རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་འཕེལ་བཞིན་པའི་རྒྱ་ནག་གྱི་དྲྭ་རྒྱའི་དྲག་གནོན།
སྙན་ཐོའི་གནད་དོན་སྙིང་བསྡུས།
སྙན་ཐོ་འདིའི་ནང་ ARTICLE 19 ཀྱི་དྲྭ་རྒྱའི་དར་གོས་ཚོང་ལམ་རྒྱུད་རྒྱ་ནག་གི་དྲྭ་རྒྱའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་དཔེ་གཞི་གོང་འཕེལ་གཏོང་བའི་སྟེགས་བུ་ཞིག་ཏུ་རྒྱུར་བའི་ཐོག་དཔྱད་ཞིབ་བྱས་ཏེ། གཞུང་ཁུངས་མ་ཡིན་པའི་ཚོགས་པ་དང་འཛིན་སྐྱོང་ཁག་གི་ཞུ་གཏུག་ལས་རིམ་ཆེད་དགོས་ངེས་ཀྱི་རྒྱབ་ལྗོངས་དང་གནས་སྟངས་མཁོ་སྤྲོད་བྱེད་པ་མ་ཟད་སྲིད་ཇུས་བཟོ་བ་སོགས་འབད་འབུངས་བྱས་ཡོད། སྙན་ཐོ་འདིའི་ནང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་བྱུང་བའི་རྒྱ་ནག་གིས་དྲྭ་རྒྱའི་དར་གོས་ཚོང་ལམ་བྱ་འགུལ་མང་པོ་ཞིག་གལ་ཆེན་དུ་བཟུང་ཡོད་པའི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་བརྒྱུད་དྲྭ་རྒྱའི་དར་གོས་ཚོང་ལམ་དང་འབྲེལ་བའི་དྲ་རྒྱའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་དང་། ལྷག་པར་དུ་བརྡ་འཕྲིན་དང་སྨྲ་བརྗོད་རང་དབང་། སྒེར་གྱི་གསང་བའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁག་ལ་སྤྱི་སྡོམ་བརྒྱབ་ཡོད།
སྙན་ཐོ་དེའི་ནང་དྲྭ་རྒྱའི་དར་གོས་ཚོང་ལམ་རྒྱུད་རྒྱ་ནག་གཞུང་གི་རྒྱ་ཁྱོན་ཆེ་བའི་རྒྱུད་གཅིག་ལམ་གཅིག་ཞེས་པའི་སྲིད་ཇུས་འོག་གི་དྲྭ་རྒྱའི་སྲིད་ཇུས་དང་གལ་གནད་ཁག་ལ་ཁྱབ་པའི་བསམ་བློ་ཞིག་ལས་སྲིད་ཇུས་ལོགས་སུ་ཡོད་པ་ཞིག་མིན་པར་བཤད་འདུག དེ་ནི་རྒྱ་ནག་ཕྱོགས་ནས་འཛམ་གླིང་གི་འགྲོ་ལུགས་ལ་འགྱུར་བ་གཏོང་བའི་འཕྲུལ་ལས་དང་དྲྭ་རྒྱའི་སྲིད་ཇུས་ཡར་རྒྱས་བཏང་སྟེ་འཛམ་གླིང་གི་ཚན་རྩལ་རིགས་པའི་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་དམིགས་ཡུལ་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་བཤད་ཡོད།
རྒྱ་ནག་གཞུང་གིས་བཟོ་ལས་གསར་པའི་ལག་རྩལ་ཁྱབ་སྤེལ་གཏོང་བ་དང་ཚོང་སྤྲེལ་གྱི་འབྲེལ་ལམ་བཙལ་ནས་དྲྭ་རྒྱའི་སྲིད་གཞུང་ལ་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་རྒྱུན་སྐྱོང་བྱེད་བཞིན་པའི་སྐབས་འདིར་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གལ་འགངས་ཆེ་བའི་ཐབས་ཇུས་རྣམས་རང་སོར་འཇོག་དགོས་པ་དང་། རྒྱུ་མཚན་དེའི་ཕྱིར་རྒྱ་ནག་གི་མངའ་ཁུལ་ནང་མཉམ་ལས་ལ་དཔྱད་པ་བྱེད་རྒྱུ་དང་། ཁོ་ཚོས་ཞི་བདེ་རྒྱ་མཚོའི་ནང་དྲྭ་རྒྱའི་རང་དབང་ཉམས་རྒུད་དུ་འགྲོ་བའི་དོན་དང་དྲྭ་རྒྱའི་གཉའ་གནོན་འཕེལ་རྒྱས་འགྲོ་བཞིན་པ་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན་ཤེས་རྒྱུ་ནི་རྒྱ་ནག་གིས་འཛམ་གླིང་ལ་བསྐྱར་དུ་འབྲེལ་ལམ་བཟོ་རྒྱུ་དང་དྲྭ་རྒྱའི་ཁྱབ་ཁོངས་དབང་སྒྱུར་བྱེད་མཁན་གྱི་སྒྲིག་གཞི་བསྐྱར་དུ་རྩོམ་པའི་མངོན་འདོད་ཤེས་རྒྱུར་གལ་ཆེན་པོ་ཆགས་ཡོད།
སྙན་ཞུ་འདིས་གོ་ལའི་དྲྭ་རྒྱའི་རྨང་གཞིའི་འཛུགས་སྐྲུན་དང་འཛིན་སྐྱོང་ལ་འཇུག་ཚུལ་མཐོང་ཆེད། རྒྱ་ནག་ནང་གི་དྲྭ་རྒྱའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་རྣམ་པའི་སྐོར་ལ་ཐུན་མོང་གི་གོ་རྟོགས་ཤིག་འཛུགས་སྐྲུན་བྱེད་པ་ནས་འགོ་བཙུགས་ཡོད། སྙན་ཞུ་དེའི་དམིགས་བྱ་གཙོ་བོ་ནི། རྒྱ་ནག་དམར་ཤོག་ཚོགས་པས་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་འགོ་གཙོ་ཧྲུའུ་ཝེ། ZTE