རྒྱ་ནག་གི་ RedNote རྒྱུད་ཁྱེད་ཀྱི་གསང་བའི་གནད་དོན་རྣམས་ རྒྱ་ནག་ཏུ་འགྲོ་མིན་དང་། ངེས་པར་དུ་ཤེས་དགོས་པའི་གནད་དོན་ཁག
RedNote དེ་ལ་གཞན་ Xiaohongshu ཞེས་ཀྱང་འབོད་བཞིན་དྲ་རྒྱའི་ནང་དུ་ཧ་ཅང་དར་ཁྱབ་བྱུང་ཡོད། ལ་ལས་དེ་ལ་རྒྱ་ནག་གི་ Instagram ཞེས་འབོད་ཀྱི་ཡོད། འོན་ཀྱང་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་འདིར་བེད་སྤྱོད་པ་ཚོའི་བདེ་འཇགས་དང་འབྲེལ་བའི་ཐོག་དོག་དྲི་ཧ་ཅང་མང་པོ་སླེབས་ཡོད། RedNote དེ་ནི་ཐོག་མར་ ༢༠༡༣ ལོར་ཚོང་ཟོག་ཉོ་ཚོང་སྐོར་གྱི་ལམ་སྟོན་སྡིངས་ཆ་ཞིག་གི་ཐོག་ལས་འགོ་བཙུགས་ཤིང་། ཐོག་མར་དམིགས་ཡུལ་ནི་ཐོན་རྫས་ཀྱི་བསྐྱར་ཞིབ་དང་ཉོ་ཚོང་གི་འོས་སྦྱོར་སོགས་མཉམ་སྤྱོད་བྱེད་ཆེད་ཡིན། ཡུན་རིང་སོང་བའི་རྗེས་དེ་ནི་ཕྱོགས་ཡོངས་ནས་འཚོ་བའི་གནས་སྟངས་མཉམ་སྤྱོད་བྱེད་སའི་སྡིངས་ཆ་ཞིག་ཏུ་འགྱུར་ཞིང་། དེའི་རྣམ་པ་ནི་ Instagram དང་ Pinterest གཉིས་ཀྱི་ཁྱད་ཆོས་དང་མཚུངས། རྒྱ་སྐྱེད་འདི་འདྲ་ཞིག་གིས་སྤྱོད་པ་པོ་མང་པོ་ཞིག་གི་སེམས་འགུགས་ཐུབ་པ་བྱུང་ཞིང་། ད་ལྟ་བེད་སྤྱོད་པ་ས་ཡ་ ༣༠༠ ལས་བརྒལ་ཏེ་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་གློག་རྡུལ་ཚོང་དོན་གཉིས་འདྲེས་མའི་རྣམ་པ་ཞིག་ཏུ་གྱུར་ཡོད། སྡིངས་ཆ་འདི་ལ་དགའ་མོད་བྱེད་མཁན་མང་པོ་ཡོད་པར་མ་ཟད། ཨ་རིའི་ནང་དུའང་ TikTok དང་འབྲེལ་བའི་སེམས་ཁྲལ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་དར་ཁྱབ་ཆེན་པོ་འགྲོ་བཞིན་པ་དེས་བེད་སྤྱོད་མཁན་ཚོས་སྤྱི་ཚོགས་འབྲེལ་མཐུད་ཀྱི་ཉམས་མྱོང་གསར་པ་ཞིག་འཚོལ་བཞིན་པ་མཚོན་ཐུབ། ཡིན་ནའང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པ་དང་དེའི་ཐོག་མའི་འབྱུང་ཁུངས་རྒྱ་ནག་ཡིན་པའི་དབང་གིས་ཞིབ་བཤེར་ནན་པོ་བྱེད་དགོས་པ་ཞིག་ཆགས་ཡོད་ལ། ལྷག་པར་དུ་གནད་དོན་བསྡུ་རུབ་དང་ཉར་ཚགས། གཞུང་གི་ཤུགས་རྐྱེན་སོགས་ཀྱི་ཐད་ལ་དོ་སྣང་བྱེད་དགོས།
