིག་ཆ་རྐུ་འཁྱེར་བྱེད་་ཀྱི་ཡོད་པ་ཉེ་ལམ་གསར་དུ་ཐོན་པའི་སྙན་ཐོ་ཁག་གི་ནང་དུ་འཁོད་ཡོད། 
  • ཀུ་ཤུའི་གཞུང་དཔང་ནི། བཀོལ་ཆས་གང་རུང་ཞིག་ཀུ་ཤུའི་བིམ་མཛོད་ཀྱི་ནང་དུ་འདོན་སྤེལ་མ་བྱས་གོང་། དེའི་ནང་དུ་བདེ་འཇགས་དང་འབྲེལ་བའི་སྐྱོན་ཆའམ་ནོར་འཛོལ་རིགས་ཡོད་མེད་ཁུངས་སྐྱེལ་ར་སྤྲོད་བྱེད་པའི་བརྒྱུད་རིམ་ཞིག་ལ་ཟེར། ཡིན་ནའང་། ཀུ་ཤུའི་རྩིས་འཕྲུལ་གྱི་བདེ་འཇགས་ཉམས་ཞིབ་པ་ཞིག་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ། ཀུ་ཤུའི་ཡོ་ཆས་ཀྱི་ཁོངས་ནས་རྙེད་པའི་མཉེན་འབུ་ཡིས་ Flash་ནང་འཇུག་ཆས་ཀྱི་ངོ་བོར་བརྫུ་ཡི་ཡོད་པ་གསལ་སྟོན་བྱས་ཡོད། 
  • ཧི་མ་ལ་ཡའི་རི་རྒྱུད་ཀྱི་ངོས་སུ་ཆགས་པའི་བོད་ཀྱི་ཡུལ་གྲུ་དེ་དྲ་བའི་ཞབས་ཞུ་ཆས་ཀྱིས་བྱེད་ལས་ཡག་པོ་བརྩམ་ཐུབ་སའི་ཁོར་ཡུག་བཟང་པོ་ཞིག་ཡིན་སྟབས། རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་གཞི་གྲངས་ལྟེ་གནས་ཤིག་བཙུགས་ཡོད་ལ། དེས་ལྷོ་ཤར་ཨེ་ཤེའི་རྒྱལ་ཁབ་ཁག་གི་དགོས་འདོད་བསྐང་ངེས། 

༢. སྤྱི་ཚོགས་རྨང་གཞིར་བྱས་པའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཡ་ལན་ལྟེ་གནས།

འདས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་རྒྱའི་བདེ་འཇགས་ཚན་པས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕྲུལ་རིག་གི་འཕྲོད་བསྟེན་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་བསྐྲུན་ཐབས་སུ་ཤུགས་སྣོན་བརྒྱབ་ཡོད། དེ་ཡང་འཕྲུལ་ཆས་ཀྱི་འཕེལ་ཚད་སྔར་ནས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་སྟབས། ང་ཚོས་སོ་སོའི་རྒྱུ་ཆ་ཁག་བཀོལ་སྤྱོད་བྱས་པའི་ཐོག་ནས། བོད་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་འཕྲད་བཞིན་པའི་འཕྲུག་རིག་གི་དཀའ་ངལ་ཁག་ལ་རོགས་འདེགས་བྱེད་རྒྱུ་དང་། འཕྲུལ་རིག་བདེ་འཇགས་ཀྱི་ཤེས་བྱའི་གལ་ཆེན་རང་བཞིན་སྐོར་ལ་དུས་ཐོག་ཏུ་གོ་རྟོགས་སྤེལ་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཡིན་པ་ཚོར་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐབས་ལམ་སྣ་ཚོགས་སྤྱད་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་དྲ་བའི་འཇབ་རྒོལ་རྩོམ་གྱི་ཡོད་ལ། ལོ་ངོ་བཅུ་ཕྲག་ལྷག་གི་རིང་གི་ང་ཚོའི་དྲ་ལམ་གྱི་འཐབ་རྩོད་ལ་གཞིར་བཞག་ནས་གླེང་ན། རྒྱ་ནག་གཞུང་ནི་དྲ་ནང་གི་འཇིག་རྟེན་ཁྲོད་ཀྱི་ང་ཚོའི་རྩོད་མེད་ཀྱི་དགྲ་བོ་དེ་ཆགས་ཀྱི་ཡོད། དྲ་ཐོག་གི་འཇབ་རྒོལ་དེ་དག་གི་ཁྲོད་དུ། ཡིག་ཟམ་ནང་གི་ཉྭ་འཛིན་གྱི་འཇབ་རྒོལ་དང་། སྤྱི་ཚོགས་བཟོ་སྐྲུན་ཟེར་བའི་མཉེན་འབུ། གསང་ཉུལ་དྲ་འབུ་བཅས་བརྒྱུད་དེ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་དང་ཚོགས་སྡེ་འདྲ་མིན་གྱི་གནས་ཚུལ་རྐུ་འཁྱེར་དང་། བོད་པའི་གཞི་གྲངས་དང་འཐབ་བྱུས་གལ་ཆེན་ཁག་བཀོལ་སྤྱོད་ལོག་པ་བཏང་བའི་ཐོག་ནས་བོད་ཀྱི་རྩ་དོན་ལ་གནོད་པ་སྐྱེལ་རྒྱུའི་དམིགས་ཡུལ་བཅངས་ཡོད། 

བོད་པའི་སྤྱི་ཚོགས་ཁྲོད་དུ་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པའི་གནས་སྟངས་ལ་གཞིགས་ཏེ། ཕྱི་ལོ་༢༠༡༦་ལོར། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཟླ་གྲོགས་ལས་འཆར་ཞིག་ལག་བསྟར་གནང་ཡོད། ལས་འཆར་དེའི་ཁྲོད་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་བྱེད་ཚོས་དམིགས་བསལ་ཚོགས་པ་ཁག་ཅིག་ལ་འཕྲུལ་རིག་ལག་རྩལ་ཡར་རྒྱས་དང་། འཕྲུལ་རིག་བདེ་འཇགས་ཀྱི་ལག་ལེན་གལ་ཆེན་ཁག་རྒྱུན་འཁྱོངས་བྱེད་ཕྱོགས་ཀྱི་སྐོར་ལ་རོགས་འདེགས་བྱེད་འགོ་བཙུགས་ཡོད། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས། ང་ཚོས་སོ་སོའི་ཞབས་ཞུ་ཁག་རྒྱ་བསྐྱེད་བཏང་བའི་ཐོག་ནས། དེའི་ཁོངས་སུ་གང་ཐུབ་ཀྱིས་ཚོགས་པ་དང་སྒྲིག་འཛུགས་གང་མང་བཅུག་སྟེ། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་སྙོབ་ཐུབ་པ་ཞིག་བཟོ་རྒྱུ་དེ་གལ་ཆེན་ཡིན་པར་མཐོང་ཡོད་ལ། བསམ་ཚུལ་དེའི་ཀློང་ནས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་དབུ་འཛུགས་བྱས་ཡོད།  

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ལས་འཆར་ཁྲོད་ཀྱི་ཚོགས་མིའི་ལས་འཆར་ཞིག་བརྒྱུད་དེ། ང་ཚོས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་གང་མང་དང་མཉམ་དུ་ཕྱག་ལས་གནང་ཡོད་པ་མ་ཟད། འཛམ་གླིང་ནང་གི་འཕྲུལ་རིག་ཉམས་ཞིབ་པ་ཁག་ལ་གང་ཐུབ་ཀྱིས་མཉམ་འབྲེལ་བྱས་ཡོད། ང་ཚོའི་ལས་འཆར་འདིའི་ཁྲོད་དུ། ཚོགས་མི་ཚོར་འཕྲུལ་རིག་ལག་རྩལ་ཐད་དུ་རོགས་རམ་དང་མཐུན་སྦྱོར་གནང་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་དུ་འཕྲུལ་རིག་བདེ་འཇགས་ཀྱི་ཤེས་བྱའི་གལ་ཆེན་རང་བཞིན་སྐོར་གོ་རྟོགས་སྤེལ་ཡོད། མི་སྒེར་དང་ཚོགས་པ་གང་མང་ལ་ཇི་ཙམ་གྱིས་འབྲེལ་བ་མང་བ་བྱས་པའི་ཚོད་ཀྱིས། ང་ཚོས་རྒྱ་ནག་ཕྱོགས་ནས་སྔར་ལས་མང་བ་རྩོམ་བཞིན་པའི་དམིགས་གཏད་རང་བཞིན་གྱི་དྲ་ཐོག་གི་འཇབ་རྒོལ་གྱི་དབང་གིས། བོད་པའི་ཚོགས་སྡེ་ལ་འཕྲད་བཞིན་པའི་འཕྲུལ་རིག་ལག་རྩལ་ཐད་ཀྱི་དཀའ་ངལ་དེ་ལས་མང་བ་ཤེས་རྟོགས་བྱུང་ཐུབ་ཡོད། དྲ་ཐོག་གི་ཉེན་ཁ་དེའི་རིགས་ཞི་འཇམ་དུ་གཏོང་བར་དམིགས་ཏེ། ང་ཚོས་འཕྲུལ་རིག་བདེ་འཇགས་ཀྱི་གཞི་རྩའི་ཟབ་སྦྱོང་དང་། འབྲེལ་ཡོད་ཚོགས་སྡེ་ཁག་དང་ལྷན་དུ་འཕྲུལ་རིག་བདེ་འཇགས་ཀྱི་སྲིད་བྱུས་གསར་བཟོ་དང་ལག་བསྟར་བྱས་པ་བརྒྱུད་དེ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཚོར་འཕྲུལ་རིག་བདེ་འཇགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཡོད། ང་ཚོས་ད་དུང་ཉྭ་འཛིན་གྱི་ཡིག་ཟམ་དང་། སྤྱི་ཚོགས་བཟོ་སྐྲུན་གྱི་མཉེན་འབུ། གསང་མྱུལ་དྲ་འབུ་སོགས་ཀྱི་འཇབ་རྒོལ་ཐེབས་པའི་ཚོགས་སྡེ་ཁག་གི་ཉེན་ཁ་ཞི་འཇམ་དུ་གཏོང་བར་དམིགས་ཏེ། འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་དོན་རྐྱེན་ཁག་ལ་ཡ་ལན་སྤྲོད་ཕྱོགས་ཀྱི་མཐུན་སྦྱོར་ཡང་གནང་ཡོད། ང་ཚོའི་ཟབ་སྦྱོང་དང་ཐད་ཀར་གྱི་རོགས་སྐྱོར་ཁག་རྒྱ་གར་ནང་གི་བོད་པའི་གཞི་ཆགས་ཁག་ནང་དུ་ཆ་བགོས་བྱས་ཡོད་པའི་ང་ཚོའི་འཕྲུལ་རིག་བདེ་འཇགས་ཀྱི་སྐུ་ཚབ་མི་སྣ་བཞི་ཡིས་གནང་ཡོད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་support@tibcert.org་དྲ་གནས་འདིའི་སྟེང་དུ་རོགས་སྐྱོར་སྟེགས་བུ་ཞིག་འགོ་འཛུགས་བྱས་ཡོད་ལ། མི་ཚོས་དྲ་གནས་འདིའི་སྟེང་དུ་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་དྲི་བ་འདོན་ཆོག་གི་ཡོད། ཁྱེད་ཀྱིས་བཏང་བའི་ཡིག་ཟམ་གྱིས་འཛིན་བྱང་ཞིག་བསྐྲུན་གྱི་ཡོད་ལ། ང་ཚོས་དུས་ཚོད་༤༨་ཡི་ནང་ཚུད་དུ་དྲི་བ་ཁག་ལ་ལན་འདེབས་གནང་གང་ཐུབ་བྱེད་ཀྱི་ཡོད། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མིའི་ལས་འཆར་ལ་ཆ་མཚོན་ན། ད་ཆ་རྒྱ་གར་ནང་དུ་ང་ཚོ་དང་མཉམ་དུ་ཕྱག་སྦྲེལ་བྱེད་མཁན་གྱི་ཚོགས་པ་དང་སྒྲིག་འཛུགས་༤༠་ལྷག་ཡོད་ལ། ང་ཚོས་ཚོགས་པ་དང་སྒྲིག་འཛུགས་དེ་དག་ལ་ལམ་ལྷོང་ལྡན་པའི་རོགས་སྐྱོར་གྱི་འབྲེལ་མཐུད་ཞིག་བསྐྲུན་ཐུབ་ཡོད། འོན་ཀྱང་། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་མ་ཡིན་པའི་བོད་མི་མང་དག་ཅིག་ལ་ཁྱབ་ཆེ་བའི་ཐོག་ནས་སྙོབ་ཐུབ་པའི་ཆེད་དང་། དེ་འདྲའི་གཞི་རྒྱ་ཆེ་བའི་འབྲེལ་མཐུད་ཀྱི་ཁོངས་སུ་ཡོད་པའི་ཚོགས་སྡེ་ཁག་ལ་འཕྲད་པའི་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་གནད་དོན་སྐོར་ལ་བསམ་ཚུལ་བརྗེ་རེས་དང་། ཉེན་ཁར་དོ་དམ། དེ་བཞིན་ཁོང་ཚོར་ཁྱབ་ཆེ་བའི་རོགས་འདེགས་བྱེད་ཐུབ་པའི་ཆེད་དུ། ང་ཚོས་ལས་འཆར་གསར་པ་ཞིག་འགོ་འཛུགས་བྱེད་དགོས་པ་མཐོང་ཡོད། གནས་སྟངས་དེར་གདོང་ལེན་བྱེད་པའི་ཆེད་དུ། ང་ཚོས་ལས་འཆར་གསར་པ་ཞིག་འགོ་འཛུགས་བྱས་ཏེ། གཞི་ཁྱོན་ཆེ་བའི་བོད་མིའི་འདུས་སྡོད་ཀྱི་ས་ཁུལ་ཁག་གི་ནང་དུ་ས་གནས་ས་ཐོག་གི་དང་བླངས་རང་བཞིན་གྱི་ཡ་ལན་ལྟེ་གནས་གསར་འཛུགས་གནང་ཡོད། ཕྱི་ལོ་༢༠༢༠་ལོའི་ཟླ་༡༡་བར། ང་ཚོས་དང་བླངས་མི་སྣ་༡༡་གིས་གྲུབ་པའི་ཡ་ལན་ལྟེ་གནས་ཤིག་ངྷ་རམ་ས་ལར་བདེ་ལེགས་ངང་གསར་འཛུགས་གནང་ཐུབ་ཡོད། དེ་མ་ཟད། འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ཀྱི་ནང་དུ། བྷེལ་ཀོབ་དང་མོན་རྒུ་ས་གནས་སུ་ཡང་ཡ་ལན་ལྟེ་གནས་གསར་པ་གཉིས་འཛུགས་འཆར་ཡོད། ལས་འཆར་འདི་བོད་མི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་ཤེས་བྱ་གོང་སྤེལ་དང་། འཕྲུལ་རིག་ལག་རྩལ་གོང་མཐོར་གཏོང་བར་ཁེ་ཕན་ཆེན་པོ་ཡོད་པར་གདོན་མི་ཟ། ལྷག་པར་དུ། ད་ལྟའི་དུས་སྐབས་འདིར། ང་ཚོས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་བརྒྱུད་དེ་ཁྱབ་སྤེལ་འགྲོ་བཞིན་པའི་གནས་ཚུལ་རྫུན་མ་དང་གནས་ཚུལ་ནོར་བའི་སྐོར་ལ་གོ་རྟོགས་སྤེལ་བའི་ཐུན་མོང་གི་དམིགས་འབེན་གྱི་སྒང་དུ་དམིགས་ཁ་གཏོད་ཀྱི་ཡོད་ལ། བྱུང་ན་མ་འོངས་པར། ང་ཚོའི་རོགས་འདེགས་ཀྱི་ནུས་པ་རྒྱ་གར་ཕྱི་ལོགས་ཀྱི་བོད་པའི་ཚོགས་སྡེ་ཁག་ལ་རྒྱ་བསྐྱེད་གཏོང་ཐུབ་པའི་རེ་ལྟོས་བྱེད་ཀྱི་ཡོད། 

ཡ་ལན་ལྟེ་གནས་ཀྱི་ལས་འཆར་དེ་གཞི་རྩའི་ལས་དོན་བཞིའི་སྒང་ལ་གཞི་བཅོལ་ཡོད། 

༡. སློབ་སྦྱོང་།

དེ་ཡང་ཡ་ལན་ལྟེ་གནས་ཀྱི་ཚོགས་མི་ཚོ་ཡོང་སའི་ཁུངས་མི་འདྲ་བས། ཕན་ཚུན་བར་སློབ་སྦྱོང་ལེན་རེས་བྱེད་ཐུབ་པའི་གོ་སྐབས་ཆེན་པོ་ཡོད། ཚོགས་མི་ཁ་ཤས་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་་སྤྱི་ཚོགས་ཀྱི་གནད་དོན་གླེང་སློང་བྱེད་པ་དང་། འཕྲུལ་རིག་ལག་རྩལ་ངོས་ཐད་ནས་མཁས་པ་ཡིན་ལ། ཚོགས་མི་གཞན་ཁག་ཅིག་ལ་རྩོམ་འབྲི་བ་དང། མི་གཞན་ལ་ཤུགས་རྐྱེན་སྤྲོད་ཐུབ་པ། རི་མོའི་བཟོ་བཀོད་ཇུས་འགོད་བྱེད་པ་ལ་སོགས་པའི་ནུས་པ་ལྡན། ཡ་ལན་ལྟེ་གནས་ཀྱི་སྒྲོམ་གཞི་དང་ཁོར་ཡུག་འདིས་དང་བླངས་པ་ཚོར་ལག་རྩལ་བརྗེ་རེས་བྱེད་པའི་ལམ་ཁ་བརྒྱུད་དེ་སོ་སོ་རང་ཉིད་ཀྱི་ནུས་པ་གོང་མཐོར་གཏོང་བའི་གོ་སྐབས་ཆེན་པོ་བསྐྲུན་གྱི་ཡོད།

༢. བརྗེ་རེས།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཡ་ལན་ལྟེ་གནས་ཀྱིས་གུ་ཡངས་དང་འབྲེལ་བ་ཟབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གྱི་ཡོད་སྟབས། ཚོགས་མི་ཚོས་རང་ཉིད་ཀྱིས་གདོང་ལེན་བྱེད་བཞིན་པའི་དཀའ་ངལ་ཁག་འཛེམ་དོགས་མེད་པའི་ཐོག་ནས་ཚོགས་མི་གཞན་དག་ལ་ལྷུག་པོར་བརྗོད་ཐུབ་ཀྱི་ཡོད་ལ། རང་ཉིད་ཀྱི་བསམ་ཚུལ་ངོ་མ་སྦ་གསང་མེད་པའི་ཐོག་ནས་ཕྱིར་སྟོན་ཐུབ་ཀྱི་ཡོད། ཁོར་ཡུག་དེ་འདྲ་ཞིག་བསྐྲུན་པ་ལ་བརྟེན་ནས། ཚོགས་མི་ཚོས་རང་ཉིད་ནོར་མི་ཡོང་ངམ་སྙམ་པའི་འཛེམ་སོམ་དང་དོགས་སྣང་མེད་པར་སོ་སོའི་སེམས་གཏིང་གི་སྐད་ཆ་ཁག་བརྗོད་ཐུབ་ཀྱི་ཡོད་ལ། ཚོགས་མི་གཞན་དག་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱེད་ཐུབ་ཀྱི་ཡོད། 

༣. འབྲེལ་མཐུད།

ཡ་ལན་ལྟེ་གནས་འཛུགས་དགོས་པའི་ཐོག་མའི་དམིགས་ཡུལ་ཁག་གི་ཁོངས་ཀྱི་གཅིག་ནི། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་གང་མང་ཞིག་ལ་འཕྲུལ་རིག་བདེ་འཇགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཏེ་དེ་འབྲེལ་གྱི་ཁོང་ཚོའི་ཤེས་བྱ་གོང་སྤེལ་གཏོང་རྒྱུ་དང་། ཁོང་ཚོར་འཕྲད་པའི་འཕྲུལ་རིག་བདེ་འཇགས་ཀྱི་གནད་དོན་ཁག་གི་ཐོག་ཏུ་རོགས་འདེགས་བྱེད་རྒྱུ་དེ་ཡིན། ཡ་ལན་ལྟེ་གནས་དེ་བརྒྱུད་ནས་མི་མང་ཕོན་ཆེན་པོར་འབྲེལ་བ་འཛུགས་པའི་ཁྱབ་རྒྱ་དེ་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གཅིག་པུ་དང་བསྡུར་ན་ཧ་ཅང་ཆེ། 

༤. རོགས་སྐྱོར། 

ཡ་ལན་ལྟེ་གནས་ཀྱི་དམིགས་ཡུལ་མཐའ་མ་དེ་ནི། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་འབྲེལ་བ་བརྒྱུད་དེ་མི་སྒེར་དང་ཚོགས་པ་ཚང་མར་འཕྲུལ་རིག་བདེ་འཇགས་སྐོར་གྱི་ཤེས་བྱ་དང་། འཕྲུལ་རིག་ངོས་ཐད་ཀྱི་ལག་རྩལ་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན། དམིགས་ཡུལ་དེ་ལེགས་འགྲུབ་ཡོང་བར། ཡ་ལན་ལྟེ་གནས་ཀྱི་ཚོགས་མི་ཚོའི་གྲོས་བསྡུར་གྱི་ཁྲོད་དུ་མོས་མཐུན་བྱུང་བའི་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཁག་འཐབ་བྱུས་ལྡན་པའི་སྒོ་ནས་ལག་བསྟར་གནང་སྟེ། དགོས་ངེས་ཀྱི་རྒྱབ་སྐྱོར་ཆ་ཚང་གནང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། 

