བོད་པའི་སྤྱི་ཚོགས་ནང་ངོ་བཤུས་བྱས་པའི་མཉེན་ཆས་རྫུན་མ་དང་ཁ་པར་ཐོག་གསང་མྱུལ་མཉེན་ཆས་ལས་ཡོང་བའི་འཇིགས་སྐུལ་ལས་འགུལ།
རང་རེའི་བོད་མིའི་སྤྱི་ཚོགས་འདི་དེ་སྔ་ལྟར་བསྐྱར་དུ་གསང་མྱུལ་གྱི་དམིགས་འབེན་དུ་གྱུར་ཡོད། དེ་ཡང་ཉེ་ལམ་དབྱིན་ཡུལ་རྒྱལ་ཡོངས་དྲྭ་གནས་བདེ་འཇགས་ལྟེ་གནས་ཁང་དང་། གཞན་རྒྱལ་ཁབ་དྲུག་གི་རྒྱལ་སྤྱིའི་དྲྭ་རྒྱའི་བདེ་འཇགས་ལས་ཁུངས་ནས་སྟོན་པའི་ སྙན་ཐོའི་ ནང་། གསང་མྱུལ་རིགས་གཉིས་ Badbazaar དང་། Moonshine རྒྱུད་ཁྱབ་ཆེ་བའི་མཉེན་ཆས་རེ་བཟུང་ངོ་བཤུས་མཉེན་ཆས་རྫུན་བཟོ་བྱས་ནས་གསང་མྱུལ་བྱེད་ཀྱི་ཡོད་པ་སྟོན་ཡོད།
གསང་མྱུལ་ལས་འགུལ་འདི་གཉིས་ནི་ལོ་ཁ་ཤས་རིང་ནས་གནས་ཡོད་ཅིང་། Citizen གྱི་སྙན་ཐོ ་ལྟར་ན་MOONSHINE དེ་ཐོག་མར་༢༠༡༩ ལོར་ཐེར་སྟོན་བྱུང་བ་དང་། དེས་བོད་པའི་སྤྱི་ཚོགས་ཁྲོད་ Telegram དང་WhatsApp ལྟ་བུའི་འཕྲིན་ཡིག་བརྒྱུད་ལམ་ནས་གནོད་འཚེ་ཅན་གྱི་ཨན་ཊོ་ Android མཉེན་ཆས་བརྒྱུད་གཞུང་ཁུངས་མིན་པའི་ཚོགས་པ་ཁག་ལ་དམིགས་འབེན་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། ཡང་BADBAZAAR ནི་༢༠༢༢ ལོར་ Lookout ཞིབ་འཇུག་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད། རྗེས་སུ་ཡུ་གུར་བ། བོད་མི། དང་ཐའེ་ཝན་ནང་ཁྱབ་ཆེ་བའི་མཉེན་ཆས་སྤྱོད་མཁན་ཚོར་དམིགས་པའི་ལས་འགུལ་རྒྱ་ཆེ་བ་ཞིག་དང་འབྲེལ་བ་ཡོད་པ་ར་སྤྲོད་བྱུང་འདུག གསང་མྱུལ་རིགས་གཉིས་ཀྱི་ཁྱད་ཆོས་རྣམས་ཡར་རྒྱས་དུ་མ་བྱུང་རྗེས། ཡིད་ཆེས་རུང་བའི་ངོ་བཤུས་བྱས་པའི་མཉེན་ཆས་མང་པོའི་རྒྱུད་བལྟ་སྐུལ་ཚོད་འཛིན་ཚད་མཐོ་པོ་བྱེད་ཐུབ་པའི་ནུས་པ་རྒྱ་བསྐྱེད་བྱུང་ཡོད།
གནོད་འཚེ་ཅན་གྱི་མཉེན་ཆས་འདི་དག་ནི་ཕན་ཐོགས་ཅན་གྱི་ལག་ཆ་དང་འདྲ་བར་ངོ་བཤུས་བྱས་ཡོད། དཔེར་ན། ཞལ་འདོན་མཉེན་ཆས། ཚིག་མཛོད། ལོ་ཐོ་མཉེན་ཆས། དེ་བཞིན་Signal, Telegram, WhatsApp དང་Zom Messenger ལྟ་བུའི་དམིགས་བསལ་གྱི་འཕྲིན་ཡིག་མཉེན་ཆས་བཅས་ཚུད་ཡོད། འོན་ཀྱང་ངོ་བཤུས་མཉེན་ཆས་འདི་དག་གི་ཁྱེད་ཀྱི་འཕྲིན་ཡིག་ལ་བལྟ་ཐུབ་པ། ཁྱེད་ཀྱི་གནས་ཡུལ་་རྗེས་འདེད་གཏོང་ཐུབ་པ། ཁྱེད་ཀྱི་སྒྲ་འཇུག་ཐུབ་པ། དང་ཁྱེད་ཀྱི་བརྙན་བཤེལ་པར་ལེན་བྱེད་ཐུབ་པ་བཅས་ཁྱེད་ཀྱི་བསམ་ཡུལ་འདས་པའི་བྱ་སྤྱོད་ངན་པ་འདི་དག་ལྐོག་དུ་བྱེད་ཐུབ། གལ་ཏེ་ཁྱེད་ཀྱི་ངོ་བཤུས་མཉེན་ཆས་འདི་དག་ནས་གཅིག་ཀྱང་ཕབ་ལེན་བྱས་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་ཚེ། ལྐོག་དུ་བལྟ་སྐུལ་ཚོད་འཛིན་གྱི་བརྒྱུད་ལམ་ཞིག་རྙེད་ཡོད་པ་དང་། བརྒྱུད་ལམ་འདི་རྒྱུད་ཁོ་ཚོར་དགོས་མཁོ་གཞིག་ནས་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད།
ངོ་བཤུས་མཉེན་ཆས་འགའ་ཞིག་ནི་བོད་པའི་སྐད་འཕྲིན་ཚོགས་པའི་ནང་འགྲེམས་སྤེལ་བྱས་ཡོད་པ་མ་ཟད་ཆེས་འཕེར་བའི་སྤྱི་ཚོགས་དྲ་ལམ་ཁ་བྱང་ནང་དུ་ཡང་བཞག་ཡོད། གཞན་དག་ནི་མཉེན་ཆས་ཚོང་ཁང་ཨ་མ་མ་ཡིན་པ་ཕྱི་ལོགས་ནས་ཕབ་ལེན་བྱས་ཏེ་ཨན་ཊོ་ Android ཁ་པར་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད། དེ་ལ་ sideloading ཟེར། བརྒྱུད་རིམ་འདིས་ Google Play Store ཡི་བདེ་འཇགས་དཔྱད་ཞིབ་མི་བྱེད་པ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཙང་། ངོ་བཤུས་མཉེན་ཆས་ཡིག་ཆའི་ནང་གསང་མྱུལ་གྱི་དྲ་འབུ་སྟབས་བདེ་ངང་ལྐོག་དུ་བཞག་ཐུབ་ཀྱི་ཡོད་ཅིང་། མཉེན་ཆས་ཕབ་ལེན་བྱེད་སྟངས་འདི་ལྟར་བྱས་ན་ཁྱེད་ཀྱི་ཁ་པར་གསང་མྱུལ་དང་གནས་ཚུལ་བརྐུ་བའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད།
ངོ་བཤུས་མཉེན་ཆས་དང་མཉེན་ཆས་ངོ་མའི་བར་ཁྱད་པར་ཕྲ་མོ་ཙམ་ལས་མེད། དཔེར་ན། Tibetan Prayer” གི་ཚབ་ཏུ་ “Tibetan Paryer” བྲིས་ཡོད་པ་དང་། ཡང་ན་མཉེན་ཆས་ལས་རྟགས་གསལ་པོ་མེད་པའམ་བཟོ་ལྟ་སྐྱོ་པོ་ཡོད་པ། དེ་བས་ཀྱང་སེམས་འཚབ་དགོས་པ་ཞིག་ལ། མཉེན་ཆས་འདི་དག་གིས་དགོས་མཁོ་མེད་པའི་ཆོག་མཆན་ལེན་པ། དཔེར་ན། བོད་ཀྱི་ལོ་ཐོའི་མཉེན་ཆས་ཤིག་ལ་སྒྲ་འཇུག་དང་། པར་ཆས། གནས་ཡུལ་འཚོལ་ཞིབ་བཅས་ཀྱི་ཆོག་མཆན་ཞུས་པ་ལྟ་བུ་ཡིན་ནོ།
མཉེན་ཆས་གང་ཞིག་བཀོལ་སྤྱོད་མ་བྱས་གོང་། ངེས་པར་དུ་གསང་མྱུལ་མཉེན་ཆས་ཡིན་མིན་དཔྱད་ཞིབ་བྱ་སྟངས།
༡. ཐོག་མར་མཉེན་ཆས་བཟོ་མཁན་གྱི་མིང་ལ་དཔྱད་ཞིབ་བྱེད་དགོས། དེ་ཡང་ཡིད་ཆེས་འཕེར་བའི་བོད་པའི་མཉེན་ཆས། དཔེར་ན། Tibetan Prayer ལྟ་བུ་ནི་བོད་གཞུང་ཀམ་པུ་ཊར་སྡེ་ཚན་ (TCRC) གྱི་བཟོས་ཡོད། གལ་ཏེ་མཉེན་ཆས་ཚོང་ཁང་ངམ་མཉེན་ཆས་ཀྱི་ཁ་བྱང་ཐོག་བཀོད་པའི་བཟོ་མཁན་གྱི་མིང་དེ་ཁུངས་དང་མ་མཐུན་ན། དེ་རྫུན་མ་ཡང་ན་ངོ་བཤུས་བྱེད་པ་ཡིན་སྲིད། བྱས་ཙང་མཉེན་ཆས་ཀྱི་མིང་དང་ལས་རྟགས་ལ་ཡག་པོ་དཔྱད་ཞིབ་བྱེད་དགོས།
༢། མཉེན་ཆས་ཀྱི་མིང་དང་ལས་རྟགས་ལ་དཔྱད་ཞིབ་བྱེད་དགོས།
༣. སྒྲིག་འཇུག་མ་བྱས་གོང་དུ་ཆོག་མཆན་ག་རེ་སྤྲོད་ཡོད་མེད་ལ་དཔྱད་ཞིབ་བྱེད་དགོས།
དཔེར་ན། བོད་ཀྱི་ལོ་ཐོའི་མཉེན་ཆས་ཤིག་ལ་སྒྲ་ཕབ་དང་། པར་ཆས། གནས་ཡུལ་འཚོལ་ཞིབ་བཅས་ཀྱི་ཆོག་མཆན་དགོས་ངེས་ཡིན་ནམ།
༤། Android མཉེན་ཆས་ཀྱི་ཨེ་པི་ཀེ་ (APK) བཤེར་འབེབས་བྱེད་དགོས། VirusTotal.com - ཡིག་ཆ་དེ་ཡར་འཇུག་བྱས་ནས་ཉེན་བརྡ་ཡོད་མེད་དཔྱད་ཞིབ་བྱེད་དགོས།
༥.ལག་ཐོག་ཁ་པར་ར་སྤྲོད་ལག་ཆ་ (MVT) - གསང་མྱུལ་མཉེན་ཆས་ཡོད་མེད་ཀྱི་དཔྱད་ཞིབ་ལག་ཆ་དེ་སྤྱོད།
གལ་ཏེ་ཁྱེད་ཀྱིས་གསང་མྱུལ་མཉེན་ཆས་གང་ཞིག་སྒྲིག་འཇུག་བྱས་པར་དོགས་པ་སྐྱེས་ན་ཅི་བྱེད་དགོས་སམ།
༡། དྲ་རྒྱ་དང་འབྲེལ་བ་གཅོད་དགོས།
༢། མཉེན་ཆས་དེ་བསུབ་དགོས།
༤། གལ་ཆེའི་གནས་ཚུལ་ཁག་ཟུར་ཉར་བྱས་རྗེས་ཁ་པར་བསྐྱར་སྒྲིག་བྱ་རྒྱུར་བསམ་གཞིག་བྱེད་དགོས།
༣། གལ་ཆེའི་གནས་ཚུལ་ཁག་ཟུར་ཉར་བྱེད་དགོས།
༥། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ལ་འབྲེལ་བ་གནང་དགོས།
- support@tibcert.org
- WhatsApp: +91 8218207324
- ཁྱེད་ཀྱི་སྒེར་གྱི་གསང་དོན་གལ་ཆེན་ཡིན། བདེ་འཇགས་ལྡན་པ་དང་གསང་བའི་གླེང་མོལ་བྱེད་པར་འདིར་མནན་རོགས།
འཇིགས་སྐུལ་འདི་དག་ནི་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ལ་རྒྱལ་མཚམས་བརྒལ་བའི་དྲ་རྒྱའི་དྲག་མནོན་གྱི་རྣམ་པ་ཞིག་ཡིན། ཡིན་ནའང་ང་རང་ཚོར་ནུས་མེད་མིན། དུས་དང་རྣམ་པ་ཀུན་ཏུ་གྲུང་པོ་དང་། མཉེན་ཆས་བེད་སྤྱོད་མ་བྱས་སྔོན་ལ་དཔྱད་ཞིབ་བྱེད་པ། ཡང་ཕན་ཚུན་རོགས་རམ་བྱེད་པའི་བརྒྱུད། ང་ཚོས་ཉེན་ཁ་འདི་རིགས་ཀྱི་ཉུར་རུ་གཏོང་ཐུབ། ཁྱེད་ཀྱི་ཁ་པར་གྱི་ཁྱེད་ཀྱི་རང་དབང་མཚོན་ཐུབ་ལ། དེ་སྲུང་སྐྱོབ་གནང་གལ་ཆེ་སོ།