RedNote བེད་སྤྱོད་བྱེད་པའི་རྒྱུད་ཉེན་ཁ་དང་འཇིགས་སྐུལ་མང་པོ་ཡོད་པ་དེ་ངོས་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། གནད་དོན་གཙོ་བོ་ཞིག་ནི་བེད་སྤྱོད་མཁན་གྱི་གནས་ཚུལ་ཇི་ལྟར་ཉར་ཚགས་བྱེད་མིན་དེ་རེད། RedNote ཡི་གནས་ཚུལ་སྤྲིན་མཛོད་གཙོ་བོ་དེ་རྒྱ་ནག་སྐམ་ས་ཆེན་མོའི་ནང་གི་ཞབས་ཞུའི་འཕྲུལ་ཆས་སྟེང་དུ་བཞག་གི་ཡོད་པ་དང་། དེ་ནི་རྒྱ་ནག་གི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཚུད་ཡོད་པ་མཚོན་གྱི་ཡོད་ལ། དེའི་རྒྱུ་མཚན་གྱི་རྒྱ་ནག་གཞུང་གིས་ཁྲིམས་མཐུན་ཐོག་ནས་བེད་སྤྱོད་མཁན་གྱི་གནས་ཚུལ་རྣམས་སྤྱོད་ཆོག དེས་སྒེར་གྱི་གསང་བའི་ཐད་ལ་སེམས་ཁྲལ་ཆེན་པོ་བཟོ་ཡི་ཡོད། སྤྱིར་སྟངས། RedNote ཡིས་རང་ཉིད་དར་རྒྱས་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་ཀྱི་སྡིངས་ཆར་ངོ་སྤྲོད་བྱེད་ཀྱི་ཡོད་ནའང་དེའི་རྒྱ་ནག་དང་ཐད་ཀར་འབྲེལ་བ་ཡོད་པ་དེས་སྒེར་གྱི་གསང་བའི་གནས་ཚུལ་དང་དྲ་རྒྱའི་བཀག་སྡོམ། ལྟ་སྐུལ་ཚོད་འཛིན་བཅས་ཀྱི་ཐད་ལ་སེམས་ཁྲལ་ཆེན་པོ་བཟོ་ཡི་ཡོད། རྒྱ་ནག་གཞུང་གིས་སྒེར་གྱི་སྤྱི་གཉེར་ཁང་ལ་ཚོད་འཛིན་ཇེ་མང་བྱེད་པ་དེས་སེམས་ཁྲལ་ཇེ་ཆེར་བཏང་ཡོད། ཉེ་བའི་ལོ་འགའི་རིང་ལ་རྒྱ་ནག་གི་དྲ་རྒྱའི་སྤྱི་གཉེར་ཁང་ཆེ་གྲས་མང་པོ་ཞིག་སྟེ། དཔེར་ནAlibaba, Tencent, དེ་བཞིན་ Didi ལ་སོགས་པས་སྒྲིག་འཛུགས་ཀྱི་དམ་དྲག་དང་གནས་ཚུལ་མཉམ་སྤྱོད། དྲ་རྒྱའི་བཀག་སྡོམ་ནན་པོ་བཅས་ལ་གདོང་ལེན་བྱེད་དགོས་བྱུང་ཡོད།
གཞན་ཡང་ RedNote ཡི་གསང་རྒྱ་འགྲོ་ལུགས་ཐོག་ཞིབ་ཕྲ་གསལ་ཁ་མེད་ཅིང་། Citizen Lab ནས་སྤེལ་བའི་སྙན་ཐོ་ལྟར་ན། བརྡ་འཕྲིན་བརྒྱུད་ཪིམ་ལ་གསང་རྒྱ་མ་བཀོད་པ་དང་། སྒྲིག་ཆས་ཀྱི་སྒེར་གྱི་གནས་ཚུལ་ཐོག་གསང་རྒྱ་ཞན་པ། Android ཨན་ཊོ་མ་ལག་ཀྱི་ཐོན་རིམ་འགའ་ཞིག་གི་ནང་ཡིག་ཆར་ཉེན་ཁ་ཡོད་པ་སོགས་བདེ་འཇགས་ཀྱི་སྐྱོན་ཆ་མང་པོ་ཞིག་རྙེད་ཡོད། སྐྱོན་ཆ་དེ་དག་གིས་སྤྱོད་མཁན་རྣམས་ལ་བལྟ་སྐུལ་ཚོད་འཛིན་དང་གཞི་གྲངས་བར་སྤྱོད་ཀྱི་ཉེན་ཁ་བྱུང་སྲིད་པའི་གནས་སྟངས་འོག་ཚུད་ཡོད།