སྤྱི་ཚོགས་རྨང་གཞིར་བྱས་པའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཡ་ལན་ལྟེ་གནས་བརྒྱུད་ནས། ཚོགས་མི་ཚོ་མཉམ་དུ་འཛོམས་ནས་གྲོས་བསྡུར་བྱེད་པ་དང་། དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་བ། རྙེད་སོན་བྱུང་བའི་ཐབས་ལམ་ཁག་ཇི་ལྟར་ལག་བསྟར་བྱེད་ཐུབ་མིན་སོགས་ཀྱི་སྐོར་ཐག་གཅོད་བྱེད་ཀྱི་ཡོད། གྲོས་བསྡུར་གྱི་ལས་རིམ་མམ་མཉམ་འཛོམས་དེ་དག་ཟླ་རེར་ཐེངས་གཅིག་བཀོད་སྒྲིག་བྱེད་ཀྱི་ཡོད། དེ་ཡང་ཡ་ལན་ལྟེ་གནས་ཀྱི་ཚོགས་མི་ཁག་གི་ཤེས་ཡོན་གྱི་རྒྱབ་ལྗོངས་དང་ཆེད་ལས་ཀྱི་ངོ་བོ་མི་འདྲ་བས། སྣ་འཛོམས་རང་བཞིན་ཅན་གྱི་ལྟ་ཚུལ་དང་བསམ་ཚུལ་དེ་དག དེང་སྐབས་བོད་པའི་སྤྱི་ཚོགས་ལ་འཕྲད་ཀྱིན་པའི་འཕྲུལ་ཆས་དང་དྲ་རྒྱའི་ཐོག་གི་གནད་དོན་འདྲ་མིན་མང་པོ་སེལ་བར་དགོས་པའི་ཁྱབ་ཆེ་ཞིང་གསར་གཏོད་རང་བཞིན་ལྡན་པའི་ཐབས་ལམ་ཁག་སྣ་འདྲེན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད། ང་ཚོས་ད་དུང་དྲ་ཐོག་གི་སྡིངས་ཆ་བརྟན་པོ་ཞིག་སྒྲིག་བཟོ་བྱས་ཡོད་ལ། ཡ་ལན་ལྟེ་གནས་ཀྱི་ཚོགས་མི་ཁག་དང་དེ་བཞིན་ང་ཚོའི་ལས་དོན་ལ་དོ་ཁུར་བྱེད་མཁན་གྱི་མི་བུ་སུ་འདྲ་ཞིག་ཡིན་རུང་སྡིངས་ཆ་དེའི་ཐོག་ཏུ་མཉམ་འཛོམས་བྱས་ཏེ་ཕན་ཚུན་ལ་འབྲེལ་མཐུད་བྱེད་ཆོག་ལ། དྲ་ཐོག་གི་གནད་དོན་དང་འབྲེལ་བའི་གསར་བྱུང་གི་གནས་ཚུལ་དང་། དེ་བཞིན་འཕྲུལ་ཆས་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་འབྲེལ་ཡོད་གནས་ཚུལ་རིགས་ཀྱང་བརྒྱུད་སྤེལ་བྱེད་ཆོག དེ་ཡང་སྤྱི་ཚོགས་བཟོ་སྐྲུན་རང་བཞིན་གྱི་མཉེན་འབུའི་འཇབ་རྒོལ་དང་། ཡིག་ཟམ་ནང་གི་ཉྭ་འཛིན་གྱི་འཇབ་རྒོལ། དེ་བཞིན་རྒྱ་ནག་གཞུང་གི་གནས་ཚུལ་བཀག་སྡོམ་དང་གསང་མྱུལ་གྱི་དོན་རྐྱེན་ཁག་སྔར་ལས་མང་དུ་ཕྱིན་ཡོད་སྟབས། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་ཚང་མར་མ་མཐའ་ཡང་འཕྲུལ་ཆས་ཀྱི་གཞི་རྩའི་ཤེས་བྱ་ལྡན་པ་ཞིག་དགོས་རྒྱུ་དང་། བོད་མི་ཡོད་དོ་ཅོག་གིས་དྲ་རྒྱའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་སྐོར་ཧ་གོ་བ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་ལ། དེས་བོད་མིའི་རང་དབང་གི་འཐབ་རྩོད་ལས་འགུལ་ནུས་ལྡན་བཟོ་ཐུབ་པ་མ་ཟད་རྒྱུན་རིང་པོར་བསྲིང་ཐུབ་ཀྱི་ཡོད། 

༣. བོད་མིའི་སྤྱི་ཚོགས་ཀྱི་ཐོག་ཏུ་བརྩམས་པའི་དམིགས་གཏད་རང་བཞིན་གྱི་འཇབ་རྒོལ།

༣.༡ ཁ་བྱང་རྫུན་མ་དང་དྲ་ཐོག་གི་སྡིགས་ར།

ངོ་དེབ་དང་། ལིན་ཌིན(LinkedIn) ཨིན་སི་ཌ་གྷི་རམ(Instagram) ཐོས་ཐར་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་སྡིངས་ཆ་ཁག མི་སྒེར་དང་ཚོགས་པ། བཟོ་ཚོང་ཁང་སོ་སོའི་འབྲེལ་མཐུད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བར་མེད་དུ་མི་རུང་བའི་ལག་ཆ་ཞིག་ཆགས་ཡོད། ཡིན་ན་འང་། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་གིས་མཇུག་འབྲས་བཟང་ངན་སྣ་ཚོགས་བསྐྲུན་སྲིད་ཀྱི་ཡོད། གང་ཡིན་ཞེ་ན། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ཡོད་པའི་རྒྱུ་མཚན་གྱིས། ང་ཚོའི་བར་དུ་ལེ་དབར་སྟོང་ཕྲག་གི་རྒྱང་ཐག་ཡོད་ནའང་། སྡིངས་ཆ་དེ་དག་བརྒྱུད་ནས་བརྙན་དང་པར་སྣ་ཚོགས་བརྒྱུད་སྐུར་བྱེད་ཐུབ་ཀྱི་ཡོད་པ་དེས་ང་ཚོའི་འཚོ་བར་སྔར་མེད་པའི་མྱོང་སྣང་གསར་པ་ཞིག་བསྐྲུན་ཡོད་ལ། མི་ཕན་ཚུན་བར་གྱི་འབྲེལ་བ་མུ་མཐུད་ནས་རྒྱུན་མཐུད་པར་རོགས་འདེགས་བྱེད་ཀྱི་ཡོད། སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་གི་ཁ་བྱང་བཟོ་རྒྱུ་ཧ་ཅང་ལས་སླ་པོ་ཡོད་སྟབས། ཉིན་མ་རེ་རེར་སྤྱི་ཚོགས་འབྲེལ་མཐུད་ཀྱི་ཁ་བྱང་གསར་པ་ཧ་ཅང་མང་པོ་བཟོས་ཡོང་གི་ཡོད་ལ། དེ་དང་ལྷན་དུ། ཁ་བྱང་རྫུན་མ་མང་པོའི་གྲངས་ཀ་ཡང་མགྱོགས་མྱུར་ངང་ཡར་འཕར་ཡོང་གི་ཡོད། གནས་སྟངས་མང་པོ་ཞིག་གི་ཁྲོད་དུ། ཁ་བྱང་རྫུན་མ་དེ་དག་མི་སྒེར་དང་ཚོགས་པ་ཁག་ལ་གནོད་པ་སྐྱེལ་བའི་དམིགས་ཡུལ་བཟུང་སྟེ་བཟོས་ཡོད། ཁ་བྱང་རྫུན་མ་དེ་དག་བཀོལ་སྤྱོད་བྱེད་མཁན་ཚོས་སོ་སོའི་ངོ་བོ་སྦ་གསང་བྱས་པའི་ཐོག་ནས་གནོད་འཚེ་ཕོག་ཡུལ་གྱི་གང་ཟག་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད། སྟབས་མ་ལེགས་པ་ཞིག་ལ། མི་ངན་པ་ཁ་ཤས་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་རྫུན་མ་བཟོས་རྗེས། སྡིངས་ཆ་དེ་བརྒྱུད་ནས་མི་སྒེར་དང་སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་པ་ཆེ་བའི་གནས་ཚུལ་ནོར་བ་དང་རྫུན་མ་གང་མང་ཁྱབ་སྤེལ་བཏང་སྟེ། རང་རེའི་སྤྱི་ཚོགས་ལ་དཀའ་ངལ་དང་ཟིང་ཆ་བཟོ་ཡི་ཡོད། དེའི་ཁོངས་སུ། དམར་གསོད་ཀྱི་འཇིགས་སྐུལ་དང་། འཁོན་འཛིན་གྱི་གཏམ་བརྗོད། ལྐོག་ཤོམ་སྡིགས་སྐུལ། མི་སྒེར་གྱི་ཡིག་ཟམ་ནང་སྦྲག་སྙིགས་བསྐུར་བ། མི་གལ་ཆེན་ཁག་ལ་བརྫུ་བ། གནོད་ཚབས་ཆེ་བའི་ཡིག་ཆའི་ནང་དོན་ཁྱབ་སྤེལ་གཏོང་བ་སོགས་ཚུད་ཡོད། 

ཕྱི་ལོ་༢༠༡༨་ནས་བཟུང་། བོད་མིའི་སྒྲིག་འཛུགས་ཀྱིས་ལོ་རེར་བོད་དོན་དང་འབྲེལ་བའི་གླེང་སྟེགས་ཤིག་སིད་སི་གྲོང་ཁྱེར་ཇི་ནེ་ཝ་རུ་བཀོད་སྒྲིག་བྱེད་ཀྱི་ཡོད། ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་སྡིངས་ཆ་དེའི་ཐོག་ཏུ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ལས་འགུལ་བ། རྒྱལ་འབྲེལ་སྐུ་ཚབ། གཙུག་ལག་མཁས་པ། ཆབ་སྲིད་པ་སོགས་མཉམ་འཛོམས་བྱས་ཏེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་སྐོར་ལ་གླེང་སློང་དང་སྐྱོན་འཛུགས་བྱེད་ཀྱི་ཡོད། འོན་ཀྱང་། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས། ཕྱི་ལོ་༢༠༢༠་ལོའི་ཇི་ནེ་ཝ་གླེང་སྟེགས་དེ་ངོ་དེབ་བརྒྱུད་ནས་དྲ་ལམ་དུ་འཚོགས་ཡོད། ད་ལོའི་གླེང་སྟེགས་ཀྱི་སྐབས་དོན་བརྗོད་གཞི་ལྟེ་བ་དེ་རྒྱ་ནག་གི་ཆོས་ལུགས་རང་དབང་གི་སྲིད་ཇུས་དང་དེས་འཛམ་གླིང་ཁྱོན་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་གྱི་སྐོར་རེད། གླེང་སྟེགས་ཀྱི་ལེ་ཚན་དེའི་ནང་དུ། རྒྱ་ནག་གི་གུ་ཡངས་མེད་པའི་ཆོས་ལུགས་ཀྱི་སྲིད་ཇུས་ལ་བརྟེན་ནས། བོད་ཀྱི་ནང་པ་དང་། ཡུ་གུར་ཁ་ཆེ་བ། ཡེ་ཤུ་བ། ཧྥ་ལུན་ཀོང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་སོགས་ལ་ཁྲིམས་ཐོག་གི་ཉེས་ཆད་ཕོག་གི་ཡོད་པའི་སྐོར་ལ་གླེང་སློང་བྱས་ཡོད། ཕྱི་ལོ་༢༠༢༠་ལོའི་ཟླ་༡༡་པའི་ཚེས་༩་ནས་༡༣་བར་གྱི་ཉིན་ལྔ་འི་རིང་གི་ངོ་དེབ་ཀྱི་དྲ་ལམ་ཐད་གཏོང་ལེ་ཚན་ཁག་ལ་འཁོན་འཛིན་གྱི་མཆན་༥༠༠༠༠ལྷག་རྒྱག་མཁན་བྱུང་ཡོད། བགྲོ་གླེང་ལེ་ཚན་གྱི་མགོ་མཇུག་བར་གསུམ་ཚང་མར། དྲ་འབུ་ཚོས་གླེང་སྟེགས་དེ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཏུ་གོ་བསྡུར་བྱེད་མཁན། དེ་བཞིན་དྲ་ཐོག་ཏུ་མཉམ་ཞུགས་བྱེད་མཁན་སོགས་ལ་རྒོལ་བའི་འཁོན་འཛིན་རང་བཞིན་གྱི་མཆན་སྣ་ཚོགས་སྤེལ་ཡོད། འཁོན་འཛིན་རང་བཞིན་གྱི་མཆན་དེ་དག་གནས་ཚུལ་རྫུན་མ་དང་ནོར་བའི་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད། གང་ཡིན་ཞེ་ན། མཆན་དེ་དག་གིས་ཐད་གཏོང་ལེ་ཚན་ལ་གཟིགས་མཁན་གྱི་ལྟད་མོ་བ་དང་མི་གསར་པ་ཚོར་དམིགས་ཏེ། བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་བཏང་ཡོད། ཇི་ནེ་ཝ་གླེང་སྟེགས་ཀྱི་ཐོག་ཏུ་ཞིབ་ཏུ་གཟིགས་ན། ལེ་ཚན་རེ་རེའི་ཐད་གཏོང་ལ་ལྟ་མཁན་མི་བརྒྱ་ཙམ་བྱུང་ཡོད་རུང་། ཉིན་རེར་ཐད་གཏོང་ལ་མཆན་༣༠༠༠་ལྷག་བྱུང་ཡོད། དེའི་རྐྱེན་གྱིས། མཆན་རྒྱག་མཁན་དེ་ཚོའི་གྲས་ཀྱི་མི་མང་པོ་རྫུན་མ་ལྟ་བུར་སྣང་བས། ང་ཚོས་མི་དེ་དག་གི་ངོ་དེབ་ཁ་བྱང་ལ་ལྟ་དུས། པར་མགོ་ཞིག་མ་གཏོགས། མི་དེ་ཚོར་གྲོགས་པོ་དང་པར་གཞན་པ་གང་ཡང་མེད་པ་ཧ་གོ་ཡོད། དེ་མ་ཟད། མཆན་དེ་དག་ངོ་དེབ་ཁ་བྱང་མ་འདྲ་བ་མང་པོ་བརྒྱུད་ནས་བཀོད་ཡོད་རུང་། མཆན་དེ་དག་ཁྲོད་ཀྱི་མང་པོ་ཞིག་ཧ་ཅང་འདྲ་བོ་ཡོད་མ་ཟད། ཁ་ཤས་གཅིག་མཚུངས་ཡིན་པ་ར་སྤྲོད་བྱུང་བས། དེ་ནི་རུ་ཁག་ཅིག་གིས་བརྩམས་པའི་མཉམ་འབྲེལ་རང་བཞིན་གྱི་ལས་འགུལ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། མཆན་དེ་དག་གི་ཚིག་གྲུབ་སྦྱོར་སྟངས་ལ་དཔྱད་ཞིབ་བྱེད་དུས། རྒྱ་ནག་གི་དྲ་དམག་གི་ཁྲོད་དུ་རྒྱ་མི་དང་བོད་ནང་གི་བོད་མི་གཉིས་ཀ་གླས་ཡོད་པར་ཚོད་དཔག་བྱེད་ཐུབ་ཅེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་ཕ་ཡུལ་གསར་ཁང་ལ་བརྗོད་ཡོད། 

པར་རིས་དང་པོ། ངོ་དེབ་ཁ་བྱང་གཅིག་གིས་སྐད་ཡིག་མི་འདྲ་བ་གསུམ་གྱི་ནང་དུ་བརྗོད་དོན་མི་འདྲ་བ་གསུམ་གྱི་སྒང་དུ་མཆན་བཀོད་ཡོད། 

པར་རིས་གཉིས་པ། ཉིན་ལྔའི་རིང་གི་དྲ་ཐོག་གི་ལེ་ཚན་ཁག་ལ་མཆན་འགོད་མཁན་ཕོན་ཆེན་པོ་བྱུང་བའི་དཔེ་མཚོན་གཉིས།

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྡིངས་ཆ་སོ་སོའི་འཁོན་འཛིན་གྱི་གཏམ་བརྗོད་ངོས་འཛིན་བྱེད་ཕྱོགས་དང་གོ་བ་ལེན་སྟངས་མི་འདྲ། ངོ་དེབ་ཀྱི་སྡིངས་ཆའི་ནང་དུ། རིགས་རུས་དང་། མི་རིགས། རྒྱལ་ཁབ། མཚན་རྟགས། ཕོ་མོའི་དབྱེ་བ། མཁྲིག་སྦྱོར་མོས་ཕྱོགས། དབང་པོ་སྐྱོན་ཅན། ན་ཚ་བྱེ་བྲག་ཅིག་ལ་རྒོལ་བའི་ནང་དོན་སོགས་སྤེལ་མི་ཆོག་པ་གསལ་ཡོད། ཡིན་ནའང་། ངོ་དེབ་བཟོ་ཚོང་ཁང་གིས། ང་ཚོས་མི་གཞན་ལ་འཇིགས་སྐུལ་དང་རྒོལ་འཛིང་བྱས་པར་ངོས་འཛིན་བྱེད་སྲིད་པའི་དགོད་བྲོ་ཞིང་ཟུར་ཟའི་ནང་དོན་རིགས་བཀག་འགོག་མི་བྱེད་ཟེར་བའི་གསལ་བཤད་གལ་ཆེན་ཞིག་ཀྱང་ཁ་སྣོན་བྱས་ཡོད་ལ། དེའི་ཁོངས་སུ་མི་མང་པོ་ཞིག་གིས་ཡག་པོ་མཐོང་གི་མེད་པའི་ཆ་འཕྲིན་གྱི་ནང་དོན་ཀྱང་ཚུད་ཡོད། ཕྱི་ལོ་༢༠༡༨་ལོའི་ཟླ་༡༠་ནས་༢༠༡༩་ལོའི་ཟླ་༣་བར། ངོ་དེབ་བཟོ་ཚོང་ཁང་གིས་སོ་སོའི་སྡིངས་ཆའི་སྒང་ནས་ངོ་དེབ་ཁ་བྱང་དུང་ཕྱུར་༣༣་དང་གྲངས་ཆུང་༩་ཙམ་མེད་པར་བཟོས་ཡོད་ཚུལ་གྱི་གནས་ཚུལ་བཀོད་ཡོད། ངོ་དེབ་ཁ་བྱང་རྫུན་མ་ཁག མིས་བཟོས་རིག་སྟོབས་དང་མི་དངོས་ཀྱིས་དོ་དམ་གཉིས་ཀ་བརྒྱུད་ནས་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁ་བྱང་རྫུན་མ་དེ་དག་མང་ཆེ་བ་ཞིག་བཟོས་ཚར་བའི་རྗེས་ཀྱི་སྐར་མ་ཁ་ཤས་ཀྱི་ནང་དུ་བཀག་འགོག་བྱེད་ཀྱི་ཡོད། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་མང་པོ་ཞིག་གིས་འཁོན་འཛིན་གྱི་གཏམ་བརྗོད་དང་དོགས་གཞི་ཅན་གྱི་ཁ་བྱང་མང་པོ་ཞིག་མེད་པར་བཟོ་བའི་འབད་རྩོལ་བྱེད་ཀྱི་ཡོད་རུང་། ཁོང་ཚོས་ཆ་ཚང་མེད་པར་བཟོ་ཐུབ་ཀྱི་མེད་པ་དེ། ང་ཚོས་ཕྱི་ལོ་༢༠༢༠་ལོའི་ཇི་ནེ་ཝ་གླེང་སྟེགས་ཀྱི་ཐད་གཏོང་ལེ་ཚན་གྱི་འོག་ཏུ་བཀོད་པའི་མཆན་དེ་དག་བརྒྱུད་ནས་གསལ་པོ་མཐོང་ཐུབ་ཀྱི་ཡོད། 

སྤྱི་ཚོགས་འབྲེལ་མཐུད་ཀྱི་སྡིངས་ཆ་ཁག་ལ་གནས་ཚུལ་རྫུན་མ་དང་འཁོན་འཛིན་གྱི་གཏམ་བརྗོད་ཁག་ཁྱོན་ཡོངས་ནས་སྟངས་འཛིན་དང་བཀག་འགོག་བྱེད་པའི་ནུས་པ་མེད་རུང་། ཁ་བྱང་རྫུན་མ་ཡིན་མིན་ངོས་འཛིན་བྱེད་སྟངས་དང་། དེ་དག་ངོ་དེབ་བཟོ་ཚོང་ཁང་སོགས་ལ་ཡར་ཞུ་བྱེད་སྟངས་ཀྱི་གོ་རིམ་ཁག་ཅིག་ཡོད། 

  • སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་རྫུན་མ་ཡིན་མིན་ཇི་ལྟར་ངོས་འཛིན་བྱེད་དགོས།
    • མགོ་པར་མེད་པའམ། ཡང་ན། པར་གཅིག་གཉིས་ལས་མེད་པ་གང་ཞིག་ལ། ཁ་བྱང་བཟོས་ནས་ལོ་གཉིས་གསུམ་ཙམ་མ་གཏོགས་འགོར་མེད་པ། དེ་བཞིན་མི་སྐད་གྲགས་ཅན་གྱི་མགོ་པར་སྤྱད་ཡོད་པ།
    • སྤྱིར་བཏང་ངམ་མི་ཚང་མས་ཧ་གོ་བའི་སློབ་གྲྭ་དང་ལས་གནས། དཔེར་ན། བྷི་རོང་སི་ཚན་རིག་སློབ་འབྲིང་ནས་སློབ་མཐར་ཕྱིན་པའམ། ཧ་བར་ཌི་གཙུག་ལག་སློབ་ཆེན་ནས་མཐར་ཕྱིན་པ། CNN གསར་ཁང་དུ་ལས་ཀ་བྱས་པ་ལྟ་བུ་བཀོད་ཡོད་པ།
    • ངོ་དེབ་ཀྱི་བདག་པོ་པཱ་ཀི་སི་ཐན་ནས་ཡིན་པ་གང་ཞིག་ལ། ཁོའི་གྲོགས་པོ་ཚང་མ་སོ་སོའི་ས་གནས་ཀྱི་མི་མ་ཡིན་པར། ཨ་རི་ལྟ་བུའི་ཕྱི་རྒྱལ་གྱི་ལུང་པ་ནས་ཡིན་པ། 
    • ངོ་དེབ་ཁ་བྱང་དེའི་ནང་སྤེལ་བའི་བརྗོད་དོན་ལ་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་ན། དེ་ཡང་ཁ་བྱང་རྫུན་མའི་མཚན་རྟགས་ཤིག་ཡིན།
    • ཁ་བྱང་དེས་མི་གཞན་ལ་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་མེད་པ། དཔེར་ན། དགའ་རྟགས་དང་མཆན་མེད་པ། 
    • ཁ་བྱང་གི་དྲ་གནས་ཀྱི་URL དང་སྒེར་གྱི་ཡིག་ཆའི་མིང་ལོགས་ཀ་ཡིན་པ།
  • ཁྱེད་རང་དྲ་ཐོག་ནས་ཁ་བྱང་རྫུན་མ་དེ་འདྲར་འཕྲད་པའི་སྐབས་སུ། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་བཟོ་ཚོང་ཁང་དེས་མཁོ་སྤྲོད་བྱས་པའི་ལམ་སྟོན་ཁག་གཞིར་བཞག་སྟེ། ཁ་བྱང་རྫུན་མ་དེ་བཟོ་ཚོང་ཁང་དེའི་འབྲེལ་ཡོད་སྡེ་ཚན་ལ་ཡར་ཞུ་བྱེད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། དེ་མ་ཟད། ཁ་བྱང་རྫུན་མ་དེ་པར་རྒྱག་པའམ་པར་འདེབས་བྱས་ཏེ་ཉར་ཚགས་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་གིས་ཁྱེད་ལ་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་རེ་སྐུལ་ཞུས་ཚེ། དེ་སྔོན་ཉར་ཚགས་བྱས་པའི་པར་དེ་མཁོ་སྤྲོད་བྱེད་དགོས། ད་དུང་། ཁྱེད་ཀྱིས་ངོ་དེབ་སྒང་དུ་ཁ་བྱང་རྫུན་མ་ཡར་ཞུ་བྱེད་ཕྱོགས་ཀྱི་ལམ་སྟོན་འཁོད་ཡོད་པའི་ང་ཚོའི་དྲ་ངོས་https://learn.tibcert.org/knowledge-base/how-to-report-content-or-fake-profile-in-facebook/ འདི་ལ་གཟིགས་ཆོག་ལ། ང་ཚོའི་འཕྲུལ་རིག་ཚན་པར་support@tibcert.org འབྲེལ་བ་བྱས་ཏེ་དགོས་ངེས་ཀྱི་རོགས་པ་བཙལ་ཆོག

༣.༢ ང་ཚོའི་སྤྱི་ཚོགས་ཀྱི་སྒང་དུ་བརྩམས་པའི་དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ།

འདི་ལོའི་སྟོན་དུས་སུ། ང་ཚོས་དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་ཧ་ཅང་མང་པོ་ཞིག་བྱུང་བ་དོ་སྣང་བྱུང་ཡོད་ལ། ད་ལོའི་སྟོན་ཀ་གཅིག་པུར་འཛམ་གླིང་ཁྱོན་ཡོངས་སུ་དེ་འདྲའི་འཇབ་རྒོལ་གྱི་གྲངས་ས་ཡ་༡༩༩་དང་གྲངས་ཆུང་༧་བྱུང་ཡོད། དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་ནི། མཉེན་འབུའི་རིགས་ཤིག་ཡིན་ལ། དེས་གནོད་འཚེ་གཏང་ཡུལ་གྱི་མི་སྒེར་གྱི་ཡིག་ཆ་དང་སྐུལ་ཆས་སོགས་ལ་གསང་སྡོམ་བྱས་ཏེ། དེ་དག་གི་ནང་དོན་ཁག་དོ་བདག་རང་ཉིད་ཀྱིས་ཀྱང་ལྟ་ཀློག་བྱེད་མ་ཐུབ་པ་བཟོ་ཡི་ཡོད། དེ་ནས་འཇབ་རྒོལ་པའམ་དྲ་ཇག་གིས། གནོད་འཚེ་ཕོག་ཡུལ་གྱི་མི་དེས་ཁོ་ལ་བླུ་ཡོན་སྤྲད་ན། ད་གཟོད་མི་དེའི་ཡིག་ཆ་ཕྱིར་རྩིས་སྤྲོད་བྱེད་རྒྱུ་ཡིན་ཚུལ་བརྗོད་ཀྱི་ཡོད། གལ་ཏེ་ཁྱེད་ལ་ཡོངས་ཁྱབ་ཀྱི་སྤྱི་ཚོགས་འབྲེལ་མཐུད་ཀྱི་ཁ་བྱང་དང་། དྲ་ཚིགས། སྒེར་གྱི་རྩིས་འཕྲུལ། ཡིག་ཚང་ནང་གི་རྩིས་འཕྲུལ་སོགས་ཡོད་ཚེ། ཁྱེད་རང་ཡང་དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་གྱི་དམིགས་འབེན་ཞིག་ཏུ་འགྱུར་ངེས། 

མི་ཕལ་ཆེ་བར་དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་ཇི་ལྟར་འབྱུང་གི་ཡོད་མེད་སྐོར་ལ་སྔར་ཡོད་ཀྱི་ཤེས་བྱ་མེད་ཀྱང་། ཆེས་རྒྱུན་ལྡན་གྱི་འཇབ་རྒོལ་ཁག་ཡིག་ཟམ་ནང་དུ་བཏང་བའི་གནོད་ཚབས་ཆེ་བའི་འབྲེལ་ཐག་དང་། ཟུར་སྣོན། དེ་བཞིན་ཕར་བལྟས་ཚོད་ཀྱིས་ཡིད་རྟོན་རུང་བའི་རྒྱུ་ཆ་དང་འདྲ་བའི་ཡིག་ཆ་རྫུན་མའི་རིགས་བརྒྱུད་ནས་རྩོམ་གྱི་ཡོད་པ་ཧ་གོ་བར་བྱེད་རྒྱུ་གལ་ཆེ། ཁྱེད་ཀྱིས་ཟུར་སྣོན་ཞིག་ཕབ་ལེན་བྱས་པའམ། ཡང་ན་ཡིག་ཆ་དེ་འདྲ་ཁ་ཕྱེ་ཚར་བ་ཡིན་ན། དེས་ཁྱེད་ཀྱི་ཡོ་ཆས་ལ་སྟངས་འཛིན་བྱས་པའི་ཐོག་ནས། དྲ་ཐོག་གི་འཇབ་རྒོལ་པར་ཁྱེད་ཀྱི་ཡོ་ཆས་ཀྱི་སྒྲིག་བཟོ་ཁག་ལ་འགྱུར་བ་གཏང་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད། གནས་སྟངས་དེའི་ཁྲོད་དུ། ཁྱེད་ཀྱི་ཡོ་ཆས་ནང་གི་ཡིག་སྒམ་དང་སྐུལ་ཆས་སོགས་གསང་སྡོམ་བྱེད་ཀྱི་ཡོད། དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་གྱི་ཉེན་ཁ་ཞི་འཇམ་དུ་གཏོང་བའི་ཐབས་ལམ་ཡག་ཤོས་དེ་ནི། ཁྱེད་རང་གི་གཞི་གྲངས་ཁག་གྲབས་ཉར་བྱེད་རྒྱུ་དེ་རེད། གང་ཡིན་ཞེ་ན། དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་ཁྲོད་དུ། ཁྱེད་ཀྱིས་འཇབ་རྒོལ་པར་བླུ་ཡོན་ཕུལ་རུང་། སོ་སོའི་ཡིག་ཆ་བསྐྱར་གསོ་བྱེད་ཐུབ་མིན་ཁག་ཐེག་བྱེད་དཀའ། ང་ཚོས་ཁྱེད་ལ་སོ་སོས་གྲབས་ཉར་བྱས་ཡོད་པའི་གཞི་གྲངས་ཁག་བསྐྱར་དུ་གནས་གཞན་པ་ཞིག་ཏུ་གྲབས་ཉར་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད། གང་ཡིན་ཞེ་ན། གྲབས་ཉར་བྱས་ཡོད་པའི་གཞི་གྲངས་དེ་བརླག་པའམ་སྐྱོན་ཤོར་བ་ཡིན་ན། གནས་གཞན་པ་ཞིག་ཏུ་བསྐྱར་དུ་ཉར་ཚགས་བྱས་ཡོད་པའི་ཡིག་ཆ་དེས་ཁྱེད་ལ་ཕན་ཐོགས་ཐུབ།

མི་རིང་བའི་སྔོན་དུ། བོད་པའི་སྤྱི་ཚོགས་ཁྲོད་དུ་དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་གྱི་དོན་རྐྱེན་ཁ་ཤས་བྱུང་ཡོད། དེ་དག་ཁྲོད་ཀྱི་དཔེ་མཚོན་ཞིག་ནི། དྲ་བའི་ཞབས་ཞུ་ཆས་ཆ་ཚང་དྲ་ཐོག་གི་འཇབ་རྒོལ་པས་གསང་སྡོམ་བྱས་ཡོད་པ་དང་། དེ་ནས་འཇབ་རྒོལ་པས་གསང་སྡོམ་བྱས་པའི་དྲ་བའི་ཞབས་ཞུ་ཆས་གསང་གྲོལ་བྱེད་པར་བླུ་ཡོན་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད། དཔེ་མཚོན་གཞན་ཞིག་ནི། རྩིས་འཕྲུལ་ཞིག་གི་ནང་གི་ཡིག་ཆ་ཁག་ཅིག་གསང་སྡོམ་བྱས་ཡོད་པ་དེའང་གཏོར་བརླག་རང་བཞིན་ཅན་ཞིག་ཆགས་ཡོད། གོང་དུ་བརྗོད་པའི་འཇབ་རྒོལ་ཁག་གཉིས་ཁྲོད་ཀྱི་དཔེ་མཚོན་རྗེས་མ་དེའི་ནང་བཀོལ་སྤྱོད་བྱས་པའི་གསང་སྡོམ་ནི་“.ogdo”ཡིན་ལ། དེ་Ogdo དངོས་རྫས་བཙན་ལེན་གྱི་དྲ་འབུའི་ཁོངས་སུ་གཏོགས་པ་ཡིན། Ogdo ནི། གནོད་ཚབས་ཆེ་བའི་མ་ལག་ཅིག་ཡིན་ལ། དེ་Djvuདངོས་རྫས་བཙན་ལེན་གྱི་དྲ་འབུའི་རུ་ཁག་གི་ཆ་ཤས་ཤིག་ཡིན། དྲ་འབུ་དེ་གཞི་གྲངས་གསང་སྡོམ་བྱས་ཏེ་བླུ་ཡོན་ལེན་པའི་ཆེད་དུ་དམིགས་བསལ་གྱི་ཐོག་ནས་འཆར་འགོད་བྱས་ཡོད། གཤམ་གྱི་པར་རིས་ནང་གསལ་ལྟར། དེ་ཡང་གསང་སྡོམ་གྱི་བརྒྱུད་རིམ་ཁྲོད་དུ། འཇབ་རྒོལ་ཐེབས་ཚར་བའི་ཡིག་ཆ་ཚང་མའི་རྒྱབ་ཏུ་“.ogdo”ཞིག་མཐུད་ཡོད།  དཔེར་ན། ཡིག་ཆ་ངོ་མའི་འགོ་བརྗོད་དེ་“2010-TCV teaching Buddhism 4\01\VIDEO_TS.BUP” ཡིན་པའི་དབང་དུ་བཏང་ན། གསང་སྡོམ་བྱས་ཚར་བའི་རྗེས་སུ། ཡིག་ཆའི་འགོ་བརྗོད་དེ་ “2010-TCV teaching Buddhism 4\01\VIDEO_TS.BUP.ogdo”ལ་འགྱུར་འགྲོ་ཡི་ཡོད། བརྒྱུད་རིམ་དེ་མཇུག་བསྒྲིལ་ཚར་ན། བླུ་ཡོན་སྤྲོད་དགོས་པའི་“readme.txt”འཕྲིན་ཐུང་ཞིག་བཟོས་ཏེ། དེ་དག་གནོད་སྐྱོན་ཐེབས་ཚར་བའི་ཡིག་སྒམ་ཁག་གི་ཁོངས་སུ་འཇུག་གི་ཡོད། བླུ་ཡོན་སྤྲོད་དགོས་པའི་“readme.txt”འཕྲིན་ཐུང་གི་ནང་དུ། གནོད་འཚེ་ཕོག་ཡུལ་གྱི་མི་དེའི་གཞི་གྲངས་ཁག་ཆེས་སྟོབས་ཤུགས་ཆེ་བའི་གསང་སྡོམ་དང་ཐུན་མིན་གྱི་ལྡེ་མིག་ཅིག་གིས་གསང་སྡོམ་བྱས་ཡོད་ཚུལ་བཀོད་ཡོད། འཕྲིན་ཐུང་དེའི་ནང་དུ་གནོད་འཚེ་ཕོག་པའི་མི་ཚོས་Ogdo་དངོས་རྫས་བཙན་ལེན་གྱི་དྲ་འབུའི་རྒྱབ་ཏུ་བསྐུངས་པའི་དྲ་ཐོག་གི་ཉེས་ཅན་པ་ཚོའི་ལག་ནས་གསང་གྲོལ་གྱི་ལྡེ་མིག་ཉོས་ཚེ། སོ་སོའི་ཡིག་ཆ་ཁག་སླར་གསོ་བྱེད་ཐུབ་པའི་ཁག་ཐེག་བྱས་ཡོད།

པར་རིས་གསུམ་པ། ཡིག་ཆ་ངོ་མའི་མིང་གི་རྒྱབ་ཏུ་གསང་སྡོམ་བྱས་པའི་“.ogdo” ཁ་སྣོན་བྱས་ཡོད་པའི་འཆར་ངོས་ཀྱི་པར། 

པར་རིས་བཞི་པ། “readme.txt”འཕྲིན་ཐུང་གིས་གསང་སྡོམ་བྱས་པའི་ཡིག་ཆ་ཁག་བསྐྱར་གསོ་བྱེད་པར་བླུ་ཡོན་སྤྲོད་དགོས་པའི་རེ་སྐུལ།

དངོས་རྫས་བཙན་ལེན་གྱི་དྲ་འབུའི་འཇབ་རྒོལ་ལ་གཡོལ་བྱེད་ཀྱི་སྔོན་འགོག་གི་ཐབས་ལམ་ཁག་ཅིག་ཡོད་དེ། དེ་དག་ནི།

  • མ་བསྣུན་གོང་ལ་བསམ་བློ་ཐོངས། ཡིག་ཟམ་གྱི་ཁོངས་སུ་འབྱོར་བའི་དོགས་གཞི་ཅན་དང་རྒྱུས་མེད་ཀྱི་འབྲེལ་ཐག་ཁག་གི་སྒང་དུ་མ་མནན་པའི་གོང་དུ་བསྐྱར་དུ་བསམ་བློ་གཏོང་དགོས།
  • ཟུར་སྣོན་རིགས་དང་ཁ་བྲལ། མཉེན་འབུའི་འཇབ་རྒོལ་ལ་གཡོལ་ཕྱིར། མི་གཞན་ལ་ཟུར་སྣོན་གཏོང་བ་དང་། ཡང་ན། གཞན་གྱིས་བཏང་བའི་ཟུར་སྣོན་རིགས་ཁ་མ་འབྱེད།
  • གཞི་གྲངས་གྲབས་ཉར་བྱོས། རང་ཉིད་ཀྱི་རྩིས་འཕྲུལ་དང་སྦྲེལ་མེད་པའི་སྲ་སྡེར་སྐུལ་ཆས་ཀྱི་ནང་དུ་སྒེར་གྱི་ཡིག་ཆ་ཁག་ལོགས་སུ་གྲབས་ཉར་བྱོས་དང་། ཁྱེད་ཀྱིས་འཇབ་རྒོལ་པར་བླུ་ཡོན་སྤྲོད་མི་དགོས། 
  • རྒྱུས་མེད་ཀྱི་དྲ་ངོས་གང་རུང་དུ་སྒེར་གྱི་གནས་ཚུལ་རྩ་བ་ནས་ཕྱིར་བསྒྲགས་བྱེད་མི་རུང་། ཁྱེད་ཀྱིས་ཡིག་ཟམ་ནང་དང་། རྒྱུས་མེད་ཀྱི་ཁ་པར། འཕྲིན་ཐུང་བཅས་ཀྱི་ལམ་ནས་མི་གཞན་ལ་ལན་འདེབས་བྱེད་པའི་སྐབས་སུ། སོ་སོའི་སྒེར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་མི་རུང་། ཉྭ་འཛིན་གྱི་འཇབ་རྒོལ་རྩོམ་མཁན་གྱི་དྲ་ཇག་ཚོས་བློ་གཏད་བཅོལ་ཆོག་པའི་ཞབས་ཞུ་མཁོ་སྤྲོད་མཁན་ལ་བརྫུས་ཏེ། ལས་མི་ཚོར་མཉེན་འབུ་ནང་འཇུག་བྱེད་དུ་འཇུག་པའམ། ཡང་ན། གསང་བའི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད།
  • སྒུག་ནས་མ་སྡོད། གསར་སྣོན་བྱོས། ཁྱེད་ཀྱི་ཡོ་ཆས་སྟེང་གི་མ་ལག་དང་མཉེན་ཆས་ཁག་དུས་ཐོག་ཏུ་གསར་སྣོན་བྱས་ཡོད་པའི་ཁག་ཐེག་བྱེད་དགོས། ནམ་རྒྱུན་མི་གཞན་གྱི་སྟངས་འཛིན་འོག་ཤོར་ཚར་བའི་དྲ་ཚིགས་བེད་སྤྱད་དེ་མཉེན་འབུ་ཁྱབ་སྤེལ་གཏོང་གི་ཡོད་པས། གནོད་འཚེ་ཐེབས་རུང་བའི་མཉེན་ཆས་ཁག་གསར་སྣོན་བྱས་ན། སིམ་འཛུལ་གྱི་འཇབ་རྒོལ་བཀག་འགོག་བྱེད་ཐུབ། 
  • བླུ་ཡོན་མ་སྤྲོད། བླུ་ཡོན་སྤྲད་པ་ཡིན་ན། དེས་འཇབ་རྒོལ་པར་མ་རྩ་འཛུགས་ཀྱི་ཡོད་པ་མ་ཟད། ཁོང་གི་བྱེད་ལས་ལ་སྐུལ་འདེད་བྱེད་ཀྱི་ཡོད། ཁྱེད་ཀྱིས་བླུ་ཡོན་སྤྲད་ཚར་ནའང་། སོ་སོའི་ཡིག་ཆ་ཁག་ཕྱིར་ལག་སོན་བྱུང་ཐུབ་མིན་ཁ་ཚོན་གཅོད་མི་ཐུབ། 

གཞི་གྲངས་གྲབས་ཉར་གྱི་གལ་ཆེའི་རང་བཞིན་དང་། གཞི་གྲངས་གྲབས་ཉར་གྱི་ལག་ལེན་ཡག་ཤོས་ཁག་གི་སྐོར་ལ་ཧ་གོ་འདོད་ན། ང་ཚོའི་དྲ་ངོས་འདི་ལ་https://learn.tibcert.org/knowledge-base/importance-of-data-backup-and-recovery/ ཁུངས་གཏུགས་རོགས།

༣.༣  ང་ཚོའི་སྤྱི་ཚོགས་ཀྱི་ཁྲོད་དུ་འབྱོར་བའི་གནོད་ཚབས་ཆེ་བའི་ཡིག་ཟམ་གྱི་གྲངས་ཀ་ཡར་འཕར་བ། (ཡིག་ཟམ་བརྒྱུད་ནས་བརྩམས་པའི་དམིགས་གཏད་རང་བཞིན་གྱི་འཇབ་རྒོལ།)

འདས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ། ང་ཚོའི་སྤྱི་ཚོགས་ཁྲོད་རྒྱ་ནག་སྲིད་གཞུང་གིས་བཏང་བའི་སྤྱི་ཚོགས་བཟོ་སྐྲུན་གྱི་ཡིག་ཟམ་མང་པོ་འབྱོར་གྱི་ཡོད་ཀྱང་། ཉེ་བའི་ལོ་ཁ་ཤས་ཀྱི་ནང་དུ། ང་ཚོས་ཡིག་ཟམ་ནང་གི་འཇབ་རྒོལ་གྱི་གྲངས་ཀ་ཉུང་དུ་ཕྱིན་ཡོད་པ་དོ་སྣང་བྱུང་ཡོད། ཡིན་ནའང་། རྒྱ་གར་གཞུང་གིས་རྒྱ་ནག་གི་བཀོལ་ཆས་ཁག་བཀག་སྡོམ་བྱེད་འགོ་བཙུགས་པ་ནས་བཟུང་། ཡིག་ཟམ་ནང་གི་འཇབ་རྒོལ་གྱི་གྲངས་ཀ་བསྐྱར་དུ་ཡར་འཕར་ཡོད། དཔེར་ན། ང་ཚོས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཚོར་འབྱོར་བའི་གནོད་ཚབས་ཅན་གྱི་ཡིག་ཟམ་ཁག་ཆ་འདྲ་བོ་ཡོད་པ་དོ་སྣང་བྱུང་ཡོད། རྒྱ་ནག་གི་བཀོལ་ཆས་ཁག་བཀོལ་སྤྱོད་བྱེད་མཁན་གྱི་བོད་མིའི་གྲངས་འབོར་གློ་བུར་དུ་ཉུང་དུ་ཕྱིན་ཡོད་པར་བརྟེན། ང་ཚོས་རྒྱ་ནག་གི་བཀོལ་ཆས་ཁག་བརྒྱུད་ནས་འཇབ་རྒོལ་བྱེད་པའི་ལམ་ཁ་ཉུང་དུ་ཕྱིན་པ་དང་ཡིག་ཟམ་ནང་གི་འཇབ་རྒོལ་གྱི་གྲངས་ཀ་ཡར་འཕར་བ་གཉིས་ཀའི་བར་དུ་ལྟོས་བཅས་ཀྱི་འབྲེལ་བ་ཞིག་ཡོད་པ་ཚོད་དཔག་བྱེད་ཐུབ། 

ཕྱི་ལོ་༢༠༡༩་ལོའི་ཟླ་༡༠་ནང་དུ། ང་ཚོས་བོད་པའི་སྤྱི་ཚོགས་ལ་དམིགས་པའི་ཡིག་ཟམ་ནང་གི་འཇབ་རྒོལ་ཁག་ཅིག་གསར་རྙེད་བྱུང་ཡོད། དེ་དག་གི་ཁྲོད་ཀྱི་དཔེ་མཚོན་གཅིག་གི་ནང་དུ། ཡིག་ཟམ་བརྒྱུད་ནས་ཡི་གེ་གཏོང་མཁན་དེ་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ལ་བརྫུས་ཡོད། འདི་ནི་ཡིག་ཟམ་བརྒྱུད་དེ་མི་གཞན་པ་མགོ་སྐོར་གཏོང་བའི་དཔེ་མཚོན་ཞིག་ཡིན་ལ། འཇབ་རྒོལ་དེའི་ཁྲོད་དུ། འཇབ་རྒོལ་པས་ཡིག་ཟམ་གྱི་འགོ་བརྗོད་རྫུན་སྒྲིག་བྱས་ཏེ། གཏང་ཡུལ་གྱི་གང་ཟག་དེར་ཡི་གེ་དེ་ཁུངས་ལྡན་ཡིན་པར་ཡིད་ཆེས་བྱེད་དུ་འཇུག་གི་ཡོད། དཔེ་མཚོན་འདིའི་ཁྲོད་དུ། ཡིག་ཟམ་གྱི་ཁོངས་སུ་གྷོ་གྷིལ་སྐུལ་ཆས་ཀྱི་འབྲེལ་ཐག་ཅིག་ཡོད་ལ། དེའི་སྒང་དུ་མནན་ཚེ། .exe ཡིག་ཆ་ཞིག་ཕབ་ལེན་བྱེད་ཀྱི་ཡོད་པ་དང་། དེ་ནས་གཏང་ཡུལ་གྱི་ཡོ་ཆས་ནང་དུ་མཉེན་འབུ་དེ་ནང་འཇུག་བྱེད་ཀྱི་ཡོད། 

པར་རིས་ལྔ་པ། ཡིག་ཟམ་གྱི་འགོ་བརྗོད་ལྟར་ན། ཡིག་ཟམ་གཏོང་མཁན་ནི་md-in-68.webhostbox.net ཡིན། 

པར་རིས་དྲུག་པ། འཇབ་རྒོལ་པས་བཏང་བའི་ཡིག་ཟམ་རྫུན་མའི་ཁོངས་སུ་གྷོ་གྷོལ་སྐུལ་ཆས་ཀྱི་འབྲེལ་ཐག་ཅིག་ཡོད། 

གྷོ་གྷིལ་སྐུལ་ཆས་ཀྱི་འབྲེལ་ཐག་བཅུག་པའི་ཡིག་ཟམ་དེ་འདྲ་ཞིག་གོང་གི་ཡིག་ཟམ་ཁ་བྱང་དེ་རང་བརྒྱུད་དེ་མི་གཞན་པ་ལའང་བཏང་ཡོད། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དྲ་ཐོག་གི་ཉེན་ཁའི་སྐོར་གྱི་ཤེས་བྱའི་གནས་ཚད་གོང་མཐོར་ཕྱིན་ཡོད་པར་བརྟེན། འཇབ་རྒོལ་པས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྒྱུས་མེད་ཀྱི་འབྲེལ་ཐག་དང་ཟུར་སྣོན་རིགས་དོན་མེད་དུ་ཁ་འབྱེད་ཀྱི་མེད་པ་ཧ་གོ་ཡོད། དེར་བརྟེན། འབྲེལ་ཐག་གཏོང་བའི་ཚབ་ཏུ། གྷོ་གྷིལ་སྐུལ་ཆས་བརྒྱུད་དེ་མཉེན་འབུ་བཏང་ཡོད། གང་ཡིན་ཞེ་ན། མི་མང་པོ་ཞིག་གིས་གྷི་གྷིལ་གྱིས་མཉེན་འབུའི་རིགས་རང་འགུལ་གྱི་ཐོག་ནས་ངོས་འཛིན་བྱས་མ་ཐག་དེ་དག་མེད་པར་བཟོ་ཡི་ཡོད་སྟབས། འཇབ་རྒོལ་གྱི་ཉེན་ཁ་ཆུང་བ་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་། ངན་ལྷད་ཅན་གྱི་གྷོ་གྷིལ་སྐུལ་ཆས་ཀྱི་ཡིག་ཆ་དེར་འཚེར་བརྒྱབ་སྟེ་གསང་ཚིག་གིས་སྲུང་སྐྱོབ་བྱས་ཡོད་སྟབས། དེའི་ཁོངས་སུ་མཉེན་འབུ་ཡོད་མེད་ཞིབ་བཤེར་བྱེད་མི་ཐུབ་པས། འཇབ་རྒོལ་པས་གནས་སྟངས་དེ་གོ་སྐབས་སུ་བཟུང་སྟེ། གྷོ་གྷིལ་སྐུལ་ཆས་ཀྱི་ནང་དུ་MESSAGEMANIFOLD མཉེན་འབུ་ཡོད་པའི་འཚེར་བརྒྱབ་པའི་ཡིག་ཆ་ཞིག་བཏང་ཡོད། འདི་ནི་བོད་པའི་སྤྱི་ཚོགས་ལ་དམིགས་པའི་ཉྭ་འཛིན་འཇབ་རྒོལ་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་ལ། འཇབ་རྒོལ་གྱི་ལས་འགུལ་འདི་དེ་སྔོན་ཐེ་ཝན་ཁྲིམས་བཟོ་ལྷན་ཁང་གི་ཐོག་ཏུའང་བརྩམས་ཡོད། dalailama-Invitation.exe ལག་བསྟར་བྱེད་ཆོག་པའི་ཡིག་ཆ་དེ་གྷོ་གྷིལ་སྐུལ་ཆས་ཀྱི་འབྲེལ་ཐག་གི་ནང་དུ་ཡོད་པ་དང་། འབྲེལ་ཐག་དེའི་སྒང་དུ་མནན་པ་ཡིན་ན། སྒེའུ་ཁུང་ནོར་བའི་བརྡ་ལན་ཞིག་འཆར་ངོས་ལ་མངོན་གྱི་ཡོད་པ་དང་། དེ་ནས་.exe ཡིག་ཆ་ཞིག་རང་འགུལ་གྱི་ཐོག་ནས་ནད་འབུ་འགོས་པའི་ཡོ་ཆས་ཀྱི་ཡིག་སྒམ་“C:\users\public” ནང་དུ་ཕབ་ལེན་བྱེད་ཀྱི་ཡོད། 

པར་རིས་བདུན་པ། དྲ་ཚིགས་འདི་jetmore.org བཀོལ་སྤྱོད་བྱས་པའི་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་གི་ཡིག་ཟམ་ཁ་བྱང་རྫུན་མ། 

ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་པའི་ཚེས་༡༩་ཉིན། ༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ལ་བརྫུས་པའི་ཡིག་ཟམ་ནང་གི་འཇབ་རྒོལ་གྱི་དོན་རྐྱེན་ཞིག་བྱུང་ཡོད། ཡིག་ཟམ་དེའི་ནང་དུ་.pdf  ཟུར་སྣོན་ཞིག་དང་སྦྲེལ་བའི་འབྲེལ་ཐག་ཅིག་ཡོད། ཡིག་ཟམ་གཏོང་མཁན་གྱི་མི་དེའི་ཡིག་ཟམ་ཁ་བྱང་ohhdl@dalailama.online འདི་མངོན་གྱི་ཡོད་ལ། འདི་ནི་༧་སྐུ་སྒེར་ཡིག་ཚང་གི་ཡིག་ཟམ་ཁ་བྱང་ངོ་མ་དེ་མིན། ང་ཚོས་ཡིག་ཟམ་དེར་དབྱེ་ཞིབ་བྱེད་པའི་སྐབས་སུ། འཇབ་རྒོལ་པས་བསླུ་བྲིད་རང་བཞིན་གྱི་ཡིག་ཟམ་ཁ་བྱང་དེ་ཐོ་འགོད་བྱེད་པའི་སྐབས་སུ་སྒེར་གྱི་གནས་ཚུལ་རྫུན་མ་མཁོ་སྤྲོད་གནང་ཡོད་པ་ཤེས་རྟོགས་བྱུང་ཡོད། 

པར་རིས་བརྒྱད་པ། ཡིག་ཟམ་ཁ་བྱང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཁག་གཞི་མེད་དང་རྫུན་བཟོ་ཤ་སྟག་ཡིན།

པར་རིས་དགུ་པ། ཡིག་ཟམ་དེའི་ཁོངས་སུ་གྷོ་གྷིལ་སྐུལ་ཆས་ཀྱི་འབྲེལ་ཐག་ཡོད་པའི་.pdf་ཡིག་ཆ་ཞིག་ཡོད། 

ང་ཚོས་www.whois.com དྲ་ངོས་སུ་འཚོལ་བཤེར་བྱེད་དུས། ཡིག་ཟམ་ཁ་བྱང་དེ་ཐོ་འགོད་བྱེད་མཁན་གྱི་གང་ཟག་གི་གནས་ཚུལ་ཡོངས་རྫོགས་རྫུན་མ་ཡིན་པ་མ་ཟད། dalailama.online་ཟེར་བའི་ཁ་བྱང་འདི། གཤམ་གྱི་པར་རིས་ནང་གསལ་ལྟར། ཡིག་ཟམ་ནང་གི་འཇབ་རྒོལ་དེ་མ་བརྩམས་གོང་གི་ཉིན་ཁ་ཤས་སྔོན་ལ་གསར་བཟོ་བྱས་ཡོད་པ་ངོས་འཛིན་ཐུབ་ཡོད། 

པར་རིས་བཅུ་པ། dalailama.online ཁ་བྱང་འདི་ཡིག་ཟམ་ནང་གི་འཇབ་རྒོལ་དེ་མ་བརྩམས་གོང་གི་ཉིན་ཁ་ཤས་སྔོན་ལ་གསར་དུ་བཟོས་ཡོད། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་བཏོན་པའི་ཐབས་ལམ་ཁག

མིག་སྔར་དར་ཁྱབ་འགྲོ་བཞིན་པའི་དྲ་ཐོག་གི་འཇབ་རྒོལ་གྱི་ཉེན་ཁར་གཞིགས་ནས་གླེང་ན། འཇབ་རྒོལ་རིགས་ལ་གཡོལ་བར་མུ་མཐུད་ནས་དྲ་ཐོག་གི་ལག་ལེན་ཡག་ཤོས་ཁག་བཀོལ་སྤྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བསྐྱར་དུ་ནན་སྐུལ་བྱེད་འདོད་པ་ཞིག་ནི། ག་དུས་ཡིན་ཡང་། 

  • མ་བསྣུན་གོང་ལ་བསམ་བློ་ཐོངས།  ཁྱེད་ཀྱིས་ངོ་མི་ཤེས་པའི་མི་ཞིག་གི་ཕྱོགས་ནས་ཁྱེད་ལ་ཡིག་ཟམ་ཞིག་འབྱོར་བ་ཡིན་ན། མི་དེའི་ཡིག་ཟམ་ཁ་བྱང་ར་སྤྲོད་བྱས་ཏེ།  ཡིག་ཟམ་གཏོང་མཁན་དེ་ཁྱེད་ཀྱིས་ཡིད་ཆེས་བྱེད་ཆོག་སའི་མི་ཞིག་ཡིན་མིན་ཁག་ཐེག་བྱེད་རྒྱུ་གལ་ཆེ། དེ་བཞིན། རྟག་ཏུ་འབྲེལ་ཐག་རིགས་ལ་ཡིད་གཟབ་བྱོས། འབྲེལ་ཐག་ཅིག་གི་སྒང་དུ་མ་མནན་པའི་སྔོན་དུ། ཁྱེད་ཀྱིས་འབྲེལ་ཐག་དེ་པར་བཤུས་བརྒྱབ་སྟེ། https://virustotal.com  དྲ་ངོས་སུ་ཞིབ་བཤེར་བྱས་ན། དེའི་ཁོངས་སུ་མཉེན་འབུ་ཡོད་མེད་ར་སྤྲོད་བྱེད་ཐུབ།
  • ཟུར་སྣོན་རིགས་དང་ཁ་བྲལ། ཡིག་གདན་Wordདང་། PDF ཡིག་ཆ། དེ་བཞིན་ཡིག་ཆའི་རིགས་གཞན་པའི་ནང་དུ་ཡོད་པའི་ཟུར་སྣོན་གང་རུང་ཞིག་ཉེན་ཚབས་ཆེ་བའི་མཉེན་ཆས་དང་སྦྲེལ་ཏེ་མཚོན་ཆ་ཅན་དུ་བསྒྱུར་ཐུབ་ཀྱི་ཡོད་ལ། དེ་བཀོལ་སྤྱོད་བྱས་པའི་ཐོག་ནས་ཁྱེད་ཀྱི་རྩིས་འཕྲུལ་ལ་ནད་འབུ་བགོ་ཐུབ་ཀྱི་ཡོད། ཡིག་ཆ་མཉམ་སྤྱོད་དང་བརྒྱུད་སྐུར་བྱེད་ཐབས་ཀྱི་ལམ་ཁ་ཡག་ཤོས་གཞན་ཞིག་ནི། ཟུར་སྣོན་གྱི་ཚབ་ཏུ་གྷོ་གྷིལ་སྐུལ་ཆས་བཀོལ་སྤྱོད་བྱེད་རྒྱུ་དེ་རེད། གྷོ་གྷིལ་སྐུལ་ཆས་ཀྱི་ཁོངས་སུའང་མཉེན་འབུ་བསྐུང་སྲིད་པས། ཡིག་ཆའི་རིགས་ཕབ་ལེན་བྱེད་རྒྱུའི་ཚབ་ཏུ་སྔོན་ལྟ་བྱེད་དགོས། སྐར་ཁུང་ནང་དུ་ .exe ཡིག་ཆའི་རིགས་དང་། ཀུ་ཤུའི་རྩིས་འཕྲུལ་ནང་དུ .dmg ཡིག་ཆའི་རིགས། དེ་བཞིན་འཚེར་བརྒྱབ་ཡོད་པའི་ཡིག་ཆ་སོགས་ལ་གཡོལ་དགོས། གང་ཡིན་ཞེ་ན། གྷོ་གྷིལ་ཞབས་ཞུ་ཡིས་ཡིག་ཆ་དེ་འདྲའི་རིགས་ཀྱི་ཁོངས་སུ་མཉེན་འབུ་བསྐུངས་ཡོད་མེད་ཞིབ་བཤེར་བྱེད་མི་ཐུབ། ཁྱེད་ཀྱིས་ད་དུང་ང་ཚོའི་ཤེས་བྱའི་གཏེར་མཛོད་དྲ་ངོས་https://learn.tibcert.org/་ལ་ཁུངས་གཏུགས་ཏེ། དྲ་ཐོག་གི་ལག་ལེན་ཡག་ཤོས་གཞན་དག་གི་སྐོར་ལ་སློབ་སྦྱོང་བྱེད་ཆོག
  • སྒུག་ནས་མ་སྡོད། གསར་སྣོན་བྱོས།  མཉེན་ཆས་ཁག་གི་ཁོངས་སུ་ལྷག་ཡོད་པའི་བདེ་འཇགས་ཀྱི་སྐྱོན་ཆ་ཁག་དག་སེལ་བྱེད་པའི་ཆེད་དུ། འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་རྐང་བཙུགས་ནས་མཉེན་ཆས་རིགས་གསར་སྣོན་བྱེད་ཀྱི་ཡོད། ཁྱེད་ཀྱིས་དུས་ཐོག་ཏུ་གསར་སྣོན་མ་བྱས་ན། འཇབ་རྒོལ་པས་མཉེན་ཆས་ཐོན་རྙིང་པའི་ཁོངས་ཀྱི་སྐྱོན་ཆ་བེད་སྤྱད་པའི་ཐོག་ནས། ཁྱེད་རང་གི་ཡོ་ཆས་ཀྱི་ནང་དུ་འཛུལ་ཐུབ་པ་མ་ཟད། ཁྱེད་ལ་འཇབ་རྒོལ་བྱེད་ཐུབ། དེར་བརྟེན། མཉེན་ཆས་ཐོན་རིམ་གསར་པ་ཞིག་སླེབས་མ་ཐག ཁྱེད་ཀྱིས་མཉེན་ཆས་དེ་གསར་སྣོན་བྱས་ཡོད་པ་ཁག་ཐེག་བྱེད་དགོས།
  • སྐར་ཆ་༣༠་རིང་གི་ཡིག་ཟམ་མྱུལ་ཞིབ་པ་ཞིག་བྱོས། (Be a 30-Second Email Detective )ཡིག་ཟམ་ནང་གི་ཉེན་ཁའི་རིགས་སྔར་ལས་ཆེ་རུ་འགྲོ་ཡི་ཡོད་སྟབས། དོགས་གཞི་ཅན་གྱི་ཡིག་ཟམ་ངོས་འཛིན་བྱེད་སྟངས་སྐོར་ཧ་གོ་བར་བྱས་ན། ཡིག་ཟམ་བརྒྱུད་ནས་འོང་བའི་ཉེན་ཁའི་རིགས་ཏན་ཏན་ཉུང་དུ་གཏོང་ཐུབ།

༡༽ ཁྱེད་ཀྱིས་སོ་སོར་ཡིག་ཟམ་གཏོང་མཁན་གྱི་མི་དེ་ངོ་ཤེས་ཀྱི་ཡོད་མེད་རྩད་ཞིབ་བྱོས།

༢༽ ཁྱེད་ཀྱིས་སོ་སོར་ཡིག་ཟམ་གཏོང་མཁན་གྱི་མི་དེ་ངོ་ཤེས་ཀྱི་ཡོད་རུང་། ཡིག་ཟམ་ཁ་བྱང་གཞན་ཞིག་བརྒྱུད་ནས་བཏང་ཡོད་མེད་ཞིབ་ལྟ་བྱོས། 

༣༽ ཡིག་ཟམ་གྱི་ནང་དུ་ཡིག་ནོར་གཏགས་ཡོད་མེད་ཞིབ་ལྟ་བྱོས།

༤༽ ཁྱེད་ཀྱིས་ཡིད་ཆེས་བཅོལ་སའི་མི་ཞིག་གི་ཕྱོགས་ནས་འབྱོར་བའི་ཟུར་སྣོན་དང་དོགས་གཞི་ཅན་གྱི་འབྲེལ་ཐག་རིགས་ལའང་ག་དུས་ཡིན་ཡང་ཡིད་གཟབ་བྱེད་དགོས། 

འབྱུང་འགྱུར་གྱི་ལོ་ཟླར་སྔོན་དཔགས།

༤.༡ གནས་ཚུལ་ནོར་བ་དང་གནས་ཚུལ་རྫུན་མ།

དེང་སང་། ང་ཚོའི་ཆེད་ལས་དང་སྒེར་གྱི་འཚོ་བ་གཉིས་ཀ་དྲ་རྒྱས་སྟངས་འཛིན་བྱས་ཡོད་པ་དེ་སུས་ཀྱང་བསྙོན་དུ་མེད། བརྡ་འཕྲིན་གྱི་དུས་རབས་འདིར། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་ཚོས་མཛུབ་གནོན་ཐེངས་གཅིག་གིས་ཕན་ཚུན་བར་དངོས་དོན་དང་། བསམ་ཚུལ། ལྟ་བ་སོགས་བརྗེ་ལེན་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་། འཚོ་བ་དངོས་ཀྱི་ནང་དང་དྲ་རྒྱའི་སྟེང་ནས་བསམ་ཚུལ་བརྗེ་ལེན་བྱས་པའམ། ཡང་ན་ཆ་འཕྲིན་གཏོང་ལེན་བྱས་པའི་བར་ལ་ཁྱད་པར་ཆེན་པོ་ཡོད། མི་ཚོས་དངོས་སུ་གདོང་ཐུག་ནས་ལྟ་བ་དང་བསམ་ཚུལ་བརྗེ་ལེན་བྱེད་པའི་སྐབས་སུ། སོ་སོས་བཀོལ་སྤྱོད་བྱས་པའི་ཐ་སྙད་དང་སོ་སོས་བཤད་པའི་སྐད་ཆ་ལ་ཡིད་གཟབ་བྱེད་ཀྱི་ཡོད། འོན་ཀྱང་། དེ་ལས་ལྡོག་སྟེ། དྲ་རྒྱ་ནི་གནས་ཚུལ་གང་རུང་ཞིག་དངོས་ཡོད་ཡིན་མིན་དང་། དེས་མི་གཞན་ལ་གནོད་པ་སྐྱེལ་གྱི་ཡོད་མེད་ལ་མ་ལྟོས་པར། གང་འདོད་ལྟར་སྤེལ་ཆོག་སའི་སྡིངས་ཆ་ཞིག་ཆགས་ཡོད། དྲ་རྒྱའི་ངན་ཕྱོགས་ཤིག་ནི། མི་ཚོས་རང་ཉིད་ཀྱི་ངོ་བོ་སྦ་གསང་བྱས་པའི་ཐོག་ནས། དྲ་ཐོག་ཏུ་གནས་ཚུལ་འདྲ་མིན་སྤེལ་བ་མ་གཏོགས། གནས་ཚུལ་དེ་དག་གིས་སྤྱི་ཚོགས་ཁྱོན་ཡོངས་ལ་སྤྲད་སྲིད་པའི་ཤུགས་རྐྱེན་ངན་པའི་སྐོར་ལ་འགན་ཁུར་གང་ཡང་མེད་པར་སྣང་མེད་གཏོང་གི་ཡོད་པ་དེ་རེད། མི་ཁ་ཤས་ཀྱིས་བསམ་བཞིན་དུ་གནག་སེམས་བཅངས་ནས་དྲ་ཐོག་ཏུ་བྱེད་ལས་ངན་པ་རྩོམ་གྱི་ཡོད་ལ། མི་གཞན་ཁག་ཅིག་གིས་དེའི་སྐོར་ལ་ཧ་མ་གོ་བའི་བྱེད་ཀྱི་ཡོད། 

ང་ཚོའི་དུས་དེབ་འདོན་ཐེངས་༤པའི་ནང་དུ་རྒྱས་བཤད་བྱས་ཟིན་པ་བཞིན། ང་ཚོའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་གནད་དོན་ཚབས་ཆེན་ཞིག་ནི། གནས་ཚུལ་ནོར་བ(གནས་ཚུལ་གྱི་ཡོངས་ཁུངས་དག་མ་ཡིན་མིན་བརྩད་ཞིབ་མ་བྱས་པར་བརྒྱུད་བསྐུར་བྱེད་པ)་དང་གནས་ཚུལ་རྫུན་མའི(གཞན་ལ་གནོད་པ་སྐྱེལ་བར་དམིགས་ཏེ་བསམ་བཞིན་དུ་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་གཏོང་བ)་རིགས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་་ཡོད་པ་དེ་རེད། དེ་ཡང་ཕྱི་ལོ་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བའི་དུས་འདིར། གནས་ཚུལ་ནོར་བ་དང་རྫུན་མ་ཤུགས་ཆེར་ཁྱབ་བརྡལ་ཕྱིན་པ་དེས་བོད་ཀྱི་མང་གཙོ་དང་འོས་བསྡུའི་བརྒྱུད་རིམ་ལ་སྔར་མེད་ཀྱི་དཀའ་ངལ་ཆེན་པོ་ཞིག་བཟོ་སྲིད། སྲིད་སྤྱིའི་འོས་མི་བྱེ་བྲག་པ་ཐོག་ཏུ་བཟུང་བའི་ང་ཚོའི་ལྟ་ཚུལ་དང་། སྒེར་གྱི་བསམ་ཚུལ་མ་མཐུན་པའི་དབང་གིས། གནས་ཚུལ་ལོག་འགྲེལ་དང་། མི་གཞིར་དམའ་འབེབས་བྱེད་པའི་ལམ་ཁ་སོགས་བརྒྱུད་དེ་དགོས་མེད་ཀྱི་སྤྱི་ཚོགས་དབྱེ་འབྱེད་རིགས་ནམ་ཡང་བྱེད་དུ་འཇུག་མི་རུང་། དུས་རྒྱུན་དུ་གནས་ཚུལ་རྫུན་མའི་སྐོར་ལ་སྤྱང་གྲུང་དོད་པོ་བྱེད་དགོས་ལ། ལྷག་པར་དུ། ད་ལྟའི་སྲིད་སྤྱིའི་འོས་བསྡུའི་དུས་སྐབས་སུ་སྔར་ལས་གཟབ་ནན་བྱེད་རྒྱུ་ཧ་ཅང་གལ་ཆེ།  

དཔེར་ན། ཕྱི་ལོ་༢༠༢༠་ལོའི་ཟླ་༩་པའི་ནང་དུ། ༧གོང་ས་མཆོག་གི་མཚན་ཐོག་ནས་བཟོས་པའི་ཕྱག་ཡིག་རྫུན་མ་ཞིག་རང་རེའི་སྥྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་ཤུགས་ཆེན་པོ་ཕྱིན་ཡོད། ཕྱག་ཡིག་དེའི་ནང་དུ། བོད་མི་ཚོས་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ཕྱག་ལས་ཁག་མུ་མཐུད་ནས་རྒྱུན་སྐྱོང་ཐུབ་མཁན་གྱི་འོས་མི་ཞིག་མ་འོངས་པའི་སྲིད་སྐྱོང་ལ་འདེམས་དགོས་པ་ལས། དོགས་གཞི་དང་རྩོད་གཞི་ཅན་གྱི་འོས་མི་ཞིག་འདེམས་མི་རུང་བའི་སྐུལ་མ་བྱས་ཡོད། ༧གོང་ས་སྐྱབས་མགོན་མཆོག་གི་སྐུ་སྒེར་ཡིག་ཚང་གི་ངོས་ནས་ཕྱག་ཡིག་དེ་རྫུན་མ་ཡིན་པའི་གསལ་བཤད་གནང་ཡོད་རུང་། འདི་ནི་མི་མང་ལམ་ལོག་ལ་འཁྲིད་ཐབས་ཀྱི་གནས་ཚུལ་སྤེལ་ཏེ་༧གོང་ས་མཆོག་གི་མཚན་སྙན་ལ་གནོད་པ་བཟོ་རྒྱུ་དང་། འོས་འཕེན་པར་ཤུགས་རྐྱེན་སྤྲོད་རྒྱུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆིག་སྒྲིག་རྩ་གཏོར་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ་ཁྱབ་སྤེལ་བཏང་བའི་གནས་ཚུལ་རྫུན་མའི་དཔེ་མཚོན་གསལ་ཤོས་ཤིག་ཡིན། 

པར་རིས་བཅུ་གཅིག  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་བོད་པའི་འོས་བསྡུའི་སྐོར་ལ་གནང་བའི་ཕྱག་ཡིག་རྫུན་མ། 

ཕྱི་ལོ་༢༠༢༠་ལོའི་ཟླ་༨་ཚེས་༥་ཉིན་བསྐོངས་བའི་གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ། བོད་པའི་འོས་བསྡུ་ལྷན་ཁང་གིས། བོད་མི་ཡོད་དོ་ཅོག་གིས་སོ་སོའི་འགན་འཁྲི་དང་དུ་བླངས་ཏེ། དྲང་བདེན་དང་། རང་དབང་། ཆེ་མཐོང་ལྡན་པའི་རང་རེའི་འོས་བསྡུའི་བརྒྱུད་རིམ་ལ་ཤུགས་རྐྱེན་ངན་པ་སྤྲད་སྲིད་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་གི་སྟེང་གི་གནས་ཚུལ་ནོར་བ་དང་རྫུན་མ་རིགས་ཁྱབ་སྤེལ་མ་འགྲོ་བའི་ཐད་དུ་ཡིད་གཟབ་བྱེད་དགོས་སྐོར་གྱི་རྩ་འཛིན་ལམ་སྟོན་ཁྱབ་བསྒྲགས་གནང་ཡོད། སྲིད་སྤྱིའི་འོས་བསྡུ་ཙམ་མ་ཟད། ད་ལྟའི་ཏོག་དབྱིབས་ནད་དུག་གི་གནས་བབ་འདིས་མུ་མཐུད་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་སའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གྱི་ཡོད། ཕྱི་ལོ་༢༠༢༠་ལོར། རྒྱ་གར་ནང་དུ་ཁྱིམ་སྡོད་བཀའ་རྒྱ་འགོ་བཙུགས་པའི་གནས་སྐབས་སུ། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་ནོར་བ་དང་རྫུན་མ་མང་པོ་ཁྱབ་སྤེལ་ཕྱིན་པ་དེས། མི་ཚོས་ཚན་རིག་དང་ཆོས་ལུགས་ལ་བཅོལ་བའི་ཡིད་ཆེས་ལ་དོ་ཕོག་བཟོས་ཡོད། ང་ཚོས་བསམ་ན། ཏོག་དབྱིབས་ནད་དུག་ཁྱབ་བརྡལ་འགྲོ་བཞིན་པའི་དུས་སྐབས་འདིར།  ནད་དུག་དང་འབྲེལ་བའི་གསར་འགྱུར་མང་པོ་ཞིག་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པའི་ཐོག་ནས་ཁྱབ་སྤེལ་འགྲོ་བཞིན་ཡོད། ལྷག་པར་དུ། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ། ཏོག་དབྱིབས་ནད་དུག་གི་འགོག་ཁབ་བགོ་འགྲེམས་བྱེད་ཀྱི་ཡོད་སྟབས། ང་ཚོས་འགོག་ཁབ་ཀྱིས་ནུས་པ་ཐོན་མིན་དང་འབྲེལ་བའི་གསར་འགྱུར་རྫུན་མའི་སྐོར་ལ་ཡིད་གཟབ་བྱེད་རྒྱུ་གལ་ཆེ། དེ་མ་ཟད། མ་འོངས་པའི་ཉིན་ཁ་ཤས་ཀྱི་ནང་དུ། ཨིན་ཡུལ་གྱི་ལྷོ་ཤར་ས་ཁུལ་ནས་དར་ཁྱབ་ཕྱིན་པའི་དུག་དབྱིབས་ནད་དུག་གི་རིགས་གསར་པ(VUI-202012/01)་དེའི་སྐོར་ལ་གནས་ཚུལ་ནོར་བ་དང་རྫུན་མ་མང་པོ་ཞིག་ཁྱབ་བརྡལ་འགྲོ་བའི་ངེས་པ་ཆེན་པོ་ཡོད་པས། ནད་དུག་གི་རིགས་གསར་པ་དེ་དང་འབྲེལ་བའི་ཉམས་ཞིབ་ཀྱི་གྲུབ་དོན་ཚད་ལྡན་ཞིག་མ་སླེབས་པའི་བར་དུ། ང་ཚོས་གསར་ལམ་ཁག་དང་དེ་བཞིན་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཁྱབ་བརྡལ་འགྲོ་བཞིན་པའི་གནས་ཚུལ་ཚང་མ་བདེན་པར་འཛིན་མི་རུང་། 

དེ་མ་ཟད། རྒྱ་ནག་གཞུང་གིས་མ་འཛུགས་བྱས་པའི་གནས་ཚུལ་རྫུན་མའི་ལས་འགུལ་ཁག་དབྱར་གྱི་ཆུ་བོ་ལྟར་ངོ་དེབ་དང་། སྐད་འཕྲིན། ཐོས་ཐར་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་རྫུན་མ་ཁག་བརྒྱུད་ནས་རྒྱས་ཡོང་གི་ཡོད་ལ། དེའི་དཔེ་མཚོན་གསར་ཤོས་དེ་ནི། ཇི་ནེ་ཝ་གླེང་སྟེགས་སུ་རྒྱ་ནག་གི་ཆོས་ལུགས་རང་དབང་གི་སྲིད་ཇུས་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་སློང་བྱེད་སྐབས་ཀྱི་སྣང་ཚུལ་དེ་ཡིན།  གླེང་སྟེགས་དེ་ངོ་དེབ་བརྒྱུད་ནས་ཐད་གཏོང་བྱས་པ་དེར། ངོ་དེབ་ཁ་བྱང་རྫུན་མ་བཀོལ་མཁན་ཚོས་ཉིན་གསུམ་རིང་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་རྒྱ་གཞུང་གི་དྲང་བདེན་མིན་པའི་དྲིལ་བསྒྲགས་དང་འབྲེལ་བའི་མཆན་༥༠༠༠༠་ལྷག་བཀོད་ཡོད། ངོ་དེབ་ཁ་བྱང་རྫུན་མ་དེ་དག་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མ་འཛུགས་བྱས་པའི་སྒོར་ཟུར་༥༠་དམག་སྡེས་བཀོལ་སྤྱོད་བྱེད་ཀྱི་ཡོད་ངེས། ཕ་ཡུལ་གསར་ཁང་གིས་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་ནག་གཞུང་གིས་གླས་པའི་དྲ་དམག་ཁྲི་༥་ནས་ས་ཡ་༢་ཙམ་ཡོད་པ་དེ་ཚོ་སྐད་ཡིག་སྣ་ཚོགས་ལ་བྱང་ཆ་ལྡན་ལ། ཁོང་ཚོས་དྲ་ཐོག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུངགི་ཆེ་མཐོང་དང་མཚན་སྙན་ལ་བསྟོད་བསྔགས་དང་། དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོར་རྒོལ་འཛིངས་བྱས་ཏེ་བདེན་དོན་རྫུན་སྒྲིག་བྱེད་པ་དང་། གཞུང་གི་ལྟ་ཚུལ་དང་མི་མཐུན་པའི་ནང་དོན་རིགས་མེད་པར་བཟོ་ཡི་ཡོད། ཏོག་དབྱིབས་ནད་དུག་དང་། ལྷག་པར་དུ་མི་སྒེར་དང་ཚོགས་པ་ཁག་གི་དྲ་ཐོག་གི་འདུ་འཛོམས་དང་ཚོགས་འདུའི་གྲངས་ཀ་མང་དུ་ཕྱིན་པའི་རྐྱེན་གྱིས། རྒྱ་ནག་གི་སྒོར་ཟུར་༥༠་དྲ་དམག་གི་གྲངས་ཀ་ཡང་མགྱོགས་མྱུར་ངང་ཡར་འཕར་ཡོད། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ངོས་ནས་བཏོན་པའི་ཐབས་ལམ་ཁག

  • དྲ་ཐོག་ཏུ་གནས་ཚུལ་ནོར་བ་དང་རྫུན་མའི་གྲངས་ཀ་མགྱོགས་མྱུར་ངང་འཕེལ་ཡོང་གི་ཡོད་སྟབས། ང་ཚོས་ག་དུས་ཡིན་ཡང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་གསར་འགྱུར་གྱི་སྡིངས་ཆ་གཞན་པའི་སྟེང་དུ་སྤེལ་ཡོད་པའི་གནས་ཚུལ་གྱི་ཡོངས་ཁུངས་ར་སྤྲོད་བྱེད་དགོས་ལ། གནས་ཚུལ་གང་རུང་ཞིག་བདེན་པ་ཡིན་མིན་དག་སྐྱེལ་མ་བྱས་པའི་སྔོན་དུ་བརྒྱུད་སྐུར་བྱེད་མི་རུང་། དེའི་རྒྱུ་མཚན་གྱིས། ཁུངས་ལྡན་མིན་པའི་གནས་ཚུལ་ལ་ཡིད་ཆེས་དང་དེ་དག་བརྒྱུད་སྐུར་བྱས་པ་ལ་བརྟེན་ནས་གཞན་ལ་གནོད་པ་བསྐྱེལ་སྲིད་པའི་ཉེན་ཁ་ཆུང་དུ་གཏོང་བར་མ་བསྣུན་གོང་ལ་བསམ་བློ་ཐོངས་ཟེར་བའི་མན་ངག་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། 
  • ང་ཚོའི་རོགས་འདེགས་ཞབས་ཞུའི་སྟེགས་བུ་support@tibcert.org ལ་འབྲེལ་བ་བྱས་ཏེ། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་འགྲོ་བཞིན་པའི་དོགས་གཞི་ཅན་དང་ཡང་ན། བདེན་པ་མིན་པའི་གནས་ཚུལ་རིགས་ཡར་ཞུ་བྱེད་རོགས། ང་ཚོས་ཁྱེད་ཀྱིས་བཏང་བའི་ཡིག་ཟམ་ལ་འཛིན་བྱང་ཞིག་བཟོ་ངེས་ལ། དུས་ཚོད་༤༨་ནང་ཚུད་དུ་ཁྱེད་ལ་ལན་འདེབས་གནང་ཐུབ་པ་བྱེད་ངེས། 
  • སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་རྫུན་མའི་རིགས་ཡར་ཞུ་དང་། སྙིགས་མཆན་ནུས་མེད་བཟོ་བ།
  • ངོ་དེབ་ཐོག་ཏུ་ཁ་བྱང་རྫུན་མའི་རིགས་དོ་སྣང་བྱུང་ཚེ། ངོ་དེབ་ཁ་བྱང་དེའི་སྒེར་གྱི་ཡིག་ཆའི་ནང་དུ་ཕྱིན་ཏེ། ཡར་ཞུ་བྱེད་ཆོག

ངོ་དེབ་ནང་གི་བགྲོ་གླེང་དང་ཚོགས་འདུ་ཁག་གི་སྐབས་སུ། ཉེ་ལམ་གསར་དུ་བཟོས་པའི་ངོ་དེབ་ཁ་བྱང་དང་། དེ་བཞིན་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཐད་གཏོང་ལེ་ཚན་ལ་མ་བལྟས་པར་བཀོད་པའི་ཡིག་སྙིགས་དང་འཁོན་འཛིན་རང་བཞིན་གྱི་དཔྱད་མཆན་རིགས། ངོ་དེབ་ནང་གི་དཔྱད་མཆན་དོ་དམ་གྱི་ཁྱད་ཆོས་བཀོལ་སྤྱོད་བྱས་ཏེ་བཀག་འགོག་དང་ནུས་མེད་བཟོས་ཆོག  

༤.༢ དྲ་ཐོག་གི་ཁ་བྱང་རྫུན་མ་དང་། སྙིགས་མཆན། འཁོན་འཛིན་གྱི་གཏམ་བརྗོད།

མི་ཚོས་གནའ་ནས་བཟུང་ཕན་ཚུན་ལ་འབྲེལ་མཐུད་བྱེད་སྤྱད་ཀྱི་ལམ་ཁ་འཚོལ་གྱི་ཡོད། དེང་སང་། མི་ཚོས་སྦྲག་ཁང་བརྒྱུད་ནས་ཡི་གེ་གཏོང་བའི་ཚབ་ཏུ་ཡིག་ཟམ་བརྒྱུད་ནས་ཡི་གེ་གཏོང་གི་ཡོད་ལ། ཁ་པར་གྱི་ཚབ་ཏུ་གཟུགས་མཐོང་གླེང་མོལ་བྱེད་ཀྱི་ཡོད་པ་མ་ཟད། ཚགས་པར་གྱི་ཚབ་ཏུ་གསར་ཁང་གི་ཁག་གི་བཀོལ་ཆས་རིགས་བཀོལ་སྤྱོད་བྱེད་ཀྱི་ཡོད། དེང་གི་བརྡ་འཕྲིན་གྱི་དུས་རབས་འདིར། མི་ཚོས་ངོ་དེབ་དང་། (ཨིན་སི་ཀྲ་གྷི་རམ)Instagram (སི་ནེ་ཕི་)Snapchat་གླེང་མོལ། ཐོས་ཐར་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་བརྒྱུད་དེ་དྲ་ཐོག་ཏུ་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད། ཕྱི་ལོ་༢༠༢༠་ལོར། འཛམ་གླིང་གི་མི་གྲངས་དུང་ཕྱུར༣༨་ཙམ་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། གྲངས་ཀ་དེ་ཕྱི་ལོ་༢༠༡༩་ལོ་དང་བསྡུར་ན་བརྒྱ་ཆ་༩་དང་གྲངས་ཆུང་༢་གཉིས་ཡར་འཕར་ཡོད། ཕྱི་ལོ་༢༠༡༥་ལོར། འཛམ་གླིང་ནང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་༢༠.༠༧་མ་གཏོགས་མེད། དེ་ཡང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་ཡར་འཕར་བ་བསྟུན་ནས། དྲ་ཐོག་གི་ཁ་བྱང་རྫུན་མ་མང་པོ་ཞིག་ཐོན་ཡོད། ངོ་དེབ་བཟོ་ཚོང་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། ངོ་དེབ་དྲ་ངོས་ཀྱི་ཁ་བྱང་ཚང་མའི་ནང་གི་བརྒྱ་ཆ་༥ལྷག་(ས་ཡ་༩༠)རྫུན་མ་ཡིན་འདུག་ལ། ལོ་གཅིག་གི་ནང་ཚུད་དུ་ཁ་བྱང་རྫུན་མའི་གྲངས་འབོར་ལ་འགྱུར་བ་གང་ཡིན་ཕྱིན་མེད།

པར་རིས་བཅུ་གཉིས། ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར། འཛད་སྤྱོད་པའི་གྲངས་འབོར་མང་ཉུང་ལྟར་རིམ་བསྒྲིགས་བྱས་ཡོད། 

ཟླ་བ་ཁ་ཤས་རེའི་ནང་དུ། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་རྫུན་མ་དུང་ཕྱུར་བཅུ་ཙམ་མེད་པར་བཟོ་ཡི་ཡོད་རུང་། ཁ་བྱང་རྫུན་མའི་དཀའ་ངལ་དེ་གཏན་དུ་མེད་པར་ཆགས་མི་སྲིད་པས། སྙིགས་མཆན་དང་འཁོན་འཛིན་གྱི་གཏམ་བརྗོད་ཁག་གིས་གནོད་འཚེ་ཕོག་ཡུལ་གྱི་མི་ཚོར་མུ་མཐུད་ནས་ཤུགས་རྐྱེན་སྤྲོད་ངེས་ཀྱང་། དེ་དག་གི་གནོད་སྐྱོན་ཆུང་དུ་གཏོང་ཐབས་ཀྱི་འཐབ་བྱུས་ཁག་ཅིག་ཡོད་པ་དེ་དག་ང་ཚོས་ལག་བསྟར་བྱེད་ཆོག

དཔེར་ན། ངོ་དེབ་སྒང་དུ་ཐད་གཏོང་འགོ་མ་བཙུགས་པའི་སྔོན་དུ། ཁྱེད་ཀྱིས་ངོ་དེབ་ཀྱི་སྒྲིག་འགོད་ཁོངས་ནས་ཁ་བྱང་རྫུན་མ་དང་འཁོན་འཛིན་གྱི་གཏམ་བརྗོད་རིགས་དོ་དམ་བྱེད་ཆོག 

དང་ཐོག་ངོ་དེབ་ཀྱི་སྒྲིག་འགོད་ཁོངས་སུ་ཕྱིན། དེ་ནས་དཔྱད་མཆན་སྒྲིག་འགོད་ཀྱི་ཁོངས་ནས། 

  • ཁྱེད་ཀྱིས་སོ་སོར་དོ་ཁུར་དང་རྗེས་འདེད་བྱེད་མཁན་ཁོ་ནས་མ་གཏོགས་མཆན་འགོད་མི་ཐུབ་པ་བཟོ་ཆོག
  • མཆན་རྒྱག་མཁན་གྱི་མགྱོགས་ཚད་དལ་དུ་བཏང་སྟེ། སྐར་ཆ་༡༠་རེའི་ནང་དུ་མཆན་གཅིག་རེ་མ་གཏོགས་འགོད་མི་ཆོག་པ་བཟོ་ཆོག
  • གྲོས་བསྡུར་གྱི་ཁྱད་ཆོས་ནུས་ཡོད་བཟོས་ཚེ། ཡིག་འབྲུ་༡༠༠་ལས་མང་བའི་མཆན་ཁོ་ན་མ་གཏོགས་མི་མངོན།
  • དཔྱད་མཆན་རིགས་དམ་བསྒྲགས་བྱེད་པའི་ཁྱད་ཆོས་སྒོ་ཕྱེ་ཚེ། མཆན་འགོད་མཁན་ལ་གཟའ་འཁོར་གཉིས་ལས་མང་བ་འགོར་ཚར་བའི་ངོ་དེབ་ཁ་བྱང་་དགོས་ཀྱི་ཡོད།
  • སྲུང་སྐྱོབ་བྱས་པའི་སྒྲིག་འགོད་བཀོལ་སྤྱོད་བྱས་ན། མཆན་འགོད་མཁན་གྱི་གང་ཟག་དེས་མཆན་འགོད་པར་ཁྱེད་ལ་དོ་ཁུར་བྱས་ནས་ཉུང་མཐར་ཡང་སྐར་མ་༡༥འགོར་དགོས་ཀྱི་ཡོད།

༥.  འཕྲུལ་རིག་བདེ་འཇགས་ཀྱི་གནས་ཚུལ་ཁ་སྐོང་།

༥.༡ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ་འཛམ་གླིང་ཁྱོན་ཡོངས་སུ་གནས་ཚུལ་བཀག་སྡོམ་དང་གསང་བའི་མྱུལ་ཞིབ་གཞི་རྒྱ་ཆེ་རུ་བཏང་ཡོད།

ཕྱི་ལོ་༢༠༢༠་ལོར། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་ཚོས་རང་ཁྱིམ་ནས་ལས་ཀ་བྱེད་དགོས་བྱུང་བ་དང་། ཕྱི་ལ་འགྲོ་མ་ཆོག་པར་གྱུར་བ། དེ་བཞིན། འཕྲུལ་ཆས་དང་དྲ་རྒྱ་ཤུགས་ཆེར་བཀོལ་སྤྱོད་བྱེད་དགོས་བྱུང་བ་སོགས་མདོར་ན། ནད་ཡམས་དེས་འཛམ་གླིང་གི་མི་ཚང་མར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་གོ་སྐབས་འདི་དམ་འཛིན་བྱས་ཏེ། ནད་ཡམས་བཀག་འགོག་གི་ཆེད་དུ་གཞི་གྲངས་བསྡུ་རུབ་དང་ནུས་ལྡན་གྱི་འཕྲུལ་རིག་བརྒྱུད་དེ་མྱུལ་ཞིབ་བྱེད་པའི་ལག་ཆ་གསར་པ་བཟོ་སྐྲུན་བྱས་ཡོད། ཡིན་ན་འང་། སྙན་ཐོ་གསར་པ་ཁག་གི་ནང་དུ་གནས་ཚུལ་ཐོན་གསལ་ལྟར་ན། འཕྲུལ་ཆས་དེ་དག་དབང་ཆ་ལོག་སྤྱོད་ཀྱི་ཆེད་དུ་བཀོལ་གྱི་ཡོད་འདུག

རང་དབང་ཁང་པ་ཟེར་བའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་གསལ་ལྟར་ན། འདས་པའི་ལོ་ངོ་བཅུ་ཡི་ནང་དུ་འཛམ་གླིང་ནང་གི་དྲ་རྒྱའི་རང་དབང་ཉམས་རྒུད་དུ་ཕྱིན་ཡོད་འདུག་ལ། ལྷག་པར་དུ། ཏོག་དབྱིབས་ནད་དུག་དར་ཁྱབ་ཕྱིན་པ་ལ་བརྟེན་ནས། དྲ་ལམ་མྱུལ་ཞིབ་ཀྱི་འཕྲུལ་ཆས་བརྒྱུད་དེ་དྲ་རྒྱའི་རང་དབང་རྡོག་རོལ་གཏོང་བའི་ཚད་གཞི་མཐོན་པོར་སླེབས་པ་དངོས་སུ་བདེན་དཔང་བྱས་ཡོད། ཆབ་སྲིད་ཀྱི་འགོ་ཁྲིད་དང་གཞུང་འཛིན་མི་སྣ་ཁག་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ་རང་དབང་གི་ཆ་འཕྲིན་ལ་ཚོད་འཛིན་དང་། རང་དབང་ཅན་གྱི་གསར་འགྱུར་སྡེ་ཁག་གི་གནས་ཚུལ་ཡོངས་ཁུངས་བཀག་སྡོམ། དེ་བཞིན། ཏོག་དབྱིབས་ནད་དུག་སྐོར་གྱི་དཀྲོགས་གཏམ་དང་གནས་ཚུལ་རྫུན་མ་ལ་ཁ་གཏད་གཅོག་མཁན་གྱི་གསང་བ་ཕྱིར་བསྒྲགས་མཁན་འཛིན་བཟུང་བྱེད་ཀྱི་ཡོད། གནས་སྟངས་ཁ་ཤས་ཁྲོད་དུ། གཞུང་གི་འབྲེལ་ཡོད་སྡེ་ཁག་མང་པོ་ཞིག་གིས་གནས་ཚུལ་ནོར་བ་བེད་སྤྱད་དེ་དངོས་ཡོད་ཀྱི་གནད་དོན་སྦ་གསང་བྱས་ཡོད་ལ། ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ། གསང་མྱུལ་དང་།  མི་སྒེར་གྱི་གསང་རྒྱ་ལ་རྒོལ་བའི་སིམ་འཛུལ་རང་བཞིན་གྱི་འཕྲུལ་ཆས་རྒྱ་བསྐྱེད་གནང་ཡོད། འདི་ལྟར་མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་གི་ཆག་འཇིག་དེས། གཞུང་འཛིན་མི་སྣ་ཚོར་མི་སྒེར་གྱི་གསང་བའི་གཞི་གྲངས་ཁག་ལ་འདང་ངེས་ཀྱི་སྲུང་སྐྱོབ་མེད་པའི་ཐོག་ནས་བསྡུ་རུབ་དང་། དབྱེ་ཞིབ། བརྡ་འཕྲིན་རང་བཞིན་ཅན་དུ་བསྒྱུར་བའི་གོ་སྐབས་ཤིག་བསྐྲུན་ཡོད་པ་མ་ཟད། མིས་བཟོས་རིག་སྟོབས་དང་། སྐྱེ་དངོས་ཁྱད་རྟགས་ཀྱི་མྱུལ་ཞིབ། གཞི་གྲངས་ཆེན་པོའི་ལག་ཆ་སོགས་བརྒྱུད་དེ་མི་སྒེར་གྱི་་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད་བཅས་ཀྱི་ཐོབ་ཐང་ལ་ཤུགས་རྐྱེན་སྤྲོད་ངེས་པའི་གྲོས་ཐག་གཅོད་པའི་ཚད་གཞི་ཡང་མཐོ་རུ་ཕྱིན་ཡོད། 

ལྷག་པར་དུ།  ཏོག་དབྱིབས་ནད་དུག་གི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་ནད་དུག་བཀག་འགོག་བྱེད་པའི་ཆེད་དུ་གནས་ཚུལ་བཀག་སྡོམ་དང་གསང་མྱུལ་གྱི་འཕྲུལ་ཆས་ཤུགས་ཆེར་བཀོལ་སྤྱོད་བྱས་ཡོད། ཡིན་ནའང་། དུས་མཚུངས་སུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འཕྲུལ་ཆས་དེ་དག་བེད་སྤྱད་དེ། རང་འགུལ་གྱི་གནས་ཚུལ་བཀག་སྡོམ་དང་། ཚད་མཐོ་བའི་འཕྲུལ་རིག་གི་མྱུལ་ཞིབ། འབྲེལ་ཐུག་རྩད་གཅོད་གྱི་ལམ་ཁ་བཅས་བརྒྱུད་ནས། རང་དབང་གི་ཆ་འཕྲིན་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་བརྗོད་དོན་ཁག་བཀག་འགོད་བྱས་ཡོད། 

༥.༢ གཏན་འཇགས་མཉེན་ཆས་ཀྱི་སྐྱོན་ཆ།

དེང་སང་གི་རྩིས་འཕྲུལ་དང་ཁ་པར། དེ་བཞིན་དྲ་རྒྱ་དང་འབྲེལ་བའི་ཡོ་ཆས་ཁག་གིས་མཉེན་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། མཉེན་ཆས་ཁག་ཅིག་གློག་ཆས་རིགས་ཉོ་བའི་སྐབས་སུ་དང་ཐོག་ནས་ནངའཇུག་བྱས་ཡོད། མཉེན་ཆས་གཞན་པ་མང་པོ་ཞིག་རང་ངོས་ནས་ཕབ་ལེན་དང་ནང་འཇུག་བྱེད་དགོས་ཀྱི་ཡོད། ང་ཚོ་ཚང་མས་ཧ་གོ་དགོས་པའི་དོན་གནད་གལ་ཆེན་ཞིག་ནི། འཕྲུལ་ཆས་ཀྱི་རིགས་ཡོངས་རྫོགས་ཉིན་མ་རེ་རེར་ཡར་རྒྱས་ཕྱིན་ཏེ་སྤུས་ཚད་མཐོ་རུ་འགྲོ་ཡི་ཡོད་པ་བཞིན། མཉེན་ཆས་ཁག་གི་ཁོངས་ནས་སྐྱོན་ཆ་མང་པོ་ཐོན་ཡོང་གི་ཡོད་ལ། དེ་འདྲའི་མཉེན་ཆས་ཤིག་ཁྱེད་ཀྱི་ཡོ་ཆས་དང་མཉམ་དུ་རང་ཆས་སུ་ཡོད་པ་དེའི་མིང་ལ་གཏན་འཇགས་མཉེན་ཆས་ཟེར། གཏན་འཇགས་མཉེན་ཆས་ནི་མཉེན་ཆས་ཀྱི་བྱ་རིམ་ཞིག་གམ་མཁྲེགས་ཆས་ཀྱི་ཡོ་ཆས་སྟེང་དུ་བཟོས་ཡོད་པའི་ལམ་སྟོན་ཁག་ཅིག་ཡིན་ལ། དེས་ཡོ་ཆས་གང་རུང་ཞིག་གིས་རྩིས་འཕྲུལ་གཞན་པའི་མཁྲེགས་ཆས་དང་འབྲེལ་མཐུད་ཇི་ལྟར་བྱེད་དགོས་མིན་ཐད་དུ་དགོས་ངེས་ཀྱི་ལམ་སྟོན་ཁག་མཁོ་སྤྲོད་བྱེད་ཀྱི་ཡོད། གཏན་འཇགས་མཉེན་ཆས་དེ་མཁྲེགས་ཆས་ཀྱི་ཡོ་ཆས་ཤིག་གི་འཁྱུག་ཙམ་ཀློག་པའི་གསོག་ཆས་(ROM)ཀྱི་ཁོངས་སུ་ཉར་ཚགས་བྱས་ཡོད། རོམ་(ROM) ནི་ཀློག་རྐྱང་གསོག་ཆས་ཤིག་ཡིན་པ་བཞིན། འཁྱུག་ཙམ་ཀློག་པའི་གསོག་ཆས་དེ་འཁྱུག་ཙམ་གསོག་ཆས་ཀྱི་རིགས་ཤིག་ཡིན་སྟབས། དེ་གསུབ་ཆོག་ལ་བསྐྱར་འབྲི་ཡང་བྱེད་ཆོག

ཅིའི་ཕྱིར་གཏན་འཇགས་མཉེན་ཆས་ཀྱི་བདེ་འཇགས་གལ་ཆེན་པོ་ཆགས་ཀྱི་ཡོད།

གཏན་འཇགས་མཉེན་ཆས་ཀྱི་བདེ་འཇགས་སྲ་བརྟན་དགོས་ཀྱི་ཡོད་རུང་། རྩིས་འཕྲུལ་མང་ཆེ་བའི་གཞི་རྩའི་ནང་འཇུག་དང་ཕྱིར་འདོན་གྱི་མ་ལག་ནང་གི་གཏན་འཇགས་མཉེན་ཆས་ཁག་རང་བཞིན་གྱི་ཐོག་ནས་བརྟན་པོ་མེད། ཡོ་ཆས་གཅིག་གི་ནང་དུ་པར་ཆས་དང་། སྒྲ་བྱང་། བརྙན་ཡོལ་མངོན་ཚུལ་སོགས་གཏན་འཇགས་མཉེན་ཆས་མང་པོ་ཡོད། མཉེན་འབུ་ཁག་གཏན་འཇགས་མཉེན་ཆས་ཀྱི་ཁོངས་སུ་འཛུལ་ངེས་ལ། གཏན་འཇགས་མཉེན་ཆས་ལ་དྲ་ཇག་གིས་འཇབ་རྒོལ་ཡང་བྱེད་སྲིད་པས། གཏན་འཇགས་མཉེན་ཆས་ཀྱིས་ཁྱེད་རང་གི་ཁ་པར་དང་རྩིས་འཕྲུལ་ཁག་ལ་ཉེན་ཁ་ཆེན་པོ་བཟོ་སྲིད། གང་ཡིན་ཞེ་ན། གཏན་འཇགས་མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོས་སོ་སོའི་གཏན་འཇགས་མཉེན་ཆས་ཁག་གི་བདེ་འཇགས་གཙིག་ཆེན་དུ་བཟུང་སྟེ་འཆར་འགོད་བྱེད་ཀྱི་མེད། གཏན་འཇགས་མཉེན་ཆས་ཀྱི་མཉེན་འབུས་མ་ལག་ཁོངས་ཀྱི་བདེ་འཇགས་མེད་པའི་གནས་བབ་དེ་གོ་སྐབས་བཟུང་སྟེ་སོ་སོའི་ཨང་ཚབ་ཁག་གཏན་འཇགས་མཉེན་ཆས་ཀྱི་ཨང་ཚབ་ལ་སྦྲེལ་གྱི་ཡོད། དེ་ཡང་གཏན་འཇགས་མཉེན་ཆས་ཁག་གསང་ཨང་མིང་རྟགས་ཀྱིས་ཉེན་སྲུང་བྱས་ཡོད་པས། དེས་སིམ་འཛུལ་གྱི་དོན་རྐྱེན་བྱུང་ཡོད་མེད་རྩད་གཅོད་མི་བྱེད་ལ། མཉེན་འབུ་ཁག་གཏན་འཇགས་མཉེན་ཆས་ཀྱི་ཨང་ཚབ་ཀྱི་ཁོངས་སུ་སྦ་གསང་བྱེད་ངེས།

གཏན་འཇགས་མཉེན་ཆས་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ཆེ་ཤོས་ཁག་གང་དག་ཡིན།

གཏན་འཇགས་མཉེན་ཆས་ལ་བདེ་འཇགས་མེད་པ་དེས། ཁྱེད་རང་ཉྭ་འཛིན་གྱི་འཇབ་རྒོལ་དང་ཚོང་དོན་དང་འབྲེལ་བའི་ཡིག་ཟམ་ནང་གི་འཇབ་རྒོལ། དེ་བཞིན་དྲ་ཐོག་གི་འཇབ་རྒོལ་གཞན་དག་འགོག་པའི་ཐབས་ལམ་སྐོར་མ་ཤེས་ཚེ་འཕྲད་ངེས་པའི་ཉེན་ཁ་དེ་འདྲའི་སྒོ་མོ་འབྱེད་ཀྱི་ཡོད། དྲ་ཐོག་གི་འཇབ་རྒོལ་པས་གཏན་འཇགས་མཉེན་ཆས་ཀྱི་མཉེན་འབུ་བརྒྱུད་དེ། 

༡༽ ཁྱེད་ཀྱི་མ་ལག་རྒྱང་རིང་ནས་སྟངས་འཛིན་བྱེད་ཐུབ།

༢༽  ཁྱེད་ལ་ལྐོག་ནས་སོ་ལྟ་བྱེད་ཐུབ།

༣༽ ཁྱེད་ཀྱི་དྲ་ཐོག་གི་བྱེད་སྒོ་ཁག་ལ་སྟངས་འཛིན་བྱེད་ཐུབ། 

ཧྭ་ཝེའི་གཏན་འཇགས་མཉེན་ཆས།

ཕྱི་ལོ་༢༠༡༩་ལོར། ཧྭ་ཝེ་བཟོ་ཚོང་ཁང་གིས་རང་ཉིད་ཀྱི་ཉེར་སྤྱོད་མ་ལག་ཡོངས་བསྒྲགས་བྱས་ཡོད། ཉེར་སྤྱོད་མ་ལག་དེ་དང་ཐོག་དྲ་བའི་ཡོ་ཆས་ཁག་དང་མཉམ་དུ་ལས་ཀ་བྱེད་ཐུབ་པའི་ཆེད་དུ་འཆར་འགོད་བྱས་ཡོད། ཕྱི་ལོ་༢༠༢༠་ལོའི་ཟླ་༡༢་ཚེས་༡༦་ཉིན་ཁ་པར་དང་། རྣ་ཉན། ལག་འདོགས་ཆུ་ཚོད། བརྙན་འཕྲིན་སོགས་ཀྱི་ནང་དུ་ལས་ཀ་བྱེད་ཐུབ་པའི་འཆམ་མཐུན་༢.༠་ཡི་ཚོད་ལྟའི་ཉེར་སྤྱོད་མ་ལག་དེ་དངོས་སུ་འདོན་སྤེལ་བྱས་པའི་ཁྱབ་བསྒྲགས་གནང་ཡོད། འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ཨན་ཌོ་ཁ་པར་ཁག་གི་ཁོངས་སུ་ལས་ཀ་བྱེད་ཐུབ་ཀྱི་ཡོད་རུང་། དེ་ནི་ཨན་ཌོ་མ་ལག་གི་རིགས་གཞན་པ་ཞིག་མིན། ཨན་ཌོའི་ཉིང་ལྷེབ་གཅིག་དང་མི་འདྲ་བར། འཆམ་མཐུན་མ་ལག་དེ་ཉིང་ཕྲན་གྱི་སྟེང་དུ་གཞི་བཅོལ་ཡོད་པས། ཉིང་ཕྲན་དེ་འགྱུར་བ་གཏོང་ཆོག་གི་ཡོད།

ཧྭ་ཝེ་བཟོ་ཚོང་ཁང་གིས་རྒྱ་ནག་ནང་གི་བཟོ་ཚོང་ཁང་གཞན་ཁག་ནང་བཞིན་དམ་བསྒྲགས་ཆེ་བའི་དྲ་རྒྱའི་སྲིད་བྱུས་དང་ལེན་བྱེད་དགོས་ལ། དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་སྲིད་གཞུང་གིས་ཧྭ་ཝེ་ལ་རོགས་སྐྱོར་བྱས་ཏེ། བཟོ་ཚོང་ཁང་དེ་འཛམ་གླིང་ནང་གི་5G་དྲ་བ་མཁོ་སྤྲོད་མཁན་གཙོ་བོ་ཞིག་ཏུ་བསྒྱུར་ཡོད། ཨ་རིའི་ཝ་ཞིན་ཁྲོན་གྱི་དུས་དེབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་སྲིད་གཞུང་གི་རོགས་སྐྱོར་འོག་ཧྭ་ཝེ་བཟོ་ཚོང་ཁང་དེ་འཛམ་གླིང་ནང་གི་བརྡ་འཕྲིན་མཁོ་ཆས་མཐུན་སྦྱོར་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་ལ། སྲིད་གཞུང་གི་དཔལ་འབྱོར་གྱི་རྒྱབ་རྟེན་ལ་་བརྟེན་ནས། ཧྭ་ཝེའི་མཁོ་ཆས་ཁག་བརྡ་འཕྲིན་མཁོ་ཆས་མཐུན་སྦྱོར་བྱེད་མཁན་གཞན་དག་གི་མཁོ་ཆས་ཀྱི་རིན་གོང་ལས་བརྒྱ་ཆ་༣༠དམའ་བ་བཟོས་ཡོད།

འཆམ་མཐུན་ཉེར་སྤྱོད་མ་ལག་གི་ཉེན་ཁ།

འཆམ་མཐུན་ཉེར་སྤྱོད་མ་ལག་བཟོ་མཁན་གྱི་ཧྭ་ལེ་བཟོ་ཚོང་ཁང་གི་བདེ་འཇགས་དང་གསང་རྒྱའི་སྐོར་གྱི་རྙོག་གླེང་མང་པོ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་ཐོན་ཡོད། ཉེ་ལམ་ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་དེ་རྒྱ་ནག་དམར་ཤོག་དང་འབྲེལ་བ་དམ་ཟབ་ཡོད་པར་བརྗོད་དེ། ཨ་རིའི་ནང་དུ་ཧྭ་ཝེ་བཟོ་ཚོང་ཁང་གི་5G་དྲ་བའི་འཛུགས་སྐྲུན་ལས་གཞི་ཁག་བཀག་འགོག་བྱས་ཡོད་པ་མ་ཟད། ཨ་རིའི་ནང་གི་བཟོ་ཚོང་ཁང་ཁག་ཀྱང་ཧྭ་ཝེ་དང་མཉམ་འབྲེལ་བྱེད་རྒྱུ་མཚམས་འཇོག་བྱེད་དུ་བཅུག་ཡོད། ཨོ་སི་ཁྲོ་ལི་ཡ་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཀྱང་རྒྱ་ནག་སྲིད་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་བེད་སྤྱད་དེ་རྒྱ་ནག་ཕྱི་ཕྱོགས་ཀྱི་འཛད་སྤྱོད་པའི་ཐོག་ཏུ་གསང་མྱུལ་བྱེད་ཀྱི་ཡོད་པར་ཞེད་ནས་སོ་སོའི་རྒྱལ་ཁབ་ཁག་ནང་གི་བཟོ་ཚོང་ཁང་ཁག་ཧྭ་ཝེ་དང་མཉམ་འབྲེལ་བྱེད་དུ་བཅུག་མེད། 

ཨོ་ཕོའི་གཏན་འཇགས་མཉེན་ཆས།

ཨོ་ཕོ་ནི་ཁ་པར་དང་གློག་ཆས་རིགས་བཟོ་མཁན་གྱི་རྒྱ་ནག་གི་བརྡ་འཕྲིན་བཟོ་ལས་ཁང་ཞིག་ཡིན་ལ། ཨོ་ཕོ་མ་རྩའི་རོམ་(Oppo Stock ROM)ནི་ཨོ་ཕོ་ཁ་པར་གྱི་གཞུང་འབྲེལ་ཉེར་སྤྱོད་མ་ལག་དེ་ཡིན།  གལ་ཏེ་མཉེན་ཆས་གང་རུང་དང་འབྲེལ་བའི་དཀའ་ངལ་དང་།  མ་ལག་འགོ་འཛུགས་བྱེད་པའི་སྐབས་སུ་དེའི་ཁོངས་སུ་ཡོད་པའི་ཡིག་ཆ་ཁག་གིས་བྱེད་ལས་རྩོམ་སྟངས་མ་ཤེས་པའི་གནད་དོན། IMEI དཀའ་ངལ་སོགས་འཕྲད་པའི་སྐབས་སུ། མ་རྩའི་རོམ་བེད་སྤྱད་དེ་ཉེར་སྤྱོད་མ་ལག་བསྐྱར་དུ་ནང་འཇུག་བྱེད་ཆོག  ཨོ་ཕོ་མ་རྩའི་རོམ་(Oppo Stock ROM)བེད་སྤྱད་དེ་ཨོ་ཕོ་ཁ་པར་གྱི་ཉེར་སྤྱོད་མ་ལག་གི་གནས་རིམ་མཐོ་རུ་གཏོང་ཆོག་ལ། དམའ་རུའང་གཏོང་ཆོག   ཨོ་ཕོ་བཟོ་ཚོང་ཁང་དེ་རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས། ཨོ་ཕོའི་གཏན་འཇགས་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ཚོར་གསང་མྱུལ་གྱི་ཉེན་ཁ་ཡོད། 

དྲ་རྒྱའི་སྟེང་ནས་ཕབ་ལེན་བྱས་པའི་མ་རྩའི་རོམ་(Stock ROM)བཀོལ་སྤྱོད་བྱས་པའི་ཉེན་ཁ།

  • དྲ་རྒྱའི་སྟེང་ནས་ཕབ་ལེན་བྱས་པའི་མ་རྩའི་རོམ་(Stock ROM)བཀོལ་སྤྱོད་བྱས་པའི་ཉེན་ཁ་ནི་གང་ཟག་གསུམ་པས་བཟོས་པའི་མ་རྩའི་རོམ་གྱིས་རང་ཉིད་མ་རྩའི་རོམ་ངོ་མར་བརྫུ་ཐུབ་ཀྱི་ཡོད། གལ་ཏེ། ཁྱེད་ཀྱིས་སྟབས་མ་ལེགས་པར་གང་ཟག་གསུམ་པའི་བཟོས་པའི་མ་རྩའི་རོམ་དེ་འདྲ་ཕབ་ལེན་བྱས་ཚེ། ཁྱེད་ཀྱི་གཞི་གྲངས་ཁག་ལ་དྲ་ཐོག་གི་འཇབ་རྒོལ་གྱི་ཉེན་ཁ་ཚབས་ཆེན་ཕོག་སྲིད།
  • འཕྲུལ་རིག་བཟོ་ལས་ཁང་ཁག་གིས་མཁོ་སྤྲོད་གནང་བའི་མ་རྩའི་རོམ་དེ་སྤྱིར་བཏང་གི་ཆ་ནས་བདེ་འཇགས་ཡིན། ཡིན་ནའང་། རྒྱ་ནག་ནང་གི་བཟོ་ལས་ཁང་ཚང་མ་སྲིད་གཞུང་གི་སོ་ལྟའི་འོག་ཏུ་ཡོད་སྟབས། ཁྱེད་ཀྱིས་བཟོ་ལས་ཁང་གང་རུང་གིས་མཐུན་སྦྱོར་གནང་བའི་མ་རྩའི་རོམ་བཀོལ་སྤྱོད་བྱེད་ཀྱི་ཡོད་རུང་། ཁྱེད་ཀྱི་གཞི་གྲངས་ཁག་ལ་ཉེན་ཁ་ཆེན་པོ་ཡོད་སྲིད། ཉམས་ཞིབ་ཁག་གི་ནང་དུ་རྒྱ་ནག་སྲིད་གཞུང་གིས་ཁ་པར་གྱི་གཏན་འཇགས་མཉེན་ཆས་ཀྱི་ཁོངས་སུ་ལྟག་སྒོ་ཞིག་ནང་འཇུག་བྱས་ཡོད་པ་གསལ་སྟོན་གནང་ཡོད་ལ། ལྟག་སྒོ་དེས་འཛད་སྤྱོད་པའི་གནས་ཚུལ་མང་དག་ཅིག་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་མཁོ་སྤྲོད་དང་ཕྱིར་བསྒྲགས་བྱེད་ཀྱི་ཡོད། བསྡུ་རུབ་དང་བརྒྱུད་གཏོང་བྱས་པའི་མི་སྒེར་གྱི་གནས་ཚུལ་ཁག་གི་ཁོངས་སུ།
  • འཕྲིན་ཐུང་གི་ནང་དོན་ཆ་ཚང་དང་།
  • ཁ་པར་གྱི་འབྲེལ་ཐོ་ཡོངས་རྫོགས།
  • ཁ་པར་བཏང་བའི་ལོ་རྒྱུས་དང་གཏང་ཡུལ་གྱི་ཁ་པར་ཨང་གྲངས་ཆ་ཚང་།
  • འཛད་སྤྱོད་པའི་ཁ་པར་གྱི་རྒྱལ་སྤྱིའི་ཁ་པར་འཛད་སྤྱོད་པའི་ངོ་རྟགས(IMSI)དང་། རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་ (IMEI) སོགས་ཚུད་ཡོད།  

དཔེར་ན། ཕྱི་ལོ་༢༠༡༩་ལོར། ཨོ་ཕོའི་གཏན་འཇགས་མཉེན་ཆས་ཀྱི་ཁོངས་སུ་སྔོན་ཚུད་ནས་ནང་འཇུག་བྱས་པའི་སྡིངས་ཆའི་བཀོལ་ཆས་ཤིག་གི་རྣམ་པའི་ནང་ཡོད་པའི་སྐྱོན་ཆ་ཞིག་རྙེད་སོན་བྱུང་ཡོད། འཛད་སྤྱོད་པས་བཀོལ་ཆས་དེ་ནུས་མེད་བཟོ་ཐུབ་ཀྱི་མེད་ལ། ཀླད་གོར་དབང་ཚད་བཀོལ་ཆས་ཤིག་གིས་འཇབ་རྒོལ་བརྩམ་ཐུབ་ཀྱི་ཡོད། མཉེན་འབུ་དེས་ཁ་པར་གྱི་བདག་པོ་ངོ་མ་ནང་བཞིན་ལས་ཀ་བྱས་ཏེ། གང་ཟག་གསུམ་པས་བཟོས་པའི་བཀོལ་ཆས་ལ་ཁ་པར་གྱི་འཆར་ངོས་བརྙན་ལེན་པ་དང་། ཁ་པར་བསྐྱར་དུ་སྒྲིག་བཟོ་བྱེད་པ། འཛད་སྤྱོད་པར་འབྱོར་བའི་བརྡ་ལན་རག་ཐུབ་པ། ཁ་པར་གྱི་ཉེར་སྤྱོད་མ་ལག་ཁོངས་ཀྱི་ཡིག་ཆའི་ཐོ་གཞུང་ཀློག་པ། པར་གཞིའི་འཛད་སྤྱོད་པའི་དྲ་ངོས་ཀྱི་ནང་དུ་མཛད་རིམ་ཡར་འཇུག་བྱེད་པ། འཛད་སྤྱོད་པའི་འཕྲིན་ཐུང་རག་ཐུབ་པ་ལ་སོགས་པའི་ཆོག་མཆན་སྤྲོད་ཐུབ་ཀྱི་ཡོད། སྐྱོན་ཆ་དེ་བཀོལ་སྤྱོད་བྱས་པའི་ཐོག་ནས་འཛད་སྤྱོད་པའི་སྐད་ཀྱང་སྒྲ་ཕབ་ཀྱི་ཐུབ་ཀྱི་ཡོད།

གཏན་འཇགས་མཉེན་ཆས་ཀྱི་བདེ་འཇགས་ཇི་ལྟར་འགན་སྲུང་བྱེད་དགོས།

གཏན་འཇགས་མཉེན་ཆས་ཀྱི་བདེ་འཇགས་དེ་རྩ་བའི་ཆ་ནས་མཁྲེགས་ཆས་བཟོ་མཁན་གྱི་ལག་པར་ཡོད། གང་ཡིན་ཞེ་ན། མཉེན་འབུ་འགོག་སྲུང་དང་། དགོས་གལ་བྱུང་ཚེ་མཉེན་ཆས་ཐོན་གསར་པ་འདོན་སྤེལ་བྱས་ཏེ་བདེ་འཇགས་ཀྱི་སྐྱོན་ཆ་དག་སེལ་རྒྱུ་ནི་བཟོ་ལས་ཁང་གི་ལས་འགན་ཆགས་བསྡད་ཡོད། ཡིན་ནའང་། ང་ཚོས་རང་ངོས་ནས་ལག་ལེན་ཁག་ཅིག་རྒྱུན་འཁྱོངས་བྱས་ཏེ་གཏན་འཇགས་མཉེན་ཆས་སྲུང་སྐྱོབ་བྱེད་ཆོག

༡  བཟོ་ལས་ཁང་གིས་གཏན་འཇགས་མཉེན་ཆས་ཐོན་གསར་པ་འདོན་སྤེལ་བྱེད་དུས་གསར་སྣོན་བྱེད་དགོས།

ཁྱེད་ཀྱིས་སོ་སོའི་གཏན་འཇགས་མཉེན་ཆས་དུས་ཐོག་ཏུ་གསར་སྣོན་བྱས་ཏེ། མཉེན་ཆས་ཀྱི་ཁོངས་ཀྱི་བདེ་འཇགས་ཀྱི་སྐྱོན་ཆ་མེད་པར་བཟོ་དགོས་ལ། ཁྱེད་ཀྱི་མཁྲེགས་ཆས་ཀྱིས་བྱེད་ལས་ཡག་པོ་རྩོམ་ཐུབ་ཀྱི་ཡོད་པ་ཁག་ཐེག་བྱེད་དགོས།

༢ ཡིད་ཆེས་བྱེད་དཀའ་བའི་མཐེབ་འཇུག་གི་རིགས་བཀོལ་སྤྱོད་བྱེད་མི་རུང་།

མཐེབ་འཇུག་གི་རིགས་ཆ་ཚང་བརྟན་པོ་མེད་པར་མ་ཟད། དེ་ཚོ་བཀོལ་སྤྱོད་བྱས་ན་ཉེན་ཁ་ཆེན་པོ་ཡོད། སྤྱང་གྲུང་ལྡན་པའི་དྲ་ཐོག་གི་འཇབ་རྒོལ་པ་ཞིག་གིས་ཁྱེད་ཀྱི་མཐེབ་འཇུག་གི་གཏན་འཇགས་མཉེན་ཆས་ཀྱི་ཁོངས་སུ་མཉེན་འབུ་འཇུག་ངེས། ང་ཚོས་ཁྱེད་ལ་རང་ཉིད་གཅིག་པུས་དོ་དམ་བྱེད་ཀྱི་ཡོད་པའི་མཐེབ་འཇུག་རིགས་ཁོ་ན་བཀོལ་སྤྱོད་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད། 

༣ ཉེན་ཚབས་ཆེ་བའི་གཏན་འཇགས་མཉེན་ཆས་རིགས་འགོག་སྲུང་བྱེད་ཐུབ་པའི་མཁྲེགས་ཆས་ཀྱི་རིགས་ཉོ་དགོས།

ཐབས་ལམ་ཡག་ཤོས་དེ་ནི་ཉེན་ཚབས་ཆེ་བའི་མཉེན་འབུ་རིགས་འགོག་སྲུང་བྱེད་ཐུབ་པའི་ཆེད་དུ་བཟོས་ཡོད་པའི་མཁྲེགས་ཆས་ཉོ་རྒྱུ་དེ་རེད། BIOS བཟོ་ཚོང་ཁང་ཁག་ནི། མཁྲེགས་ཆས་བཟོ་ལས་ཁང་མང་པོ་ཡོད་པའི་ནང་ནས། དུས་རྒྱུན་དུ་གཏན་འཇགས་མཉེན་ཆས་ཁོངས་ཀྱི་སྐྱོན་ཆ་ཁག་དུས་ཐོག་ཏུ་དག་སེལ་བྱེད་མཁན་གྱི་བཟོ་ལས་ཁང་ཞིག་ཡིན།

༥.༣ གྷོ་གྷིལ་ཞབས་ཞུ(ཡིག་གདན། ཤོག་ལྷེབ། འགེངས་ཤོག་སོགས)མཚོན་ཆར་བཀོལ་སྤྱོད་བྱས་ཏེ། བདེ་འཇགས་ཀྱི་ཁྱད་ཆོས་ཁག་ལ་གཡོལ་བ།

ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས། ཚོགས་པ་མང་པོ་ཞིག་གིས་ཁྱིམ་ནས་ལས་ཀ་བྱེད་པའི་མ་དཔེ་དེ་ལག་བསྟར་བྱས་ཡོད་ལ། མང་པོ་ཞིག་གིས་གྷོ་གྷིལ(Google )་དང་མའེ་ཁི་རོ་སོ་ཧྥུ་ཁྲི(Microsoft)ཞབས་ཞུ་ཁག་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད། ཉེ་ལམ། ཞབས་ཞུ་འདིའི་རིགས་འཇབ་རྒོལ་གྱི་མཚོན་ཆར་བཀོལ་སྤྱོད་བྱས་ཡོད་དེ། དྲ་ཐོག་གི་འཇབ་རྒོལ་པ་ཚོས་གྷོ་གྷིལ་སྤྲིན་མཛོད་ཞབས་ཞུ་ལྟ་བུའི་སྤྲིན་མཛོད་ཀྱི་ཞབས་ཞུ་ཁག་གི་ཁོངས་ནས་རྙེད་པའི་སྐྱོན་ཆའི་རིགས་གོ་སྐབས་བཟུང་སྟེ་འཇབ་རྒོལ་བརྩམས་ཡོད་ལ། ཁོང་ཚོས་རང་ཉིད་ཀྱི་བྱེད་ལས་ཁག་ཁྲིམས་མཐུན་རང་བཞིན་ཅན་དུ་བཟོ་ཐབས་དང་། བདེ་འཇགས་ཀྱི་ཞིབ་བཤེར་ལ་གཡོལ་ཐབས་སུ། གྷོ་གྷིལ་འགེེངས་ཤོག་(Google Forms)དང་གྷོ་གྷིལ་ཡིག་གདན།(Google Docs) མེ་ཤུགས་རྟེན་གཞི(Firebase)སོགས་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད།

གྷོ་གྷིལ་འགེངས་ཤོག་བེད་སྤྱད་དེ་ཨ་རིའི་ཤར་བགྲོད་(American Express)དཔང་རྟགས་རག་ཐབས་བྱས་པའི་འཇབ་རྒོལ། 

ཕྱི་ལོ་༢༠༢༠་ལོའི་ཟླ་༡༠་པའི་ནང་དུ། གྷོ་གྷོལ་འགེངས་ཤོག་བེད་སྤྱད་པའི་ཐོག་ནས་དྲ་ཐོག་གི་འཇབ་རྒོལ་ཞིག་བརྩམས་ཡོད་ལ། འཇབ་རྒོལ་དེའི་ཁྲོད་དུ། འཇབ་རྒོལ་པས་ཨ་རིའི་ཤར་བགྲོད་ཀྱི་ཚོང་རྟགས་བེད་སྤྱད་དེ། འཛད་སྤྱོད་པའི་ཨ་རིའི་ཤར་བགྲོད་(American Express)དཔང་རྟགས་དང་དེ་མིན་གྱི་གསང་བའི་གཞི་གྲངས་ཁག་ཅིག་རག་ཐབས་བྱས་ཡོད། ཉམས་ཞིབ་བྱས་པ་ལྟར་ན། གྷོ་གྷིལ་འགེངས་ཤོག་གི་ཁོངས་སུ་བཅུག་ཡོད་པའི་ཉྭ་འཛིན་གྱི་འབྲེལ་ཐག་དེས། གྷོ་གྷིལ་བཟོ་ཚོང་ཁང་གིས་རང་འགུལ་གྱི་ཐོག་ནས་འབྲེལ་ཐག་དང་དྲ་ཚིགས་ངན་པའི་རིགས་ཞིབ་བཤེར་བྱས་ཏེ་བཀག་འགོག་བྱེད་ཀྱི་ཡོད་པ་དེར་གཡོལ་ཐུབ་ཀྱི་ཡོད། གྷོ་གྷིལ་དྲ་གནས་དེ་ཡིད་ཆེས་བཅོལ་རུང་བ་མ་ཟད། ཚོགས་པ་མང་པོ་ཞིག་གིས་ཡོངས་ཁྱབ་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་། གྷོ་གྷིལ་ཡིག་ཟམ་གྱི་བདེ་འཇགས་ཞིབ་བཤེར་ཁྲོད་དུ་མཉེན་འབུ་དེ་ངོས་འཛིན་བྱེད་མི་ཐུབ་པར་བརྟེན། མཉེན་འབུ་དེས་འཇབ་རྒོལ་རྩོམ་ཐུབ་ཀྱི་ཡོད།

