Publish on 2023-08-06

རྒྱ་ནག་དང་མ་འོངས་པའི་མིས་བཟོས་རིགས་སྟོབས།

Read in English

འཕྲུལ་རིག་གསར་བརྗེ་ལངས་པ་དང་ལག་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཞིབ་ཚགས་ཅན་དར་རྒྱས་བྱུང་བའི་སྐབས་སུ། ང་ཚོའི་འཕྲུལ་འཁོར་ཀྱང་རྒྱུན་པར་མིའི་རིགས་ཀྱི་ངོས་ཤེས་རིག་སྟོབས་དགོས་པའི་ལས་འགན་སྒྲུབ་ཐུབ་པའི་དུས་རབས་སུ་སླེབས་ཡོད། མིས་བཟོས་རིགས་སྟོབས་ནི་གློག་ཀླད་ཚན་རིག་གི་ཡན་ལག་ཅིག་ཡིན་ཞིང་། འཕྲུལ་འཁོར་གྱིས་གནས་ཚུལ་དཔྱད་གཞིར་འཛིན་ཐུབ་པ་དང་། དཔེ་དབྱིབས་འཚོལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་ཐུབ། མིས་བཟོས་རིག་སྟོབས་ནི་སྨན་བཅོས་འཕྲོད་བསྟེན་དང་། རླངས་འཁོར། དངུལ་རྩིས། གློག་རྡུལ་ཚོང་དོན། འགྲིམ་འགྲུལ། གློག་ལས་ཁ་བརྡ་བྱེད་ས་སོགས་ལས་རིགས་མང་པོའི་ཁྲོད་དུ་ཉིན་རེ་བཞིན་གལ་འགངས་ཆེ་རུ་འགྲོ་བཞིན་ཡོད། མིས་བཟོས་རིག་སྟོབས་ལག་རྩལ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བ་དང་བསྟུན་ནས་དེ་དག་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཆ་ཤས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་། རྒྱལ་ཁབ་དང་། བཟོ་ལས། བྱ་ལས་སྡེ་ཚན་མང་པོ་ཞིག་གིས་ལག་རྩལ་གསར་པ་དེར་ཞིབ་འཇུག་བྱེད་བཞིན་ཡོད། མིས་བཟོས་རིག་སྟོབས་ཡི་འབྱུང་ཁུངས་ནི་དུས་རབས་གོང་མའི་ལོ་རབས་ ༥༠ པའི་དུས་འགོར་ཚན་རིག་པ་དང་། དངོས་ཁམས་རིག་པ་བ། ཤེས་ཡོན་ཅན་བཅས་ཀྱིས་དེའི་མི་མངོན་པའི་ནུས་ཤུགས་མཐོང་ཅིང་། རིགས་པའི་གཞུང་ལུགས་ཀྱི་དཔེ་དབྱིབས་ཀྱང་བཟོས་ཡོད་པ་མ་ཟད། འཕྲུལ་འཁོར་ཞིག་གིས་རིག་ནུས་བྱ་སྤྱོད་འགྲེམ་སྟོན་བྱེད་པའི་ནུས་པར་ཞིབ་བཤེར་བྱེད་པའི་”ལྷ་རིས་ཚོད་ལྟ་”སོགས་ཀྱི་ཚོད་ལྟ་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད། “མིས་བཟོས་རིག་སྟོབས་” ཞེས་པའི་ཐ་སྙད་འདི་ནི་ཇོན་མེ་ཁར་ཏྲི་ཡི་ ༡༩༥༦ ལོར་ཐོག་མར་གསར་གཏོད་བྱས་པ་ཞིག་རེད། ༡༩༦༠ དང་ ༡༩༧༠ ནང་་སྔར་ལས་ལེགས་པའི་རྩིས་རྒྱག་ཐབས་གསར་སྤེལ་བྱས་ཏེ་གློག་ལས་ཁ་བརྡ་བྱེད་ས་དང་། གློག་ལས་ཀྱི་ཐོག་མའི་སྐད་ ( ELIZA )  མིའི་རིགས་ཀྱི་འཕྲུལ་ཆས་མི་ WABOT-1 བཅས་གསར་སྐྲུན་བྱས་ཡོད། ༡༩༩༠ ནང་གི་མིས་བཟོས་རིག་སྟོབས་ཡི་འཕེལ་རྒྱས་ནི་དྲ་རྒྱའི་གསར་བརྗེ་དང་ལས་སྣོན་བྱེད་ཚད་མཐོ་བའི་རྩིས་འཁོར་བཅས་སྔར་མ་བྱུང་བའི་གནས་འབབ་སླེབས་ཡོད། དེང་སྐབས་མིས་བཟོས་རིགས་སྟོབས་ནི་བཟོ་ལས་རང་འགུལ་ཅན་དང་། གནས་ཚུལ་ཚན་རིག་དང་། སློབ་སྦྱོང་གཏིང་ཟབ། གནས་ཚུལ་ཆེན་པོ། རིག་ནུས་གླེང་མོལ་ཁང་། སྐད་སྒྲའི་རོགས་རམ། སྐད་དང་གཟུགས་བརྙན་ངོས་འཛིན་སྒྲིག་ཆས། འཕྲུལ་མི་སོགས་ཚུད་པའི་ཐོན་རྫས་སོགས་ཚུད་ཡོད།

ཉེ་ལམ་ལོ་ངོ་ཉི་ཤུའི་རིང་ལ་རྒྱ་ནག་གྱིས་དུས་མཇུག་ཏུ་མིས་བཟོས་རིག་སྟོབས་གྱི་ཉེན་ཁར་མི་འཛེམ་པར་མགྱོགས་མྱུར་ངང་འཕེལ་ཕྱོགས་བྱུང་ཞིང་། ད་ལྟའི་ཆར་མིས་བཟོས་རིག་སྟོབས་དཔར་སྐྲུན་དང་ཁེ་དབང་སྒེར་སྤྱོད་ཀྱི་ཐོབ་ཐང་སོགས་འཛམ་གླིང་ནང་སྣེ་ཁྲིད་མཁན་ཞིག་ཏུ་གྱུར་ཡོད། རྒྱ་ནག་ཚོང་ལས་ཀྱི་མིས་བཟོས་རིག་སྟོབས་ལ་དབང་ཆ་སྤྲད་པའི་ཁེ་ལས་ཀྱིས་མིས་བཟོས་རིགས་སྟོབས་ལག་རྩལ་ཞིབ་འཇུག་ཁང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་སྐད་ངོས་འཛིན་དང་། སྐད་ཆ་ཕྱོགས་བསྡུས། པར་རིས་ངོས་འཛིན་བཅས་ཀྱི་ཉེར་སྤྱོད་ཁྱབ་ཁོངས་ནང་འཕེལ་བཞིན་ཡོད། ༢༠༡༨ ལོའི་རྒྱ་ནག་གི་མིས་བཟོས་རིག་སྟོབས་འཕེལ་རྒྱས་ཀྱི་སྙན་ཞུ་ལྟར་ན། མིས་བཟོས་རིག་སྟོབས་ཀྱི་ཞིབ་འཇུག་དཔྱད་རྩོམ་གྱི་གོ་ལ་ཧྲིལ་པོའི་བསྡུར་ཚད་དེ་ ༡༩༩༧ ལོའི་ནང་རྒྱ་ཆ་ ༤.༢༦ (༡༠༨༦) ནས་ ༢༠༡༧ ལོའི་ནང་རྒྱ་ཆ་ ༢༧.༦༨ ( ༣༧༣༤༣ ) བར་འཕར་ཡོད་ཅིང་། མིས་བཟོས་རིགས་སྟོབས་ལག་རྩལ་ཞིབ་འཇུག་ཁང་ཡང་ ༡༡༨༩ ལྷག་གསར་ཚུགས་དང་འཛམ་གླིང་ནང་ཨང་རིམ་གཉིས་པའི་ཐོག་ཨ་རི་ (མིས་བཟོས་རིགས་སྟོབས་ལག་རྩལ་ཞིབ་འཇུག་ཁང་ ༢༠༠༠ ) འོག་གནས་ཡོད། གཤམ་གསལ་ནི་རྒྱ་ནག་གི་གཞི་ཁྱོན་ཆེ་བའི་མིས་བཟོས་རིག་སྟོབས་ཡི་འཕེལ་རྒྱས་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཁག་ཡིན།

༡༽རྒྱལ་ཁབ་མི་འདྲའི་རང་སོ་སོ་རང་རྐྱ་འཕེར་བའི་སྒོ་ནས་མིས་བཟོས་རིགས་སྟོབས་ཐོག་ཞིབ་འཇུག་བྱས་པ་དང་ཡོངས་གྲགས་བྱས་ཙང་རྒྱུན་དུ་མཉམ་སྤྱོད་བྱེད་པའི་ལག་རྩལ་གཞན་དག་དང་མིས་བཟོས་རིགས་སྟོབས་བར་མི་འདྲ་བ་ཡོད། མིས་བཟོས་རིགས་སྟོབས་ཀྱི་འཕྲུལ་སྤྱད་རྩིས་ལུགས་ནི་ཁྱབ་བསྒྲགས་བྱས་པའི་ཆེད་རྩོམ་དང་ཚོགས་འདུའི་གོ་རིམ་ཁྲོད་ནས་ཀྱང་ཐོབ་ཆོག དེར་བརྟེན་མིས་བཟོས་རིགས་སྟོབས་ཚན་རིག་ལ་མཚོན་ན་རྒྱ་ནག་ལྟ་བུའི་རྗེས་སུ་ལུས་རྣམས་ཀྱིས་ཨ་རི་སོགས་རྒྱལ་ཁབ་གཞན་དག་ལ་རྗེས་ཟིན་ཐུབ་བ་ནི་རྨང་གཞི་འཛིན་པའི་རྩ་བ་ཡིན།

༢༽རྒྱ་ནག་ནི་གནས་ཚུལ་དང་། རྩིས་འཁོར། བཟོ་སྐྲུན་གི་མི་སྣའི་རིགས་རྩལ་ཐོག་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཧ་ཅང་གི་རང་རྐྱ་འཕེལ་བ་ཞིག་ཡིན། རྒྱ་ནག་ནི་དམངས་གཙོའི་སྲིད་དབང་ཞིག་ཡིན་པའི་ཆ་ནས། མིས་བཟོས་རིགས་སྟོབས་ཡར་རྒྱས་ཆེད་སྤྱོད་མཁན་གྱི་མོས་མཐུན་མི་དགོས་པའི་ཐོག་གནས་ཚུལ་སྤྱོད་ཆོག་པ་དང་། མང་ཆེ་བ་ལྟ་སྐུལ་ཚོད་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་དང་རྒྱ་ནག་གི་ལག་རྩལ་ཀམ་པ་ནི་ཆེ་བ་གཞན་བརྒྱུད་ནས་འཚོལ་སྡུད་བྱེད་ཀྱི་ཡོད།

༣༽རྒྱ་ནག་ནང་མིས་བཟོས་རིགས་སྟོབས་སྐུལ་འདེད་གཏོང་བའི་སྲིད་ཇུས་ནི་ཤིན་ཏུ་སྟོབས་ཆེ། དཔེར་ན། “ ༢༠༢༥ ནང་རྒྱ་ནག་གི་བཟོས་པ་ ” དང་།  “ གནས་ཚུལ་ཆེན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་རྩ་གནད། ”  “ མི་རབས་རྗེས་མའི་མིས་བཟོས་རིག་སྟོབས་ཡར་རྒྱས་ཀྱི་འཆར་གཞི། ” སོགས་ཡིན། སྲིད་ཇུས་འདི་གསུམ་ནི་མ་འོངས་པར་རྒྱ་ནག་གི་མིས་བཟོས་རིགས་སྟོབས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཞིབ་འཇུག་ལས་དོན་ཁང་དང་། མ་དངུལ་འཇོག་མཁན། ཁེ་ལས་པ། མ་ཟད་མིས་བཟོས་རིགས་སྟོབས་ཀྱི་ལས་བྱེད་དང་འབྲེལ་བ་ཡོད་པའི་མི་སྣ་གཞན་དག་བཅས་མང་པོ་ཞིག་གིས་ཀྱང་རང་སྲིད་གཞུང་གིས་མིས་བཟོས་རིགས་སྟོབས་ཐོག་དམིགས་གསལ་དོ་སྣང་བྱེད་ཀྱི་ཡོད་པ་དང་དེའི་མདུན་ལམ་དང་ཁེ་སྤོགས་ཡོད་པའི་སྡེ་ཁག་ཅིག་ཏུ་བརྩིས་ཀྱི་ཡོད་པ་ཀྱང་ཤེས་སོ།

༤༽རྒྱ་ནག་གི་མིས་བཟོས་རིགས་སྟོབས་ཐོག་གསང་དོན་སྒྲིགས་ཁྲིམས་ཞན་པས་རྒྱ་ནག་ནང་གི་མིས་བཟོས་རིགས་སྟོབས་ཀྱི་ལས་རིགས་མང་པོ་ཞིག་གིས་མགྱོགས་མྱུར་ངང་ཐོན་རྫས་དང་ཞབས་ཞུ་རྣམས་རྒྱ་ནག་གི་ཚོང་རར་འདྲེན་པར་ཕན་ཐོགས་བྱུང་ཡོད། རྒྱ་ནག་དང་མི་འདྲ་བར་རྒྱལ་ཁབ་གཞན་མང་པོའི་ནང་མིས་བཟོས་རིགས་སྟོབས་རྒྱུད་ལྟ་སྐུལ་ཚོད་འཛིན་དང་གནས་ཚུལ་ཡང་ན་གཞི་གྲངས་ཆེན་པོའི་ལག་རྩལ་གསར་སྤེལ་དང་སྐུལ་སློང་བྱེད་པར་གསང་དོན་སྒྲིགས་ཁྲིམས་གཏན་འབེབས་ནན་པོ་བྱེད་ཡོད། རྒྱ་ནག་ནང་མིས་བཟོས་རིགས་སྟོབས་ཀམ་པ་ནི་ཡི་་སྲིད་གཞུང་གི་གསང་དོན་སྒྲིགས་ཁྲིམས་ཐོག་མི་གླིང་བའི་མིས་བཟོས་རིགས་སྟོབས་གཞིར་བཟུང་བའི་ཐོག་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱལ་ནང་དུ་ཁེ་སྤོགས་ཆེན་པོ་ལེན་བཞིན་ཡོད།

མིས་བཟོས་རིགས་སྟོབས་ཡི་བཙན་འཛུལ་རང་བཞིན་གྱི་ཡར་རྒྱས་ནི་རྒྱ་ནག་ལྟ་བུ་ཚོན་ན་མངོན་གསལ་ལྡན་པའི་རྒྱལ་ཁབ་ཅིག་རེད་ལ་ཁོ་ཚོའི་སྟབས་བདེ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་གཞི་གྲངས་ཆེན་པོའི་གསང་འཕྲིན་འཚོལ་སྡུད་བྱས་ཏེ་སྔོན་དཔག་དང་ཐབས་ཇུས་ཕན་ནུས་ལྡན་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ལ་ཚོད་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གི་མིས་བཟོས་རིགས་སྟོབས་ཡར་རྒྱས་ཆེད་ཐབས་ལམ་གསུམ་གྱི་སྒོ་ནས་མ་འོངས་པའི་མིས་བཟོས་རིགས་སྟོབས་ཐོག་བསམ་གཞིག་བྱེད་བཞིན་ཡོད། རྒྱ་ནག་ནང་ཁུལ་གྱི་མིས་བཟོས་རིགས་སྟོབས་ཡི་འཛིན་སྐྱོང་ལས་ཁུངས་གསུམ་དབར་འགྲན་རྩོད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་འཛིན་སྐྱོང་གྱི་ཐབས་ལམ་ཅིག་གི་རྒྱུད་དབང་འཛིན་བཞིན་པའི་འཛིན་སྐྱོང་གི་སྲིད་ཇུས་འདམས་ནས་རང་སོ་སོར་ལེགས་འགྲུབ་བྱུང་བ་ཡོང་མི་སྲིད། བྱས་ཙང་རྒྱ་ནག་གི་མིས་བཟོས་རིགས་སྟོབས་ཀྱི་འཕེལ་རིམ་ཐོག་ཁོ་བོ་ཕན་ཚུན་བར་འབྲེལ་བ་ཆག་ཡོད། གཤམ་གསལ་ནི་རྒྱ་ནག་ནང་འཛིན་སྐྱོང་གི་མ་ལག་ཆེན་པོ་གསུམ་ཡིན།

༡༽རྒྱ་ནག་གི་དྲ་རྒྱའི་བར་སྣང་གི་འཛིན་སྐྱོང་། དེ་ནི་མིས་བཟོས་རིགས་སྟོབས་ཀྱི་འཛིན་སྐྱོང་ཁྲོད་དབང་ཤུགས་ལྡན་པའི་ལྟ་སྐུལ་དོ་དམ་ལས་ཁུངས་གསར་པ་ཞིག་ཡིན་ཞིང་། འཛིན་སྐྱོང་དེས་རྩིས་རྒྱག་ཐབས་ཀྱི་སྒྲིག་གཞི་དོ་དམ་གནང་བཞིན་དམངས་ཀྱི་འདོད་བློ་གཙོ་གནད་དུ་བཟུང་ནས་ནང་དོན་འོས་སྦྱོར་དང་ཆ་འཕྲིན་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན།

༢༽རྒྱ་ནག་གི་ཆ་འཕྲིན་དང་བརྡ་འབྲེལ་ལག་རྩལ་གྱི་སློབ་གཉེར་ཁང་།  དེ་ནི་བཟོ་ལས་ལྷན་ཁང་དང་ཆ་འཕྲིན་ལག་རྩལ་འོག་གནས་པའི་དབང་ཤུགས་ཅན་གྱི་བསམ་མཛོད་ཅིག་ཡིན་ཞིང་། གཙོ་བོ་མིས་བཟོས་རིགས་སྟོབས་ཀྱི་མ་ལག་ཚད་འཇལ་དང་། ཞིབ་དཔྱད་ཚད་ལེན། ཁུངས་སྐྱེལ་ར་སྤྲོད་བཅས་ཀྱི་ཡོ་བྱད་གསར་སྐྲུན་ཐོག་དོ་སྣང་བྱེད་ཀྱི་ཡོད།

༣༽ཚན་རིག་དང་འཕྲུལ་ལས་རིགས་པའི་ལྷན་ཁང་། དེ་ནི་འཕྲུལ་ལས་རིགས་པའི་ཀམ་པ་ནི་དང་། སློབ་གྲྭ་ཆེན་མོ། ཚོད་ལྟ་ཁང་བཅས་ལ་རང་ཉིད་ཀྱི་མིས་བཟོས་རིགས་སྟོབས་ཀྱི་བཟང་སྤྱོད་ཚོགས་ཆུང་ཞིབ་འཇུག་ཁང་འཛུགས་རྒྱུ་དང་རང་ཉིད་ཀྱི་ཐོན་རྫས་ལ་ཞིབ་འཇུག་བྱེད་པར་སྐུལ་མ་གཏོང་རྒྱུ་བཅས་ཀྱི་ལྷན་ཁང་ཞིག་ཡིན།

རྒྱ་ནག་དང་གོ་ལ་ཧྲིལ་པོའི་ R&D གཉིས་ཀྱི་སྤྱོད་མཁན་གྱི་གཞི་གྲངས་ཡང་ན་གནས་ཚུལ་གང་བྱུང་དུ་སྤྱོད་པ་དང་། ཞིབ་བཤེར་ནན་པོ་བྱས་པ་དང་ལྟ་སྐུལ་ཚོད་འཛིན་གྱི་ཐབས་ཇུས་ནན་པོ་སྤྱད་དེ་ཞིབ་བཤེར་ནན་པོ་བྱས་འདུག དེའི་ལྟ་སྐུལ་དོ་དམ་གྱི་བཅའ་ཁྲིམས་དང་སྲིད་ཇུས་ནང་གི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། གཞི་གྲངས་བདེ་འཇགས་བཅའ་ཁྲིམས། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ལམ་སྟོན་གསར་པའི་ནང་ལག་རྩལ་ཀམ་པ་ནི་ཆེན་པོ་འདི་དག་རྒྱ་ནག་གསང་བའི་ལས་ཁུངས་ལ་མཉམ་ལས་བྱེད་དགོས་པ་དང་རྒྱ་ནག་གཞུང་གི་སྤྱོད་མཁན་གྱི་གཞི་གྲངས་སྤྱོད་ཆོག མིས་བཟོས་རིགས་སྟོབས་ཀྱི་ལག་རྩལ་གང་བྱུང་དུ་སྤྱད་དེ་གྲངས་ཉུང་མི་རིགས་ལ་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ཡར་རྒྱས་འདི་དག་གི་འཛམ་གླིང་ཡོངས་སུ་དེ་དང་འདྲ་བའི་མི་གཅིག་དབང་རྒྱུར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། གསང་བ་ཕྱིར་གྱར་བའི་ཡིག་ཆའི་ནང་མིས་བཟོས་རིགས་སྟོབས་ཡི་ཕྱོགས་བསྡུས་གཞི་གྲངས་ཆེན་པོའི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་དེ་རྒྱ་ནག་གི་སྙིང་རྗེ་མེད་པའི་སྒོ་ནས་ཡུ་གུར་རིགས་ཀྱི་གྲངས་ཉུང་མི་རིགས་རྣམས་ཁ་ཆེའི་ཆོས་ཁང་དང་ཐ་ན་ཚོང་རར་འཛུལ་བར་ཞིབ་བཤེར་བྱེད་ཀྱི་ཡོད། ཁོང་ཚོས་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་འཕྲོད་བསྟེན་དང་། འགྲིམ་འགྲུལ། དངུལ་རྩིས་སོགས་དྲ་ཐོག་དང་དྲ་ཐོག་མིན་པའི་བྱེད་སྒོ་སོགས་སྤྱོད་མཁན་གྱི་གཞི་གྲངས་འབོར་ཆེན་འཚོལ་སྡུད་བྱས་ཡོད། མིས་བཟོས་རིགས་སྟོབས་རྒྱུད་རྒྱ་ནག་གི་དྲ་ཐོག་ནང་དོན་སྐྱེལ་འདྲེན་སྟེགས་བུར་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱས་ནས་དེའི་སྤྱི་དམངས་དང་གྲངས་ཉུང་མི་རིགས་ཀྱི་ཆ་འཕྲིན་རང་དབང་དང་གཞན་རང་དབང་མང་པོར་ཞིབ་བཤེར་བྱེད་ཀྱི་ཡོད། མིས་བཟོས་རིགས་སྟོབས་ལས་སྐྲུན་པའི་དཀྲོག་གཏམ་ལས་འགུལ་ཁག་ནི་དོན་དངོས་ཐོག་གཏོར་བཤིག་གཏོང་བའི་ཆེད་དུ་ཡིན་ཞིང་། རྒྱ་ནག་ནང་ཁུལ་གྱི་མིས་བཟོས་རིགས་སྟོབས་ཡི་འཕེལ་རྒྱས་དེ་དག་གིས་འཛམ་གླིང་གི་ས་ཁུལ་གཞན་དག་ལ་རྒྱ་ནག་རང་ཉིད་དང་འདྲ་བའི་མི་གཅིག་དབང་རྒྱུར་གི་སྲིད་དབང་སྐྲུན་སྲིད།

མིས་བཟོས་རིགས་སྟོབས་གསར་བརྗེ་དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འགྲན་རྩོད་ནུས་ཤུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྒྱལ་ཁབ་མང་པོ་ཞིག་གིས་མིས་བཟོས་རིགས་སྟོབས་ཡི་གསར་བརྗེར་ཐོག་་ཉིན་རེ་བཞིན་གཟབ་ནན་དང་འགྲན་རྩོད་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཨ་མེ་རི་ཁ་དང་རྒྱ་ནག་བར་གྱི་རྩིས་འཁོར་ནང་གོང་དུ་འཕེལ་བའི་ Chips དང་། མིས་བཟོས་རིགས་སྟོབས། དམག་དོན་མཚོན་ཆ་བཅས་ཉོ་ཚོང་་ཇེ་ཆེར་འགྲོ་བའི་རྐྱེན་གྱི་གནས་སྟངས་རྫ་དྲག་རྒྱུར་ཡོད། ཨ་རིས་རྒྱ་ནག་ནང་ཕྱིར་གཏོང་ཐད་དོ་དམ་ཚོད་འཛིན་བྱས་པ་མ་ཟད། Netherland དང་Japan སོགས་རྒྱལ་ཁབ་ཀྱིས་རྒྱ་ནག་ནང་ལག་རྩལ་བཟོ་ཆེད་ཀྱི་ཡོ་བྱད་སོགས་མང་པོ་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱས་ཡོད། UK ནང་གཏན་གཞི་བྱས་པའི་ཇུས་འགོད་པ་ ‘Arm’  ཡིས་ཀྱང་རྒྱ་ནག་ཁེ་ལས་ལ་སྔོན་ཐོན་གྱི་ཇུས་འགོད་ཕྱིར་འཚོང་བྱས་པ་ཁས་མ་བླངས་པར། ཨ་རིའི་ཕྱིར་གཏོང་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོད་ཚད་ལ་རྒྱབ་སྐྱོར་ཡོད་པ་གསལ་འདུག དེ་མིན་ཐའེ་ཝན་ནི་འཛམ་གླིང་ཐོག་སྔོན་ཐོན་གྱི་ Chips ཕྱིར་གཏོང་བྱེད་མཁན་ཨང་དང་པོ་ཡིན་པ་དང་། ༢༠༢༢ ལོའི་ཟླ་ ༨ པའི་ནང་ཨ་རིའི་གྲོས་ཁང་འོག་མའི་གྲོས་དཔོན་ Nancy Pelosi ཐའེ་ཝན་ལ་ཚམས་འདྲིར་ཕེབས་རྗེས་རྒྱ་ནག་དང་ཐའེ་ཝན་བར་རྫ་དྲག་སུ་རྒྱུར་ཡོད་ལ། སྐབས་དེར་ཐའེ་ཝན་གྱི་ཨ་རིའི་ཕྱིར་གཏོང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱབ་སྐྱོར་ཡོད་པ་འཁོད་འདུག རྒྱ་ནག་གི་འཛམ་གླིང་ཚོང་དོན་ཚོགས་པར་ཨ་རིར་ཞུ་གཏུག་བྱས་ཀྱང་ཨ་རིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་སྔོན་ཐོན་ལག་རྩལ་ཐག་གཅོད་བྱ་རྒྱུ་ནི་འོས་འཚམ་གྱི་གླེང་སྟེགས་ཤིག་མིན་པ་ལན་འདེབས་ཡོད།

མིས་བཟོས་རིགས་སྟོབས་ཀྱི་འཕེལ་རྒྱས་རྒྱུད་གསོ་རིག་དང་། འགྲིམ་འགྲུལ། འཕྲུལ་ཆས་མི། ཚན་རིག རློབ་སྦྱོང་། དམག་དོན། ལྟ་ཞིབ། དངུལ་རྩིས། ལྟ་སྐུལ་དོ་དམ། ཞིང་ལས། རོལ་རྩེད། སིལ་འཚོང་། ཚོང་འགྲུལ་ཞབས་ཞུ། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་མང་པོའི་ནང་ཕན་ཐོག་ཞིང་ཡོད། སྤྱིར་བཏང་གི་འཛམ་གླིང་མི་རྣམས་ལ་ ༢༠༢༢ ལོའི་ཟླ་ ༡༡ ནང་གི་ OpenAI ཡིས་ Chatbot དང་ ChatGPT འགོ་འཛུགས་བྱས་པ་ནས་བཟུང་ཟླ་བ་ཁ་ཤས་ནང་སྤྱོད་མཁན་གྲངས་ས་ཡ་བརྒྱ་ལྷག་བྱུང་ཡོད།  ༢༠༢༣ ལོར་ Microsoft གྱིས་ཀྱང་འཚོལ་བཤེར་མ་ལག་ཁྲོད་དུ་མིས་བཟོས་རིགས་སྟོབས་ཡི་སྒུལ་ཤུགས་ལྡན་པའི་ Bing པར་གཞི་བཏོན་ཡོད། གོ་ལ་ཧྲིལ་པོར་མིས་བཟོས་རིགས་སྟོབས་ལག་རྩལ་མགྱོགས་མྱུར་ངང་བེད་སྤྱོད་དང་མཉམ་འདྲེས་བྱས་ནས་ ༢༠༢༢ ལོར་མིས་བཟོས་རིགས་སྟོབས་ཀྱི་ཀམ་པ་ནི་ཡི་མ་དངུལ་སྒོར་དུང་ཕྱུར་ ༦༨༨ བཏེབས་ཐུབ་ཡོད་པ་དང་ ༢༠༢༠ ལོ་དང་བསྡུར་ན་དངུལ་གྲངས་ལྡབ་གཉིས་བཏེབས་ཡོད། འོན་ཀྱང་མིས་བཟོས་རིགས་སྟོབས་མཉམ་བསྡུས་བྱས་པའི་ཉེར་སྤྱོད་དང་ཞབས་ཞུ་མགྱོགས་མྱུར་ངང་ཡར་རྒྱས་ཕྱིན་ནའང། མིས་བཟོས་རིགས་སྟོབས་དང་འབྲེལ་བའི་རྒྱ་ཆེའི་མི་དམངས་ཀྱི་གསང་དོན་དང་བདེ་འཇགས་ལ་འཇིགས་སྣང་ཡོང་གི་ཡོད་ལ། དེ་བཞིན་འཛམ་གླིང་གི་ལས་གནས་མང་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད གཤམ་གསལ་ནི་མ་འོངས་པའི་མིས་བཟོས་རིགས་སྟོབས་ཀྱི་སྐྱོན་ཆ་ཁ་ཤས་ཡིན།

༡༽སྲིད་དབང་སྒེར་གཅོད་སྲིད་གཞུང་གིས་མང་ཚོགས་ལ་མིས་བཟོས་རིགས་སྟོབས་ཀྱི་ལག་རྩལ་རྒྱུད་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱས་ཆོག་པ།

༢༽གཞི་རྩའི་སྡེ་ཁུལ་གྱི་ལམ་སྟོན་དང་ཀུན་སྤྱོད་ཀྱི་སློབ་སྟོན་མེད་པའི་ཐོག་མིས་བཟོས་རིགས་སྟོབས་ཀྱི་ Chatbot འཕྲུལ་ཆས་རྣམས་གང་སྤྱིའི་ཐད་སྤྱོད་ཚེ་ཕན་ཐོགས་པ་ལས་གནོད་པ་མང་བ་ཡོང་ངེས།

༣༽མིས་བཟོས་རིགས་སྟོབས་ལས་བྱུང་བའི་གཏིང་ཟབ་པའི་རྫུན་བཟོ་ ( Deep Fake ) ཀྱི་མི་གང་ཟག་གི་ངོ་བོ་རྐུ་ཁྱེར་བྱས་པའི་རྐྱེན་གྱིས་མི་སྒེར་དང་། ཚོགས་པ། རྒྱལ་ཁབ་བཅས་ལ་འཇུག་འབྲས་ངན་པ་བཟོ་སྲིད།

༤༽ལྷག་པར་དུ་བཟོ་ལས་དང་ཀམ་པ་ནི་ནང་ངལ་རྩོལ་གྱིས་བསྐྱར་ནས་བསྐྱར་དུ་མི་རྣམས་ཀྱི་ལས་འགན་སྒྲུབ་དགོས་པ་རྣམས་མིས་བཟོས་རིགས་སྟོབས་ཀྱི་དུས་ཚོད་ཐུང་ངུ་ནང་སྒྱུབ་ཐུབ་པའི་ལས་ཀ་ཡང་ཉུང་རུ་བཏང་སྲིད།

༥༽ཕྱོགས་ཞེན་གྱི་གཞི་གྲངས་སྦྱོང་བརྡར་བྱས་པའི་མིས་བཟོས་རིགས་སྟོབས་རྣམས་ཡིས་ཕྱོགས་ཞེན་དང་ཡིད་ཆེས་བྱེད་རིན་མི་ཆོག་པའི་ཆ་འཕྲིན་ཡོང་སྲིད། མིས་བཟོས་རིགས་སྟོབས་ཀྱི་ Chatbot ལས་བྱུང་བའི་ཆ་འཕྲིན་རྫུན་མ་དེས་སྤྱི་པའི་འཕྲོད་བསྟེན་དང་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། སྤྱི་པའི་བསམ་ཚུལ་དང་དངོས་ཡོད་ཁ་ལོ་སྒྱུར་གང་ཐུབ་བྱེད་མཁན་གྱིས་གང་ཟག་དག་གི་ཀྱང་གོ་ནོར་གྱི་བེད་སྤྱོད་བཏང་སྲིད།

༦༽མིས་བཟོས་རིགས་སྟོབས་ཡི་ངོ་གདོང་ངོས་འཛིན་མ་ལག་སོགས་མང་ཚོགས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་ཡོ་བྱད་དང་། ཞིབ་བཤེར་བྱེད་པའི་ཡོ་བྱད་བཅས་ཀྱིས་རྒྱུད་མི་སྒེར་དང་རྒྱལ་ཁབ་ཁག་གི་གསང་བའི་ཁྲིམས་སྲོལ་མང་པོ་དང་འགལ་གྱི་ཡོད།

མིས་བཟོས་རིག་སྟོབས་ཁྱབ་ཁོངས་ཡར་ཐོན་མི་ཆད་པར་བྱུང་བ་དེས་ང་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་སྟབས་བདེ་བ་འབྱུང་བ་འདི་མིས་བཟོས་རིགས་སྟོབས་ཀྱི་སྟོབས་ཤུགས་ཧ་གོ་ཐུབ། འོན་ཀྱང་ང་ཚོས་ངེས་པར་དུ་བེད་སྤྱོད་གཏོང་སྟངས་ཐོག་གཟབ་ནན་དང་དོགས་ཟོན་བྱེད་དགོས། མིས་བཟོས་རིགས་སྟོབས་ཡི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ནི་རིམ་བཞིན་ཇི་ལྟར་གོ་རིམ་སྒྲིག་མིན་དང་། ཕྱོགས་བསྡུས་བྱས་སྟངས་། བཀོལ་སྤྱོད་བྱས་སྟངས་བཅས་བྱས་ཚུལ་དག་ལ་གཞིགས་ནས་གོ་བ་ལེན་ཐུབ། འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་ཐོག་མིས་བཟོས་རིགས་སྟོབས་སྒུལ་ཤུགས་ཉེར་སྤྱོད་བྱས་སྟངས་དང་། ཞབས་ཞུ་མཁོ་སྤྲོད་བྱས་སྟངས། ཐོན་རྫས་སྐྲུན་སྟངས་བཅས་ལ་ཚད་གཞི་དང་ཁྲིམས་སྲོལ་འོས་འཚམ་ཞིག་གཏན་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སེམས་འཁྲལ་བྱེད་པར་སྔོན་འགོག་བྱ་དགོས མེད་དུ་མི་རུང་བ་ཞིག་ནི་ལག་རྩལ་འདི་ང་ཚོའི་ཉིན་རེའི་འཚོ་བ་དང་ཟུང་འབྲེལ་བྱས་ཏེ་ཧ་ལམ་དྲ་རྒྱ་བེད་སྤྱོད་བྱེད་མཁན་གང་ཟག་ཡོད་ཚེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོད་དགོས།