RedNote ཡིས་སྤྱོད་མཁན་གྱི་གཞི་གྲངས་མང་པོ་བསྡུ་གསོག་བྱེད་ཀྱི་ཡོད། དེའི་སྒེར་དོན་སྲུང་སྐྱོབ་ཀྱི་སྲིད་ཇུས་ལྟར་ན། མིང་དང་། གློག་འཕྲིན་ཁ་བྱང་། ཚོང་ལས་ཀྱི་གནས་ཚུལ། གནས་ཡུལ་གྱི་གཞི་གྲངས་སོགས་ཀྱི་སྒེར་གྱི་གནས་ཚུལ་བསྡུ་གསོག་བྱེད་ཀྱི་ཡོད། སྤྱོད་མཁན་གྱི་སྒེར་གྱི་གཞི་གྲངས་ལ་གཞུང་གི་ཀྱང་སྤྱོད་ཐུབ་ངེས། དེ་མིན་གལ་འགང་ཆེ་བའི་སྒེར་གྱི་གནས་ཚུལ་དེ་དག་གཞི་གྲངས་འགོག་འགལ་དང་དྲ་རྒྱའི་འཇབ་རྒོལ་གྱི་ཉེན་ཁ་ནང་ཡོད་པའི། སྤྱོད་མཁན་གྱི་སྒེར་དོན་དང་བདེ་འཇགས་ལ་གནོད་སྐྱོན་བྱུང་སྲིད།
འདི་འདྲའི་མཉེན་ཆས་འདི་རྒྱ་ནག་གི་སྒྲིག་གཞི་ཁག་ལ་གཞི་གཅོལ་ནས་ནང་དོན་བཀག་འགོག་བྱེད་པ་དང་། དེས་སྨྲ་བརྗོད་རང་དབང་ཐད་ལ་སེམས་འཚབ་ཆེན་པོ་བཟོ་ཡི་ཡོད། མ་ཟད་ཆབ་སྲིད་ཀྱི་བརྗོད་གཞི་དང་། ཡང་ན་རྒྱ་ནག་གཞུང་འབྲེལ་གྱི་གཏམ་དང་འགལ་ཟླར་གྱུར་བའི་གནས་ཚུལ་རིགས་ཕལ་མོ་ཆེར་བསུབ་འཇུག་གི་སྤྱོད་མཁན་ཚོས་བཀག་འགོག་རྣམ་པ་འདི་མྱོང་སྲིད། གཞན། སྲིད་ཇུས་དང་འགལ་འཛོལ་བྱུང་བའི་རྐྱེན་གྱིས་ཁ་བྱང་མཚམས་འཇོག་བྱེད་སྲིད་པ་དང་། སྐབས་རེ་གསལ་བཤད་གསལ་པོ་མེད་པའམ་ཡང་ན་གཞན་ཐབས་ལམ་གང་ཡང་མེད་པའང་ཡོང་སྲིད། RedNote གྱི་ཐོག་ཏུ་ཁ་བྱང་མཚམས་འཇོག་བྱེད་པ་དེ་ནི་རྒྱ་ནག་གི་བཀག་འགོག་དང་ལྟ་སྐུལ་ལ་འབྲེལ་བ་ཡོད་པ་ལས་རྒྱུ་མེད་ཀྱི་བཙན་འཇུག་ཙམ་མིན། སྤྱོད་མཁན་ཚོས་ཆབ་སྲིད་ཀྱི་བརྗོད་གཞི་སྤྱོད་པ་ཏེ། དཔེར་ན། དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཡང་ན་གཞུང་ལ་སྐྱོན་བརྗོད་བྱེད་པ་སོགས་ལ་གླེང་སློང་བྱས་ཚེ་རྒྱུ་མཚན་མེད་པར་བཀག་སྡོམ་བྱེད་པའི་ཉེན་ཁ་ཡོད། ཞུ་གཏུག་གི་བརྒྱུད་རིམ་གསལ་པོ་མེད་པའི་ངང་མཚམས་འཇོག་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་བཀག་འགོག་བཅའ་ཁྲིམས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པ་མཚོན་ཞིང་། དེས་རྒྱ་གཞུང་གི་ལྟ་སྐུལ་དང་སྡིངས་ཆའི་དྲང་བདེན་ཐད་ལ་སེམས་འཚབ་བཟོ་ཡི་ཡོད།