པར་རིས་བཅོ་ལྔ། གྷོ་གྷིལ་འགེངས་ཤོག་བེད་སྤྱད་དེ་ཨ་རིའི་ཤར་བགྲོད་(American Express)དཔང་རྟགས་རག་ཐབས་བྱས་པའི་འཇབ་རྒོལ། 

མའེ་ཁི་རོ་སོ་ཧྥུ་ཁྲི(Microsoft)རུ་ཁག་མིང་ཐོག་ནས་འཛད་སྤྱོད་པའི་གཞི་གྲངས་རག་ཐབས་སུ་བརྩམས་པའི་ཉྭ་འཛིན་གྱི་འཇབ་རྒོལ།

དོན་རྐྱེན་གཞན་ཞིག་གི་ཁྲོད་དུ། འཇབ་རྒོལ་པས་རང་ཉིད་མའེ་ཁི་རོ་སོ་ཧྥུ་ཁྲི(Microsoft)ཆ་འཕྲིན་ལག་རྩལ་རུ་ཁག་ལ་བརྫུས་ཏེ། གནོད་འཚེ་ཕོག་ཡུལ་གྱི་མི་ཚོར་སོ་སོའི་ལས་གྲོགས་ཀྱི་ངོས་ནས། མའེ་ཁི་རོ་སོ་ཧྥུ་ཁྲི(Microsoft)རུ་ཁག་ལ་བརྒྱུད་སྐུར་བྱས་པའི་བདེ་འཇགས་ཀྱི་འཕྲིན་ཐུང་དེར་བསྐྱར་ཞིབ་བྱེད་པའི་རེ་སྐུལ་ཞུས་ཡོད་ལ། རེ་སྐུལ་གྱི་འབྲེལ་ཐག་དེའི་སྒང་དུ་མནན་ཚེ།  གནོད་འཚེ་ཕོག་ཡུལ་གྱི་མི་དེ་མའེ་ཁི་རོ་སོ་ཧྥུ་ཁྲི(Microsoft)རུ་ཁག་གི་དྲ་ཚིགས་དང་ཆ་འདྲ་བའི་དྲ་ངོས་ཤིག་ལ་འཁྲིད་འགྲོ་བ་དང་། དེས་བསྐྱར་དུ་Office 365 ཡི་ནང་འཛུལ་གྱི་དྲ་ངོས་དང་ཆ་འདྲ་བའི་ཉྭ་འཛིན་གྱི་འཇབ་རྒོལ་བརྩམ་སའི་དྲ་ཚིགས་ཤིག་ལ་འཁྲིད་འགྲོ་ཡི་ཡོད།

པར་རིས་བཅུ་དྲུག   མའེ་ཁི་རོ་སོ་ཧྥུ་ཁྲི(Microsoft)རུ་ཁག་མིང་ཐོག་ནས་འཛད་སྤྱོད་པའི་གཞི་གྲངས་རག་ཐབས་སུ་བརྩམས་པའི་ཉྭ་འཛིན་གྱི་འཇབ་རྒོལ།

ཅིའི་ཕྱིར་འཇབ་རྒོལ་དེ་དག་ངོས་འཛིན་མ་ཐུབ་པར་ལམ་ལྷོང་བྱུང་བ་རེད།

གྷོ་གྷིལ་དང་མའེ་ཁི་རོ་སོ་ཧྥུ་ཁྲིའི་ནང་གི་འཇབ་རྒོལ་དེ་གཉིས་ཀས་ཡིག་ཟམ་ནང་གི་ཞིབ་བཤེར་དང་ར་སྤྲོད་ལ་གཡོལ་ཐུབ་ཡོད། གང་ཡིན་ཞེ་ན། དེ་དག་ཁྲིམས་མཐུན་གྱི་དྲ་གནས་ཤིག་ནས་བཏང་ཡོད་པ་མ་ཟད། ཉྭ་འཛིན་འཇབ་རྒོལ་གྱི་ངོས་ཤོག་དེ་གཉིས་ཀ་ཁྲིམས་མཐུན་གྱི་དྲ་ངོས་ཤིག་ཏུ་ཐོ་འགོད་བྱས་ཡོད་པར་བརྟེན། དེས་དྲ་གནས་ངན་པའི་རིགས་བཀག་འགོག་བྱེད་མཁན་གྱི་མེ་གྱང་དང་འཚག་སེལ་རིགས་ལ་གཡོལ་དུ་བཅུག་ཡོད། འདི་ནི་མི་སྒེར་གྱི་གཞི་གྲངས་རྐུ་འཁྱེར་བྱེད་མཁན་གྱི་སྤྱི་ཚོགས་བཟོ་སྐྲུན་རང་བཞིན་གྱི་ཡིག་ཟམ་ཞིག་ཡིན་ལ། དེས་གཡོ་ཇུས་བཤམས་ཏེ། དྲ་ངོས་རྫུན་མ་ཞིག་ཏུ་ཁྱེད་རང་སྒེར་གྱི་གསང་བའི་གཞི་གྲངས་ཁག་ཡར་འཇུག་བྱེད་དུ་འཇུག་གི་ཡོད། དེར་བརྟེན། ཁྱེད་ཀྱིས་གཞི་རྩའི་ཡིག་ཟམ་གྱི་ར་སྤྲོད་མ་བྱས་ཚེ། མི་གཞན་གྱི་འཇབ་རྒོལ་གྱི་དྲ་རྙི་ནང་ཚུད་སླ། དེ་མ་ཟད། ཡིག་ཟམ་ཁ་ཤས་ལ་ཞིབ་ཏུ་བརྟག་དཔྱད་མ་བྱས་ཚེ་རྫུན་མ་ཡིན་མིན་དབྱེ་འབྱེད་བྱེད་དཀའ། གང་ཡིན་ཞེ་ན། མཚམས་རེར་ཡིག་ཟམ་ཁག་ཁ་ཤས་དོན་དངོས་དང་ཁྱེད་ལ་སྒེར་འབྲེལ་ཡོད་པ་ལྟ་བུར་སྣང་གི་ཡོད། 

༥.༤ ཀུ་ཤུས་གཞུང་དཔང་སྤྲད་པའི་མཉེན་འབུ་ནི་ཅི་ཞིག་ཡིན་པ་དང་། དེས་ཀུ་ཤུ་རྩིས་འཁོར་བཀོལ་སྤྱོད་བྱེད་མཁན་ཚོར་ཇི་ལྟར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་དམ། 

ཀུ་ཤུའི་གཞུང་དཔང་ཟེར་བ་དེ་ག་རེ་རེད།

ཕྱི་ལོ་༢༠༡༩་ལོར། ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་ཁག་ལ་གཞུང་དཔང་བྱེད་པའི་གོ་རིམ་ཞིག་འགོ་འཛུགས་གནང་ཡོད་པ་དང་། གོ་རིམ་དེའི་ཁྲོད་དུ། མཉེན་ཆས་བཟོ་སྐྲུན་མཁན་ཚོས། རང་རང་གིས་བཟོས་པའི་བཀོལ་ཆས་ཁག་ཀུ་ཤུའི་ཡོ་ཆས་ཀྱི་ནང་དུ་འདོན་སྤེལ་མ་བྱས་གོང་། དེ་དག་ཀུ་ཤུ་བཟོ་ཚོང་ཁང་ལ་ཕུལ་ཏེ་བཀོལ་ཆས་ཀྱི་བདེ་འཇགས་ཞིབ་བཤེར་བྱེད་དུ་འཇུག་དགོས་ཀྱི་ཡོད། གོ་རིམ་དེའི་ཁྲོད་དུ། བཀོལ་ཆས་ཀྱི་ཁོངས་སུ་དོགས་གཞི་ཅན་གྱི་ཨང་ཚབ་ཡོད་མེད་དང་། དཔང་ཡིག་གི་གནད་དོན་སྐོར་ལ་རང་འགུལ་གྱི་ཐོག་ནས་ཞིབ་བཤེར་བྱེད་ཀྱི་ཡོད།  གལ་ཏེ། བཀོལ་ཆས་ཤིག་གིས་ར་སྤྲོད་ཀྱི་བརྒྱུད་རིམ་འདི་མཇུག་སྐྱེལ་ཐུབ་པ་ཡིན་ན། བཀོལ་ཆས་དེར་ཀུ་ཤུ་བཟོ་ཚོང་ཁང་གི་ཕྱོགས་ནས་བརྡ་ལན་གྱི་འཛིན་བྱང་ཞིག་གམ། ཡང་ན་བདེ་འཇགས་ངོས་ལེན་གྱི་འཛིན་བྱང་ཞིག་འབྱོར་གྱི་ཡོད། དེ་འབྱོར་ཚར་ན། བཀོལ་ཆས་དེ་ཀུ་ཤུའི་བིམ་མཛོད་ཀྱི་ཁྲོད་དུ་གནས་ཐུབ་པ་མ་ཟད། ཀུ་ཤུའི་ཡོ་ཆས་ཁག་གི་ནང་དུ་ལས་ཀ་བྱེད་ཐུབ་ཀྱི་ཡོད། 

ཀུ་ཤུས་གཞུང་དཔང་སྤྲད་པའི་མཉེན་འབུ་ནི་ཅི་ཞིག་ཡིན།

ཀུ་ཤུས་གཞུང་དཔང་སྤྲད་པའི་མཉེན་འབུ་ནི། ཀུ་ཤུའི་ཡོ་ཆས་ཀྱི་ནང་དུ་ལས་ཀ་བྱེད་ཐུབ་པའི་ཀུ་ཤུས་གཞུང་དཔང་སྤྲད་པའི་མཉེན་འབུ་ཞིག་ཡིན། ཀུ་ཤུ་བཟོ་ཚོང་ཁང་གིས་གཞུང་དཔང་གི་འགྲོ་ལུགས་ཤིག་བརྒྱུད་དེ། གནོད་ཚབས་ཆེ་བའི་བཀོལ་ཆས་རིགས་ངོས་འཛིན་དང་བཀག་འགོག་བྱས་ཏེ། ཀུ་ཤུའི་ཡོ་ཆས་ཁག་གི་བདེ་འཇགས་སྲ་བརྟན་བཟོ་ཡི་ཡོད། ཀུ་ཤུའི་རྩིས་འཕྲུལ་གྱི་བདེ་འཇགས་ཉམས་ཞིབ་པ་གྲགས་ཅན་ཕེ་ཁྲིར ངྷན་དེ་ནེ(Peter Dantini) དང་ཕེ་ཁྲི་རེ་ཁིག་ཝར་སྒྲིལ(Patrick Wardle)་གཉིས་ཀྱིས་Adobe Flash installer་ལ་བརྫུས་པའི་མཉེན་འབུའི་འཇབ་རྒོལ་གྱི་ལས་འགུལ་ཞིག་རྙེད་ཡོད་ལ། དེ་རྒྱུན་ལྡན་ལྟ་བུར་ཆགས་ཏེ་ལོ་མང་པོར་གནས་ཡོད། སྤྱིར་བཏང་། ཀུ་ཤུའི་རྩིས་འཕྲུལ་གྱིས་མཉེན་འབུ་འདིའི་རིགས་ཁ་འབྱེད་སྐབས་ལམ་སེང་བཀག་འགོག་བྱེད་ཀྱི་ཡོད། ཡིན་ནའང་། ཉམས་ཞིབ་པ་ཚོས་ཉེན་ཚབས་ཆེ་བའི་Flash ནང་འཇུག་ཆས་དེར་ཀུ་ཤུས་གཞུང་དཔང་སྤྲད་པའི་ཨང་ཚབ་ཞིག་ཡོད་པ་མ་ཟད། མཉེན་ཆས་དེ་ཀུ་ཤུའི་ཡོ་ཆས་ཁག་གི་ནང་དུ་ལས་ཀ་བྱེད་ཐུབ་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། དེས་ག་རེ་བསྟན་ཡོད་པ་རེད་ཟེར་ན། ཀུ་ཤུ་བཟོ་ཚོང་ཁང་གིས་ཞིབ་བཤེར་བྱས་ཡོད་ཀྱང་། མཉེན་འབུ་གང་ཡང་ངོས་འཛིན་བྱེད་མ་ཐུབ་པས། སྟབས་མ་ལེགས་པར་གཞུང་དཔང་སྤྲད་པ་རེད།  

པར་རིས་བཅུ་བདུན། ཀུ་ཤུས་གཞུང་དཔང་སྤྲད་པའི་ཉེན་ཚབས་ཅན་གྱི་Flashནང་འཇུག་ཆས།

དེས་ཀུ་ཤུའི་ཡོ་ཆས་འཛད་སྤྱོད་པ་ཚོར་ཇི་ལྟར་ཤུགས་རྐྱེན་སྤྲད་ཡོད།

གནོད་ཚབས་ཆེ་བའི་Adobe Flash ནང་འཇུག་ཆས་དེས་ཀུ་ཤུའི་ཡོ་ཆས་བཀོལ་སྤྱོད་བྱེད་མཁན་ཚོར་མཉེན་འབུའི་གནོད་འཚེ་ཐེབས་སུ་འཇུག་ངེས། དེ་བས་ཀུ་ཤུའི་བིམ་མཛོད་ནི་མཉེན་འབུ་གཏན་ནས་མེད་པའི་མཉེན་ཆས་ཀྱི་མཛོད་ཅིག་གཏན་ནས་མིན། ཝར་སྒྲིལ(Wardle) ཡིས་ཀུ་ཤུའི་ནང་གི་མཉེན་འབུ་དེ་ཡར་ཞུ་བྱས་པ་ལ་བརྟེན་ནས། ཀུ་ཤུ་བཟོ་ཚོང་ཁང་གིས་མཉེན་འབུ་དེར་སྤྲད་པའི་དཔང་ཡིག་ཕྱིར་བསྡུ་བྱས་ཏེ། འབྱུང་འགྱུར་གྱི་དུས་སུ་མཉེན་འབུ་དེ་ཀུ་ཤུའི་ཡོ་ཆས་ཀྱི་ནང་དུ་ལས་ཀ་བྱེད་མི་ཐུབ་པ་བཟོས་ཡོད། འོན་ཀྱང་། འཇབ་རྒོལ་པ་དེས་ཀུ་ཤུས་གཞུང་དཔང་ཡོད་པའི་མཉེན་འབུ་གསར་པ་ཞིག་བཟོས་ཏེ། ཀུ་ཤུའི་རྩིས་འཕྲུལ་གྱི་བདེ་འཇགས་ཞིབ་བཤེར་ལ་གཡོལ་བའི་ཐོག་ནས་བསྐྱར་དུ་ཀུ་ཤུའི་བིམ་མཛོད་ནང་སླེབས་ངེས། ཀུ་ཤུ་བཟོ་ཚོང་ཁང་གིས་TechCrunch དྲ་ཚིགས་ལ་མཉེན་འབུ་དེ་བཀག་འགོག་བྱས་ཚར་བ་དངོས་སུ་ར་སྤྲོད་བྱས་ཡོད་རུང་། ཙི་ཙི་དང་ཞི་མིའི་ལྟ་བུའི་རྩེད་མོ་མུ་མཐུད་ནས་མཇུག་སྐྱོང་ངེས་ ཞེས་བདེ་འཇགས་ཉམས་ཞིབ་པ་ཝར་སྒྲིལ་ཡིས་བརྗོད་ཡོད། ད་ལྟའི་དངོས་ཡོད་ཀྱི་ཉེན་ཁ་འདི་ལ་གཞིགས་ནས་གླེང་ན། འཛད་སྤྱོད་པ་ཚོས་དྲ་ཐོག་གི་བདེ་འཇགས་ཀྱི་ལག་ལེན་ཡག་ཤོས་རྒྱུན་འཁྱོངས་དང་ལག་བསྟར་གནང་སྟེ། མཉེན་འབུའི་འཇབ་རྒོལ་གྱི་ཁྲོད་དུ་རང་ཉིད་སྲུང་སྐྱོབ་བྱེད་རྒྱུ་(གོང་ལ་གཟིགས)དང་། དུས་མཚུངས་སུ་འཕྲུལ་རིག་བདེ་འཇགས་ཀྱི་ཡར་རྒྱས་སྐོར་ལ་རྒྱུས་མངའ་ཡོད་པར་བྱེད་རྒྱུ་ཧ་ཅང་གལ་ཆེ། 

༥.༤ བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་ཆེས་མཐོ་བའི་གཞི་གྲངས་ལྟེ་གནས་འཛུགས་སྐྲུན།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་མཚོ་ངོས་ལས་རྨིད་༣༦༥༦་ཡོད་པའི་འཛམ་གླིང་ནང་གི་ཆེས་མཐོ་བའི་སྤྲིན་རྩིས་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་ཀྱི་ཡོད་ལ། རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཞི་གྲངས་ལྟེ་གནས་འདིས་རྒྱ་ནག་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་གཞི་གྲངས་ཉར་ཚགས་ཀྱི་ཆ་རྐྱེན་ཁག་དང་ལེན་བྱེད་རྒྱུ་ཡིན་འདུག   

རྨིད་གྲུ་བཞི་མ་༦༤༥༠༠༠་ཡི་ས་ཁྱོན་ལ་བརྐྱངས་ཡོད་པའི་གཞི་གྲངས་ལྟེ་གནས་དེར་ཚ་གྲངས་སྙོམས་པོ་དང་དམའ་མོ་ཡིན་པའི་ཁོར་ཡུག་གི་མཐུན་རྐྱེན་བཟང་པོ་འཛོམས་པའི་ཆ་ནས། དྲ་བའི་ཞབས་ཞུ་ཆས་བསིལ་པོ་ཉར་བར་དགེ་མཚན་ཆེ་བས། ཨེ་ཤེ་ཡའི་རྒྱལ་ཁབ་གཞན་པ་དང་བསྡུར་ན། གཞི་གྲངས་ལྟེ་གནས་འཛིན་སྐྱོང་གི་འགྲོ་གྲོན་ཆུང་བ་ཡོད། གནས་སྟངས་འདིས་ས་མཐོའི་བོད་ལྗོངས་དེ་གཞི་གྲངས་ཆེན་པོའི་བཟོ་ལས་ལྟེ་གནས་ཤིག་ཆགས་པའི་ཆ་རྐྱེན་བསྐྲུན་གྱི་ཡོད། ལས་འཆར་འདིའི་མ་རྩ་ནི་ཨ་སྒོར་དུང་ཕྱུར་༡༠་དང་གྲངས་ཆུང་༨་ཡིན་ལ། ལས་འཆར་འདིས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག  བལ་ཡུལ། བྷང་ལ་རྡེ་ཞི། པ་ཀི་སི་ཐན། ལྷོ་ཤར་ཨེ་ཤེ་ཡའི་ནང་གི་རྒྱལ་ཁབ་བཅས་ཀྱི་ནང་དུ་བརྙན་ལམ་སྒྲོག་སྤེལ་དང་། རང་འགུལ་འཁོར་གཏོང་། རྒྱང་རིང་སློབ་གཉེར། གཞི་གྲངས་གྲབས་ཉར་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱུ་རེད་འདུག  

རྒྱ་ནག་གི་ཚོང་ལས་སྡེ་ཁག་ཨ་ལི་བྷ་བྷ་(Alibaba)དང་ལྷ་སའི་ནང་གི་ཉིན་སོན་(Ningsuan Technology Group)འཕྲུལ་རིག་སྡེ་ཁག་གཉིས་ཀྱིས་གྲོས་མཐུན་ཆེན་པོ་ཞིག་ལ་མིང་རྟགས་བཀོད་ཡོད་པ་དེས། བོད་ཀྱི་ས་ཁུལ་ཁག་ནང་གི་གློག་ཤུགས་མཁོ་འདོན་དང་། དངུལ་རྩིས། རྒྱལ་སྲུང་བདེ་འཇགས། སྲིད་གཞུང་གི་ལས་དོན། མང་ཚོགས་ཀྱི་བདེ་འཇགས། དྲ་རྒྱ་བཅས་ཀྱི་ལས་དོན་ཁག་གི་ཁྲོད་དུ་ཨ་ལི་བྷ་བྷའི་སྤྲིན་རྩིས་ཚོང་ལས་མཉམ་ཞུགས་བྱེད་དུ་བཅུག་ཡོད། རྒྱ་གར་བང་ཆེན་གྱི་གསར་འགྱུར་དྲ་ངོས་སུ་གནས་ཚུལ་འཁོད་གསལ་ལྟར་ན། ལས་གཞི་འདིའི་རིམ་པ་དང་པོ་ཕྱི་ལོ་༢༠༢༡་ལོར་འགོ་འཛུགས་བྱ་འཆར་ཡོད་འདུག་ལ། རིམ་པ་དང་པོ་དེ་མཇུག་བསྒྲིལ་མཚམས། ལས་འཆར་འདིས་ལོ་རེར་ཨ་སྒོར་ས་ཡ་༢༢༣་དང་གྲངས་ཆུང་༥་ཙམ་བཟོ་ཐུབ་པའི་རོབ་རྩིས་བྱེད་ཀྱིན་ཡོད་འདུག

Back to Top