དང་ཨ་ལི་པ་བྷ་ཚོགས་པ་སོགས་ཀྱི་འཕྲུལ་རིག་ཀྱི་ལས་འཆར་གཙོ་བོར་གྱུར་པའི་འཕྲུལ་ལས་སྡེ་ཚན་དེ་དམར་ཤོག་ཚོགས་པའི་གལ་གནད་དུ་བསྒྱུར་ཚུལ་དེ་ཡིན། དམར་ཤོག་ཚོགས་པས་སྤྱི་ཚོགས་ཀྱི་སྡེ་ཚན་ཚང་མ་དབང་དུ་བསྡུས་པ་ནི། རྒྱ་ནག་འགོ་ཁྲིད་ཤིའི་ཇིན་ཕིན་གྱི་གཅིག་སྡུད་རིང་ལུགས་ཀྱི་མཚོན་རྟགས་ཤིག་རེད། འཕྲུལ་རིག་ལས་གཞི་འདིའི་ཐོག་ནས་སྙན་ཞུ་འདིས་རྒྱལ་ཁབ་ཀྱི་གསང་ཞིབ་དང་འཕྲུལ་རིག་བདེ་འཇགས་ཁྲིམས་ལུགས་ལྟ་བུའི་རྒྱ་ནག་གི་འཕྲུལ་རིག་གི་ཁྲིམས་གཞིའི་སྒྲོམ་གཞིའི་སྐོར་ལ་འགྲེལ་བརྗོད་བྱས་ཡོད་ལ། འཕྲུལ་རིག་གི་ཁྲིམས་གཞིའི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལས་འགལ་བའི་གང་ཟག་སྒེར་དང་སྒྲིག་འཛུགས་ཁག་ལ་ཞིབ་བཤེར་དང་ལྟ་སྐུལ་ཚོད་འཛིན་ཇི་ལྟར་ལག་ལྟར་བྱེད་མིན་ཐོག་འཁོད་ཡོད།
དེ་ནས་སྙན་ཐོ་དེའི་ནང་རྒྱ་ནག་ནང་དང་ཕྱི་ཕྱོགས་ཀྱི་སྲིད་ཇུས་ཀྱི་གཙོ་གལ་དང་འཆར་གཞི་ཁག་ལ་འཕེལ་འགྱུར་ཇི་བྱུང་དང་རྒྱ་ནག་སྲིད་གཞུང་གིས་ཕྱི་ལོ ༢༠༠༨ ལོའི་དཔལ་འབྱོར་ཡར་རྒྱས་སྙན་ཐོའི་འོག་བསམ་ཚུལ་གང་བཤད་པ་རྣམས་གསལ་སྟོན་བྱས་ཡོད།
དྲ་རྒྱའི་དར་གོས་ཚོང་ལམ་གྱི་འབྲེལ་ལམ་རྒྱུད་རྒྱ་ནག་གཞུང་གིས་དྲ་རྒྱའི་ཕྱི་འབྲེལ་གྱི་ལས་དོན་རྒྱ་ཆེར་སྤེལ་བའམ་ཡང་ན་གསར་གཏོད་ལྟེ་གནས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པའི་ཐོག་ནས་རང་ཉིད་ཀྱི་ལམ་ལུགས་དེ་ཡོངས་ཁྱབ་ཀྱི་ལག་བསྟར་ལེགས་ཤོས་སུ་བསྒྱུར་ཡོད། དམིགས་བསལ་གྱིས་འཕྲུལ་རིག་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐོག་ཡིན་པ་དང་། དེ་ལྟར་བྱེད་དགོས་དོན་ནི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ལམ་ལུགས་དང་ལེན་བྱས་ཏེ་དྲ་རྒྱའི་ཐོར་གཤག་མྱུར་དུ་གཏོང་བའི་ཤུགས་རྐྱེན་སྤྲོད་ཆེད་རེད། སྲིད་དབང་སྒེར་འཛིན་པའི་རྒྱལ་ཁབ་ཁག་གི་ངོས་ནས་བཤད་ན། དེས་སྨྲ་བརྗོད་རང་དབང་དང་གནས་ཚུལ་ལ་བཀག་སྡོམ་ཇེ་ཆེར་གཏོང་བ་དང་། སྒེར་གྱི་གསང་བའི་ཐོབ་ཐང་ལ་བཀག་སྡོམ། དྲ་རྒྱའི་དྲག་གནོན་གྱི་བྱ་སྤྱོད་གཞན་སྤེལ་བ་བཅས་ལ་མཐུན་འགྱུར་བྱས་ཡོད།
རྒྱ་ནག་གིས་རྒྱུན་དུ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནི་དཔལ་འབྱོར་ཡར་རྒྱས་ཀྱི་སྙན་ཐོའི་ནང་དུ་གལ་ཆེན་དུ་བརྩིས་ཡོད། དཔེར་ན། ཁམ་བྷོ་ཌེ་ཡ་དང་། པ་ཀི་སི་ཐན། ཐའེ་ལན་ལྟ་བུ་ནི་སྙན་ཐོ་དེའི་ནང་དུ་ཐོག་མར་མཉམ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་ཁག་ཡིན། འཛམ་གླིང་ཁྱོན་ཡོངས་ནས་རྒྱ་ནག་གི་ཤུགས་རྐྱེན་ངན་པ་ཐེབས་པའི་རྒྱལ་ཁབ་བཅུའི་ནང་གི་དྲུག་ནི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནས་ཡིན་ཞིང་། ARTICLE 19 གི་འཛམ་གླིང་མངའ་ཁུལ་མངོན་དོད་སྙན་ཐོའི་ནང་འདས་པའི་ལོ་བཅུའི་རིང་གི་གནས་བབ་དེ་ཉམས་རྒུད་དུ་འགྲོ་བཞིན་པ་ཤེས་རྟོགས་བྱུང་ཡོད། མངོན་དོད་སྙན་ཐོའི་ནང་དུ་དཔྱད་ཞིབ་བྱས་པའི་རྒྱལ་ཁབ་ཀྱི་ཁྲོད་ནས་མ་ལེ་ཞི་ཡ་དང་བལ་ཡུལ་གཉིས་ནི་བཀག་སྡོམ་ཁུལ་ནང་ཚུད་ཡོད་ལ། ཁམ་བྷོ་ཌེ་ཡ་དང་ཐེ་ལན་གཉིས་ནི། མངོན་དོད་སྙན་ཐོའི་ཉེན་ཁའི་ཁུལ་ནང་དུ་ཚུད་འདུག
འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་སྤེལ་གཏོང་བའི་ཆེད་དུ་རྒྱལ་ཁབ་ཁག་གིས་གློག་འཕྲིན་རྨང་གཞིའི་འཛུགས་སྐྲུན་གྱི་བདག་དབང་ཐོག་ཕྱི་གསལ་ནང་གསལ་གྱི་སྒྲིག་གཞི་བཟོ་དགོས་པ། སྨྲ་བརྗོད་རང་དབང་ལ་འཕྲུལ་རིག་གི་རྨང་གཞིའི་འཛུགས་སྐྲུན་དེ་འབྲེལ་ཡོད་ཚང་མས་རང་དབང་དང་ངེས་ཚིག་མི་འགོད་པའི་ཐོག་ནས་བེད་སྤྱོད་བྱེད་ཐུབ་པའི་གུ་ཡངས་ཀྱི་གནས་ཤིག་རྒྱུན་སྲིང་ཐུབ་པ་ཞིག་དགོས།
རྒྱལ་ཁབ་རེ་རེའི་སྙན་ཐོའི་ནང་རྒྱ་ནག་ནས་ཡར་རྒྱས་ཀྱི་རོགས་རམ་དང་དྲ་རྒྱའི་དར་གོས་ཚོང་ལམ་དང་འབྲེལ་བའི་ལས་འཆར་ཁག་ལ་ཁེ་ཕན་ཐོབ་ཡོད་པ་གསལ་ཡོད། དཔྱད་ཞིབ་བྱས་པའི་གནས་ཚུལ་ཀྱི་རྒྱལ་ཁབ་འདི་ཚོའི་ནང་རྨང་གཞི་འཛུགས་སྐྲུན་ཡང་ན་འཕྲུལ་རིག་འཛིན་སྐྱོང་གི་མཉམ་ལས་ཐོག་དཔྱད་ཞིབ་བྱས་པ་དང་། 5G ལག་རྩལ། མཚོ་འོག་འོད་སྐུད་དང་འཁོར་སྐར་ལམ་ལུགས། འཕྲུལ་རིག་དཔལ་འབྱོར་ལམ་ལུགས། དྲྭ་རྒྱའི་བདེ་འཇགས་དང་འབྲེལ་བའི་ཁྲིམས་དང་སྲིད་ཇུས་བཅས་ལ་དཔྱད་ཞིབ་བྱས་ཡོད། དཔྱད་ཞིབ་བྱས་པའི་གནས་ཚུལ་རྣམས་མང་ཚོགས་ཀྱི་སྤྱི་ཚོགས་ཀྱི་ཆེད་མཁས་པ་ཚོའི་བསམ་ཚུལ་དང་ཡོངས་གྲགས་གསར་འགྱུར་བརྒྱུད་ལམ་ཁག་གི་སྙན་ཐོ་ཁག་ལ་གཞི་བཅོལ་ཡོད་པས། རྒྱ་ནག་དང་མཉམ་དུ་འཕྲུལ་རིག་འཛིན་སྐྱོང་གི་མཉམ་ལས་བྱེད་ཕྱོགས་ཀྱི་གནད་དོན་གལ་ཆེན་ཁག་གསལ་སྟོན་བྱས་ཡོད་པ་ངེས་བརྟན་བཟོས་ཡོད།
རྒྱ་ནག་དང་འདྲ་བའི་དྲ་རྒྱའི་སྲིད་དབང་སྒེར་འཛིན་ལམ་ལུགས་དང་ལེན་བྱེད་པ། ༢༠༢༡ ལོ་ནས་བཟུང་ཁམ་བྷོ་ཌེ་ཡ་ཡིས་རྒྱལ་ཁབ་ཀྱི་དྲ་རྒྱའི་འཛུལ་སྒོའི་འོག་ནས་རང་ཉིད་ཀྱི་དྲ་རྒྱའི་དྲྭ་སྲུང་ཆེན་པོ་དེ་བཙན་འགེལ་བྱེད་ཐབས་བྱས་ཡོད། མ་ལེ་ཞི་ཡ་ནི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རིམ་པ་འདི་འདྲ་ཞིག་ལ་ཉམས་རྒུད་དུ་སོང་མེད་ཀྱང་། རྒྱ་ནག་གི་ཁེ་ལས་དང་མཉམ་འབྲེལ་བྱེད་བཞིན་ཡོད་པའི་སྲིད་ཇུས་ཀྱི་འགྱུར་བ་ལ་ཚབས་ཆེའི་མཇུག་འབྲས་འབྱུང་སྲིད། ༢༠༡༡ ལོར་བལ་ཡུལ་གྱིས་རྒྱ་ནག་གི་ཡར་རྒྱས་རོགས་རམ་གྱི་ལས་འགུལ་ཡོང་ཆེད་བོད་མི་བཙན་འབྱོལ་བ་ཚོར་དྲག་གནོན་བྱེད་པ་དེ་མུ་མཐུད་གནས་ཡོད་ཀྱང་། ཉེ་ཆར་གྱི་དྲ་རྒྱའི་བདེ་འཇགས་ཀྱི་སྲིད་འཇུས་འགྱུར་བ་དེའི་རྐྱེན་གྱིས་རྒྱ་ནག་དང་འདྲ་བའི་དྲ་རྒྱའི་དྲྭ་སྲུང་ལམ་ལུགས་ལག་བལྟར་བྱེད་དགོས་པ་རེ་བ་སྟོན་ཡོད། ཐེ་ལན་ནང་ ༢༠༡༤ ལོ་ནས་ཟུང་དམག་དོན་སྲིད་འགྱུར་གྱི་གནད་དོན་འོག་དྲ་རྒྱའི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་རྒྱ་ནག་དང་མཉམ་འབྲེལ་གྲོས་མཐུན་བཞག་པ་ལ་བརྟེན་ནས་དྲ་རྒྱའི་ཉེས་སྤྱོད་དང་དྲ་རྒྱའི་ཁྲིམས་བཅས་རྒྱ་ནག་དང་འདྲ་བའི་དྲ་རྒྱའི་དྲ་སྲུང་ལམ་ལུག་ལ་མུ་མཐུན་བྱེད་ཡོད། གནས་སྡོད་རྒྱལ་ཁབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གྱི་མཚམས་སུ་ཡུ་གུར་བཙན་བྱོལ་བ་རྣམས་དང་ཐེ་ལེན་བ་མང་པོ་འཇུས་བཟུང་བྱས་ཡོད། སྙན་ཐོ་དེའི་མཇུག་ཏུ་འབྲེལ་ཡོད་མི་སྣ་སྣ་ཚོགས་ལ་ལམ་སྟོན་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད།
ང་ཚོས་སྙན་ཐོ་འདི་ནི་གཞུང་ཁུངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་དང་ལྷག་པར་དུ་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན། སྲིད་ཇུས་བཟོ་མཁན་སོགས་ལ་མ་འོངས་པའི་ཞིབ་འཇུག་དང་། གྲོས་འགོ་འདོན་རྒྱུ། སྲིད་ཇུས་བཟོ་རྒྱུ་བཅས་ལ་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པའི་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
བལ་ཡུལ།
རྒྱ་གར་གྱི་ཕྱི་ལོགས་སུ་བོད་མི་སྐྱབས་བཅོལ་བ་འབོར་ཆེན་ཞིག་བལ་ཡུལ་ནང་གནས་སྡོད་བྱེད་བཞིན་ཡོད་པར་བརྟེན། བལ་ཡུལ་ནང་གི་བོད་པའི་སྤྱི་ཚོགས་ལ་སྟངས་འཛིན་བྱེད་རྒྱུ་ནི་རྒྱ་ནག་གི་བལ་ཡུལ་དང་འབྲེལ་བའི་ཐོག་གནད་དོན་གཙོ་བོ་ཞིག་ཏུ་འགྱུར་ཡོད། ༢༠༠༨ ལོའི་ཟླ ༣ ནང་། པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་འགྲན་གོ་སྒྲིག་བྱེད་བཞིན་པའི་ཟླ་བ་ཁ་ཤས་སྔོན་ལ། ལྷ་ས་དང་ཀ་ཐ་མན་གྲུ་གཉིས་སུ་བོད་མི་མང་པོ་འཛོམས་ནས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཐོག་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གིས་དྲག་པོའི་སྒོ་ནས་ཡ་ལན་སྤྲད་ཡོད་པ་དང་། བལ་ཡུལ་གྱི་ཉེན་རྟོག་པས་ཀྱང་ཚད་ལས་བརྒལ་བའི་དྲག་ཤུགས་ཀྱིས་ཡ་ལན་སྤྲད་ཡོད། དོན་རྐྱེན་དེ་དག་ལ་བརྟེན་ནས་རྒྱ་ནག་གིས་བོད་པའི་སྤྱི་ཚོགས་དང་བཙན་འབྱོལ་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བའི་སྐོར་ལ་རྒྱལ་སྤྱིའི་དོ་སྣང་སླེབས་ཡོད། ལོ་གཅིག་གི་རྗེས་སུ་རྒྱ་ནག་གིས་བལ་ཡུལ་ས་མཚམས་ནང་རྒྱ་ལ་ངོ་རྒོལ་བྱེད་མཁན་དང་ཁ་བྲལ་རིང་ལུགས་པ་ཞེས་འབོད་སའི་མི་སྣ་རྣམས་ལ་ཁ་གཏད་གཅོག་རྒྱུའི་ཆེད་བལ་ཡུལ་ནང་རོགས་རམ་དང་ཡར་རྒྱས་ལྡབ་འགྱུར་བྱེད་ཡོད། རྒྱ་ནག་གིས་བལ་ཡུལ་ནང་དབང་ཤུགས་ཇེ་ཆེར་གཏོང་བཞིན་པ་དེས་བོད་མིའི་སྨྲ་བརྗོད་རང་དབང་དང་ཚོགས་འདུའི་རང་དབང་ལ་བཀག་སྡོམ་དང་། བལ་ཡུལ་ནང་དྲ་རྒྱའི་རང་དབང་ཇེ་ཞན་དུ་ཕྱིན་པའི་ཤུགས་རྐྱེན་ངན་པ་ཐེབས་ཡོད་པར་བརྗོད་ཆོག།
རྒྱ་ནག་ནི་ཕྱི་ལོ ༢༠༡༤ ནས་བཟུང་བལ་ཡུལ་གྱི་ཕྱི་རྒྱལ་མ་འཛུགས་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཕྱི་ལོ ༢༠༢༠ ལོར་ཕྱི་རྒྱལ་མ་འཛུགས་ཡོངས་ཀྱི་བརྒྱ་ཆ ༧༡ ཙམ་ཟིན་ཡོད་ལ། ཕྱི་ལོ ༢༠༢༢ ལོར་རྒྱ་ནག་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་ཕྱི་རྒྱལ་མ་འཛུགས་བྱེད་མཁན་རྣམས་ཀྱི་སྔར་ལས་མང་བ་གཏོང་རྒྱུའི་ཁས་ལེན་བྱེད་ཡོད་པའི་གནས་ཚུལ་འཁོད་ཡོད།
ཕྱི་ལོ ༢༠༡༧ ལོར་བལ་ཡུལ་གྱི་རྒྱ་ནག་གཞུང་གི་རྒྱ་ཁྱོན་ཆེ་བའི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཁོངས་སུ་མཉམ་ཞུགས་བྱེད་ཡོད་པ་དང་། དེ་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གྱིས་བལ་ཡུལ་གྱི་སྐྱེལ་འདྲེན་དང་འཕྲུལ་རིག་རྨང་གཞི་འཛུགས་སྐྲུན་བྱས་ཡོད། ཕྱི་ལོ ༢༠༢༡ ལོའི་ཟླ་བ་དགུ་པའི་ནང་། ཤིའི་ཇིན་ཕིན་གྱིས་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་བྱེད་དགོས་པ་དང་། དེ་ཡང་འཕྲུལ་རིག་དཔལ་འབྱོར་དང་འབྲེལ་ལམ་སོགས་ཀྱི་ཐོག་ལ་མཉམ་འབྲེལ་བྱེད་རྒྱུ་གཙོ་བོར་བཟུང་ནས་མདུན་སྐྱོད་བྱ་དགོས་པར་ནན་བཤད་བྱས་ཡོད། ཕྱི་ལོ ༢༠༢༣ ལོའི་ཟླ་བ་གསུམ་པའི་ནང་། བལ་ཡུལ་གྱི་སྲིད་བློན་ཕུ་ཤི་ཀ་མ་ལ་དྷ་ཧལ་གྱིས་རྒྱ་ནག་ཐེ་བའི་ཡར་རྒྱས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཚོར་ཕྱི་ལོ ༢༠༢༦ བར་དུ་བལ་ཡུལ་དེ་ཡར་རྒྱས་དམའ་ཤོས་ཀྱི་རྒྱལ་ཁབ་ཀྱི་གནས་བབ་ནས་ཕྱིར་འབུད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་ནན་སྐུལ་བྱས་ཡོད། ཁོང་གིས་དེ་ལྟར་ཡོང་བར་བལ་ཡུལ་གྱིས་རྒྱ་ནག་དང་མཉམ་དུ་ཚོང་ལས་དང་མ་འཛུགས་ཀྱི་གོ་སྐབས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད།
བལ་ཡུལ་གྱི་མི་དམངས་ཀྱིས་མཉམ་འབྲེལ་འདི་ལ་ངོ་རྒོལ་བྱས་ཡོད་ལ། བུ་ལོན་དང་རྒྱ་ནག་གི་ཀམ་པ་ནི་ཡི་ལས་གཞི་ཧ་ལམ་ཚང་མའི་ནང་དུ་བེད་སྤྱོད་བྱེད་པའི་ཉེན་ཁ་ལ་སེམས་ཁྲལ་གྱི། རྒྱ་ནག་གི་རྒྱ་ཁྱོན་ཆེ་བའི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལས་འཆར་ཁག་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
མ་ཟད་མི་འབོར་མང་པོ་གནས་སྤོར་དུ་གཏོང་བའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་འཆར་དེ་ལ་ཁོང་ཁྲོ་ལངས་ཡོད། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་དྲ་རྒྱའི་རང་དབང་ཐོག་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་སྐོར་ ARTICLE 19 གྱི་བཅར་དྲི་ནང་སེམས་ཁྲལ་ཡོད་པ་བཏོན་ཡོད།
བལ་ཡུལ་ནང་བཙུན་མ་ཞིག་གི་ཕྱི་ལོ ༢༠༠༨ ལོའི་ཟླ ༥ ཚེས ༥ ཉིན་ཀ་ཐ་མན་གྲུའི་རྒྱ་ནག་གི་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་བྱེད་པར་འཛིན་བཟུང་བྱེད་ཡོད། (དྲ་པར།: Gopal Chitrakar/ Reuters)
འཕྲུལ་རིག་རྨང་གཞིའི་འཛུགས་སྐྲུན།
རྒྱ་ནག་གཞུང་གིས་བདག་བཟུང་བྱེད་པའི་བལ་ཡུལ་གློག་འཕྲིན་ཁེ་ལས་ Nepal Telecom (NT) དང་། ཨེན་སིལ་ཁེ་ལས་ Ncell དང་། Smartcell – Nepal’s གི་རྒྱ་ནག་གི་འཕྲུལ་ཆས་བཟོ་སྐྲུན་ཁང་ནས་ཐོན་སྐྱེད་བྱས་པའི་ཡོ་ཆས་བེད་སྤྱོད་གཏོང་གི་ཡོད།
ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བདག་བཟུང་བྱེད་པའི་བལ་ཡུལ་གློག་འཕྲིན་ཁེ་ལས་ Nepal Telecom (NT) གི་རྒྱ་ནག་བརྡ་འཕྲིན་ཞབས་ཞུ་ཡང་ན། Comservice40 (CCS) དང་། ZTE བཅས་དང་ཚོང་སྦྲེལ་གྱི་ 4G Network དང་དྲ་རྒྱའི་མྱུར་ཚད་རྒྱ་བསྐྱེད་དང་ཡར་རྒྱས་གཏོང་བའི་མཉམ་ལས་བྱས་འགོ་བརྩམས་ཡོད། རྒྱ་ནག་བརྡ་འཕྲིན་ཞབས་ཞུ་ཁང་གིས་ཧྭའོ་ཝེ་ Huawei ནས་ཉོས་པའི་ཡོ་ཆས་རྣམས་མཁོ་སྤྲོད་བྱས་ཡོད། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་དབུས་གཞུང་གི་གློག་འཕྲིན་ཁང་དང་གླེང་མོལ་བྱེད་སྐབས། ཨེན་སེལ་གྱི་འགན་འཛིན་ Ncell’s CEO གྱི་མཉམ་ལས་བྱས་ནས་ལོ་བཅུ་ཕྲག་གཅིག་གི་རིང་ལ་རྒྱ་ནག་དབུས་གཞུང་གི་གློག་འཕྲིན་ཁང་གིས་ཁེ་ལས་འདིའི་གློག་འཕྲིན་དྲ་རྒྱའི་དགོས་མཁོ་བརྒྱ་ཆ་དྲུག་ཅུ་སྐོང་ཐུབ་པ་དང་། ཀམ་པ་ནི་གཉིས་ཀྱིས་མུ་མཐུད་ནས་བལ་ཡུལ་གྱི་གློག་འཕྲིན་ལས་རིགས་གོང་འཕེལ་གཏོང་བའི་ཆེད་དུ་མཉམ་ལས་ཤུགས་ཆེར་གཏོང་རྒྱུ་ཡིན་པར་བཤད་ཡོད། བལ་ཡུལ་གྱི་རྒྱ་ཆེ་བའི་གློག་འཕྲིན་ཁེ་ལས་གསུམ་གྱིས་ཧྭ་ཝེ་དང་མཉམ་དུ་གན་རྒྱ་བཞག་སྟེ་ད་ལྟའི་ 4G ནས། 5G སྤར་རྒྱུ་བྱས་ཡོད། ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་གཉིས་པའི་ནང་། བལ་ཡུལ་ཨེན་ཊི་གློག་འཕྲིན་ཁེ་ལས་ཀྱིས་ཡུན་རིང་ལ་རེ་སྒུག་བྱེད་པའི་གློག་འཕྲིན་དྲ་རྒྱ་ལྔ་པའི་ 5G ཚོད་ལྟ་འགོ་འཛུགས་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད། ཚོད་ལྟ་འདི་གློག་འཕྲིན་གྱི་ལས་མི་ཁོ་ནའི་ཁྲོད་དུ་བྱེད་རྒྱུ་ཡིན་པ་དང་། མི་དམངས་ལ་གློག་འཕྲིན་དྲ་རྒྱ་ལྔ་པ་དེ་ནམ་ཞིག་ལ་ངོ་སྤྲོད་བྱེད་རྒྱུ་ཡིན་པ་ད་དུང་ཤེས་མེད།
རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༡༦ ལོར་རྒྱ་ནག་རྒྱལ་ཡོངས་གློག་འཕྲིན་དང་བལ་ཡུལ་རྒྱལ་ཡོངས་གློག་འཕྲིན་གཉིས་དབར་ཐོག་མའི་གྲོས་མཐུན་བཞག་པ་གཞིར་བཞག་སྟེ། ཕྱི་ལོ ༢༠༡༨ ལོའི་ཟླ་བ་དང་པོའི་ནང་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་དབར་རྒྱ་ནག་འོད་སྐུད་དྲ་རྒྱའི་འབྲེལ་མཐུད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཡོད། འོད་སྐུད་དྲ་རྒྱའི་རྒྱལ་ཁབ་གཉིས་སྦྲེལ་ནས་བལ་ཡུལ་གྱིས་རྒྱ་ནག་སྤྱི་གཉེར་ཁང་ནས་དྲ་རྒྱ་ཉོ་ཐུབ་པ་དང་། བལ་ཡུལ་ཀྱང་རྒྱ་གར་གཅིག་པུར་བརྟེན་མི་དགོས་པ་དྲ་རྒྱའི་རྒྱང་གྲགས་ཉོ་རྒྱུ་མཚམས་འཇོག་བྱེད་ཐུབ། སྐབས་དེར་རྒྱ་ནག་གཞུང་གིས་བལ་ཡུལ་དུ་གཞུང་ཚབ་པ་ཡུ་ཧུང་ Yu Hong གིས། རྒྱང་གྲགས་ bandwidth ཀྱི་ལས་འཆར་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གོང་འཕེལ་དུ་གཏོང་བར་གནད་འགག་ཆེན་པོ་ཞིག་ཡིན་པ་བཤད་ཡོད།
རྒྱ་ནག་སྲིད་གཞུང་གིས་རྒྱུད་གཅིག་ལམ་གཅིག་ BRI གི་གྲོས་འཆར་བརྒྱུད་ནས་བལ་ཡུལ་ལ་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་བཞིན་པ་དང་དེ་དང་འབྲེལ་བའི་འཕྲུལ་རིག་རྨང་གཞིའི་འཛུགས་སྐྲུན་བྱེད་པ་ནི། བལ་ཡུལ་གྱི་རྒྱ་ནག་གྱི་སྲིད་དོན་འགྲེལ་བཤད་ལ་དང་ལེན་དང་། བལ་ཡུལ་ནང་གི་བོད་མི་ཚོར་ལྟ་སྐུལ་ཚོད་འཛིན་དང་གནོད་འཚེ་ཡོང་བའི་བྱ་སྤྱོད་ལ་མུ་མཐུན་ཡོད་པ་ཚོད་དཔག་བྱེད་ཐུབ།
རྒྱ་ནག་རྒྱལ་ཡོངས་གློག་འཕྲིན་ China Global Television Network (CGTN) ལ་བཅར་འདྲི་ཞུས་པའི་ནང་། རྒྱ་ནག་གློག་འཕྲིན་སྤྱི་ཁྱབ་འགན་འཛིན་ཏིང་ཕའེ་ཨོ་ཕེང་ Deng Fiaofeng གིས་ང་ཚོས་གློག་འཕྲིན་བརྒྱུད་ལམ་ཞིག་དང་སྟེགས་བུ་ཆེན་པོ་ཞིག་བཙུགས་ན་འདོད། ངས་མྱུར་ཚད་ལྡན་པའི་གནས་ཚུལ་གཙོ་བོར་འཛིན་པའི་འབྲེལ་ལམ་དེ་ལ་རྒྱུད་གཅིག་ལམ་གཅིག་ཞེས་འབོད་ཀྱི་ཡིན་ཞེས་བཤད་ཡོད།
དྲ་རྒྱའི་རྨང་གཞིའི་འཛུགས་སྐྲུན་བྱེད་པ་མ་ཟད། རྒྱ་ནག་དབུས་གཞུང་གི་གློག་འཕྲིན་ཁང་ ZTE དང་ཧྲུའུ་ཝེ་ Huawei གཉིས་ཀྱིས་བལ་ཡུལ་དུ་གཞི་གྲངས་ཉར་ཚགས་དང་གཞི་གྲངས་ལྟེ་གནས་ཁང་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་བྱས་ཡོད། དཔེར་ན། ༢༠༢༢ ལོའི་ཕྱི་ཟླ ༡༢ ཚེས ༢༠ ཉིན་ཀ་ཐ་མན་གྲུར་ཧྲུའུ་ཝེ་ ༢༠༢༢ ལོའི་སྦྲེལ་མཐུད་ཚོགས་འདུའི་སྐབས། ཧྲུའུ་ཝེ་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགན་འཛིན་ནེ་ཁོལ་སི་མཱ། Nicholas Ma ཡིས་འཕྲུལ་རིག་ཀྱི་འབྲེལ་ལམ་ཐོག་ནས་དྲ་སྤྲིན་དང་གཞི་གྲངས་ལྟེ་གནས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་རྒྱུའི་མོས་མཐུན་བྱས་ཏེ། འཕྲུལ་ཆས་བཟོ་ལས་ཀྱི་ཀམ་པ་ནི་རྣམས་ཀྱི་བལ་ཡུལ་གྱི་འཕྲུལ་རིག་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཁས་ལེན་བྱས་དགོས་པ་གསུངས་ཡོད།
ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་གཉིས་པའི་ནང་ཨེན་ཨེ་སི་ཨེལ་གྱིས་ལ་ལི་ཏུན་གྲོང་ཁྱེར་དུ་གཞི་གྲངས་ལྟེ་གནས་གསར་པ་ཞིག་འཛུགས་རྒྱུའི་གསལ་བསྒྲགས་བྱས་ཡོད། ལྟེ་གནས་དེ་ཨེན་ཨེ་སི་ཨེལ་གྱིས་བཤད་པ་ལྟར་ན་བལ་ཡུལ་ནང་གི་ཆེ་ཤོས་དེ་ཡིན་པ་དང་། བཟོ་སྐྲུན་བྱེད་པར་ཨ་སྒོར་ས་ཡ ༡༥ འགྲོ་གྲོན་བཏང་ཡོད་པ་དང་། རྒྱ་ནག་ཧྲའོ་ཝེ་དང་མཉམ་འབྲེལ་གྱིས་འཛུགས་སྐྲུན་བྱས་ཡོད།
རྒྱ་ནག་དང་བལ་ཡུལ་དབར་བོད་མི་འཛིན་བཟུང་།
ཕྱི་ལོ ༢༠༠༨ ནས་བཟུང་བལ་ཡུལ་གྱི་རྒྱ་ནག་དང་མཉམ་དུ་བདེ་འཇགས་དང་གསང་བའི་གནས་ཚུལ་མཉམ་སྤྱོད་ཀྱི་གྲོས་མཐུན་མང་པོ་བཞག་ཡོད་པ་དང་། ལྷག་པར་དུ་བོད་མིའི་སྤྱི་ཚོགས་དམིགས་འབེན་དུ་བཟུང་བའི་སྐོར་ལ་གྲོས་མཐུན་བཞག་ཡོད། བལ་ཡུལ་གྱིས་རྒྱ་ནག་གི་ལྟ་སྐུལ་ཚོད་འཛིན་ལམ་ལུགས་དང་འདྲ་བའི་སྒྲིག་འཛུགས་ཤིག་རིམ་བཞིན་ལག་བསྟར་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཐད་ཀའི་གནོན་ཤུགས་འོག་བོད་མི་ཚོར་ལྟ་སྐུལ་ཚོད་འཛིན་དང་ཞིབ་བཤེར་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༡༩ ལོའི་མཚམས་སུ་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་ས་ཕྱོགས་གང་སར་སྐོར་སྲུང་བརྙན་འཕྲིན་པར་ཆས་ཆིག་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་བཙུགས་ཡོད་ཀྱང་། མི་འགའ་ཤས་ཀྱིས་མང་པོ་ཞིག་གིས་ལས་ཀ་བྱེད་ཀྱི་མེད་པའི་ཚོད་དཔག་བྱས་ཡོད། ནང་པའི་གནས་ཡུལ་ཁག་གི་ཉེ་འཁོར་དུ་སྐོར་སྲུང་བརྙན་འཕྲིན་པར་ཆས་མང་པོ་ཞེ་དྲག་བསྒྲིགས་ཡོད་པས་བོད་མི་ནང་པ་ཚོ་ཁོ་ཚོའི་དམིགས་འབེན་གཙོ་བོ་ཡིན་པའི་ཚོད་དཔག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནང་ཁུལ་ཉེན་རྟོག་པའི་ཞིབ་འཇུག་ལྟར་ན། འབྱུང་འགྱུར་གྱི་ལོ་ཤས་ནང་ཀ་ཐ་མན་གྲུའི་ལུང་པའི་ཁྱོན་ཡོངས་སུ་སྐོར་སྲུང་བརྙན་འཕྲིན་པར་ཆས་ཉིས་ཁྲི་ཆིག་སྟོང་ལྷག་བཙུགས་ཡ་འཆར་གཞི་ཡོད་པ་དང་། སྐོར་སྲུང་ཡོ་ཆས་དེ་ཚོ་རྒྱ་ནག་གིས་མཁོ་སྤྲོད་བྱས་པའི་དཔང་རྟགས་ཁ་ཤས་ཡོད་ཀྱང་། ཉོ་ཚོང་གི་ལོ་རྒྱུས་དེ་ཚོ་ཡོངས་གྲགས་སུ་བསྒྲགས་སུ་མ་བཅུག་པ་དང་ཚོད་དཔག་ཀྱང་ལས་མང་ཚོགས་ལ་སྙན་སེང་ཞུ་མི་ཆོག
གསར་འགོད་པ་ཞིག་གིས་གྲོང་ཁྱེར་ཉེན་རྟོག་པའི་སྤྱི་ཁྱབ་ལས་ཁུངས་ཀྱི་སྐོར་སྲུང་བརྙན་འཕྲིན་པར་ཆས་ཁང་ནང་ལྟ་སྐོར་དུ་ཕྱིན་ནས་བཤད་གསལ་ལ། ང་ཚོས་ཀློག་མི་ཐུབ་པའི་རྒྱ་ཡིག་གི་ཡིག་འབྲུ་མང་པོ་འཁོད་པའི་པར་རིས་ཆེན་པོ་ཞིག་གིས་ཁེངས་ཡོད་པ་དང་། རྒྱ་ནག-བལ་ཡུལ་ཞེས་དབྱིན་ཡིག་ཡི་གེ་ཆེན་པོ་ཞིག་བྲིས་ཡོད་པའི་རྒྱ་ནག་གི་ཐད་འཇུས་ཡོད་པ་གསལ་པ་ཤེས་ཐུབ།
བལ་ཡུལ་དུ་གནས་སྡོད་བོད་མི་ཚོའི་དྲ་རྒྱ་དང་དྲ་རྒྱ་མ་ཡིན་པའི་ཐོག་ནས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བཀག་སྡོམ་བྱེད་ཀྱི་ཡོད། དེ་བཞིན་བལ་ཡུལ་དུ་གནས་སྡོད་བོད་མི་ཚོས་བོད་རང་བཙན་དང་རང་དབང་ཆེ་རུ་གཏོང་བའི་སྐོར་ལ་སྐད་ཆ་ཤོད་པར་བཀག་སྡོམ་བྱེད་ཀྱི་ཡོད། ཐ་ན་མཚམས་རེར་བལ་ཡུལ་དུ་རྒྱལ་བ་རིན་པོ་ཆེ་སྐོར་ལ་གསར་འགྱུར་སྤེལ་བ་ལའང་བཀག་སྡོམ་བྱེད་ཀྱི་ཡོད། དཔེར་ན། ཕྱི་ལོ ༢༠༡༩ ལོར། ཀ་ཐ་མན་གྲུ་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་འོག་བལ་ཡུལ་གྱི་བརྡ་འཕྲིན་དང་བརྡ་འཕྲིན་ལག་རྩལ་བློན་ཆེན་ལ་གསར་འགྱུར་ལས་ཁུངས་རཱ་སི་ཏྲི་ཡ་ས་མཱ་ཆར་ས་མེ་ཊི་ Rastriya Samachar Samiti དང་མཉམ་འབྲེལ་གྱི་གསར་འགོད་པ་གསུམ་ལ་ཞིབ་འཇུག་བྱེད་དགོས་པའི་བཀའ་བཏང་ཡོད། སྐབས་དེར་གསར་འགོད་པ་ཚོར་ཞིབ་འཇུག་བྱེད་མཁན་གྱི་ཚོགས་ཆུང་དེའི་ཚོགས་མི་གཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་ཤུགས་རྐྱེན་ཐད་ཀར་བསྟན་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལ་ང་ཚོའི་ཞིབ་འཇུག་གི་ཁ་ཕྱོགས་དེ་རྒྱ་ནག་གཅིག་གི་སྲིད་བྱུས་དང་བལ་ཡུལ་ཕྱི་རྒྱལ་ཁབ་ཀྱི་སྲིད་བྱུས་གཉིས་ཀྱི་འོག་གནས་དགོས་པ་བཤད་ཡོད།
བལ་ཡུལ་གྱི་བོད་མི་དབང་སྒྱུར་བྱེད་མ་ཐུབ་པར་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་རོགས་སྐྱོར་ཕྱིར་འཐེན་བྱེད་རྒྱུའི་འཇིགས་སྐུལ་བྱས་པ་དེས་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཁྲིམས་བཟོ་ལྷན་ཁང་ཐོག་བཙན་ཤེད་ཀྱི་སེམས་ཁྲལ་ཁེངས་སུ་བཅུག་ཡོད། ཕྱི་ལོ་ ༢༠༡༩ ལོའི་ལོ་དཀྱིལ་དུ་གྲོས་ཚོགས་འཐུས་མི་པྲ་ཌེབ་ཡ་ཌབ་ Pradeep Yadav ཀྱིས་ལཱ་ཐི་ཝི་ཡའི་ Latvia རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ནས་གོ་སྒྲིག་བྱས་པའི་བོད་རང་དབང་གི་ཉིན་མོར་མཉམ་ཞུགས་བྱས་པའི་རྗེས་སུ། རྒྱ་ནག་གཞུང་ཚབ་ཁང་གིས་དགག་པ་ནན་ཏན་བྱས་རྗེས་ཁོང་ཟླ་བ་དྲུག་གནས་དབྱུང་བཏང་ཡོད།
ལོ་དེའི་རྗེས་ཏེ ༢༠༡༩ ལོའི་ཟླ་བ་བཅུ་པའི་ནང་ཤི་ཅིན་ཕིན་ Xi Jinping གྱིས་རྒྱལ་ཁབ་ཀྱི་གནས་བསྐོར་ཡོང་བའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་མང་པོ་ཞིག་བཞག་ཡོད། བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་གྲོས་མཐུན་གྱི་བསྒྲགས་གཏམ་སྤེལ་བའི་ནང་། རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ལག་ལྟར་དང་གཞན་རྨང་གཞི་འཛུགས་སྐྲུན་གྱི་ལས་འཆར་དཔེར་ན། འོད་སྐུད་སྣེ་འཕྲིན་དང་། ཕན་ཚུན་གཉིས་ཕན་གྱི་ཆེད་དུ་གནས་ཚུལ་དང་བརྡ་འཕྲིན་གྱི་ཐོག་ནས་མཉམ་ལས་སྔར་ལས་ཤུགས་ཆེ་བྱེད་རྒྱུའི་ཁས་ལེན་བྱས་ཡོད། ད་དུང་དེས་རྒྱལ་ཁབ་གཉིས་དབར་གནས་ཚུལ་བརྗེ་རེས་དང་ཁྲིམས་ལུགས་ལག་བསྟར་ཐོག་མཉམ་ལས་ཤུགས་ཆེ་བྱེད་རྒྱུའི་ཐོག་མུ་མཐུད་འབད་བརྩོན་བྱེད་རྒྱུར་ནན་བརྗོད་བྱས་ཡོད།
ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་དགུ་པའི་ནང་། བལ་ཡུལ་གྱི་སྲིད་བློན་པུཤ་པ་ཀམ་ལ་དྷ་ཧལ་ Pushpa Kamal Dahal གྱིས་ཚོང་འདུ་འདིའི་སྐབས་ཤི་ཅིན་ཕིན་ལ་མཐུད་ནས་ཡར་རྒྱས་ཀྱི་རོགས་རམ་གནང་རོགས་ཞུས་ཡོད་པ་དང་ བལ་ཡུལ་གྱི་རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་དང་བོད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་པར་བརྟན་པོར་གནས་རྒྱུ་ཡིན་པའི་ཁས་ལེན་བྱས་པ་དང་། ཁོང་གིས་ཤི་ཅིན་ཕིན་ནི་འཛམ་གླིང་གི་དབུ་ཁྲིད་ཕུགས་བསམ་ཅན་ཞིག་དང་བལ་ཡུལ་མི་མང་གི་གྲོགས་པོ་བཟང་པོ་ཞིག་ཡིན་པར་བསྔགས་བརྗོད་བྱས་ཡོད།
རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་འོག་བལ་ཡུལ་ལ་དཔལ་འབྱོར་རོགས་སྐྱོར་དང་དེ་དང་འབྲེལ་བའི་འཕྲུལ་རིག་རྨང་གཞིའི་འཛུགས་སྐྲུན་བྱེད་པ་དེ་ནི། ཕྱོགས་གཅིག་ནས་བལ་ཡུལ་གྱིས་རྒྱ་ནག་ལ་སྲིད་དོན་འགྲེལ་བཤད་ལ་དང་ལེན་བྱེད་པ་དང་། གཉིས་ནས་བལ་ཡུལ་ནང་གི་བོད་མི་ཚོར་ལྟ་སྐུལ་ཚོད་འཛིན་དང་གཉའ་གནོན་བྱེད་པར་འདོད་པ་ཡོད་པ་བརྟེན་ཡོད།
བལ་ཡུལ་གཞུང་གི་ཆེད་ངོ་སྤྲོད་རྒྱབ་གཉེར།
- བལ་ཡུལ་ནང་གི་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ།
- བལ་ཡུལ་ནི་ཡར་རྒྱས་ཞན་པའི་རྒྱལ་ཁབ་ཀྱི་གནས་བབ་ནས་ཕྱིར་འབུད་བྱེད་འོས་པ་ཞིག་ཡིན། དེའི་ཆེད་འབྲེལ་ལམ་དང་འཕྲུལ་རིག་རྨང་གཞི་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་དགོས་ཀྱང་། ཁོ་ཚོས་ཕྱི་གསལ་ནང་གསལ་དང་ཐོབ་ཐང་གཞི་རྩར་བཞག་མཁན་མཉམ་དུ་འཕྲུལ་རིག་ཡར་རྒྱས་ཀྱི་མཉམ་ལས་འཚོལ་དགོས་པ་ལས། འགྲོ་བ་མིའི་ཐོབ་ཐང་ལ་གནོད་པའི་སྲིད་ཇུས་དང་དུ་ལེན་མཁན་ལ་གཞི་བཅོལ་མི་རུང་བ།
- བལ་ཡུལ་དང་རྒྱ་ནག་དབར་གྱི་འཕྲུལ་རིག་རྨང་གཞིའི་འཛུགས་སྐྲུན་ཡང་ན་འཛིན་སྐྱོང་གི་མཉམ་ལས་དང་འབྲེལ་བའི་གྲོས་མཐུན་དང་མོས་མཐུན་གན་རྒྱ་ཁག་ལ་མཚན་རྟགས་བཀོད་པ་རྣམས་ཕྱི་གསལ་ནང་གསལ་བཟོ་རྒྱུ་དང་། དེ་འདྲ་བའི་གྲོས་མཐུན་ཚང་མར་གཞི་མཛོད་ནང་ཚང་མའི་སྤྱོད་ཐུབ་པ་བཟོ་དགོས་རྒྱུ།
- སྤྱི་ཚོགས་དྲ་རྒྱའི་བཅའ་ཁྲིམས་དང་། ཆ་འཕྲིན་ལག་རྩལ་སྐོར་གྱི་བཅའ་ཁྲིམས། དེ་བཞིན་དྲ་རྒྱའི་རང་དབང་གི་རྩ་དོན་དང་མི་མཐུན་པའི་དོན་ཚན་བསྐྱར་བཅོས་ཡང་ན་མེད་པར་བཟོ་རྒྱུ། དེའི་རྒྱུད་རྒྱ་ནག་གི་འཕྲུལ་རིག་བར་སྟོང་དོ་དམ་ལྟ་བུའི་ཞིབ་བཤེར་གྱི་དབང་ཆ་རྣམས་ཉུང་དུ་བཏང་རྒྱུ་དེ་ཡིན་པ་དང་། སྤྱི་ཚོགས་དྲ་རྒྱ་གང་ཞིག་ཡིན་རུང་ཚང་མས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས་དང་། མ་ནི་ལའི་མཚམས་སྦྱོར་འགན་འཁྲིའི་རྩ་དོན་བཅས་ལ་བརྩི་སྲུང་ཞུ་བ།
- རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་དྲྭ་རྒྱའི་བདེ་འཇགས་ཀྱི་སྲིད་ཇུས་ལ་ལེགས་བཅོས་སམ་མེད་པར་བཟོ་རྒྱུ་དང་། ལྷག་པར་དུ་སྲིད་གཞུང་གི་ནང་གི་དྲྭ་རྒྱ་དང་རྒྱལ་ཡོངས་དྲྭ་རྒྱའི་རྒྱལ་སྒོ་འཛུགས་སྐྲུན་གྱི་འཆར་གཞི་ཁག་ལ་མདུན་སྐྱོད་བྱེད་མི་ཉན་པ་སོགས་ཡིན་ནོ།