དེས་ན་རང་ཉིད་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ།
- རང་ཉིད་ཀྱི་གནས་ཚུལ་མང་པོ་མ་བཀོད་པ། རང་གི་ཐོ་ཁོངས་ཡང་ན་ཁ་བྱང་གསར་བཟོ་བྱེད་སྐབས་ངེས་པར་དུ་དགོས་ངེས་ཀྱི་ཞིབ་ཕྲ་ཁག་མ་གཏོག་མ་སྤྲོད།
- ཁྱེད་ཀྱི་གནས་ཡུལ་སྦས་གསང་བྱེད་པའི་ཆེད་དུ་ VPN བེད་སྤྱོད་བྱེད་དགོས། འདིས་ཁྱེད་ཀྱི་ IP ཁ་བྱང་དང་གནས་ཡུལ་སྦ་གསང་བྱེད་པར་ཕན་ཐོགས་ཐུབ།
- གནས་ཡུལ་རྗེས་འདེད་ཁ་འགོག ཁྱེད་ཀྱི་གནས་ཡུལ་གྱི་གནས་ཚུལ་ཐོབ་པར་སྲུང་སྐྱོབ་བྱེད་དགོས།
- ཁྱེད་ཀྱི་ཁ་བྱང་ནང་རྒྱུན་ལྡན་མ་ཡིན་པའི་བྱ་འགུལ་ལ་ལྟ་ཞིབ་བྱེད་དགོས། དུས་རྒྱུན་ནས་དོགས་གཞི་ཡོད་པའི་བྱ་འགུལ་ཡོད་མེད་ཞིབ་བཤེར་བྱེད་དགོས།
- RedNote ཡི་སྒེར་གྱི་གསང་དོན་གྱི་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས། དེ་ནི་ཧ་ཅང་གསལ་ཁ་མེད་ཀྱང་དེའི་སྐོར་ལ་རྒྱུས་མངའ་ཡོད་པ་བྱེད་རྒྱུ་གལ་ཆེན་པོ་རེད།
མཇུག་སྡོམ་དུ། RedNote བེད་སྤྱོད་བྱེད་སྐབས་ངེས་པར་དུ་དོགས་ཟོན་བྱེད་དགོས། ལྷག་པར་དུ་གནས་ཚུལ་འཛིན་སྐྱོང་དང་བཀག་རྒྱ་དང་འབྲེལ་བ་ཡོད་པའི་ཉེན་ཁ་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས། ཉེན་ཁ་འདི་དག་ཉུང་དུ་གཏོང་བའི་ཆེད་དུ་དུས་རྒྱུན་ནས་མཉེན་ཆས་ཀྱི་ཆོག་མཆན་ལ་ལྟོས་དགོས་པ་དང་། མཉམ་སྤྱོད་བྱས་པའི་ནང་དོན་ལ་བརྟག་དཔྱད་བྱེད་པ། དེ་བཞིན་དེས་བདེ་འཇགས་ཀྱི་ཉེན་ཁ་ལ་དོགས་ཟོན་བྱེད་དགོས། གནས་ཚུལ་ཤེས་རྟོགས་དང་སྔོན་འགོག་གི་ཐབས་ལམ་རྒྱུད་སྤྱོད་མཁན་ཚོས་རང་གི་སྒེར་དོན་དང་བདེ་འཇགས་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ།