རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་དབུས་སུ་དྲ་རྒྱའི་ཁོར་ཡུག་ནང་འགྲུལ་བཞུད་བྱེད་པ།
འཕྲུལ་ཆས་ཐོན་རྫས་དང་ཞབས་ཞུའི་རིགས་རྣམས་ཉིན་རེའི་འཚོ་བའི་ནང་དུ་སྒྲིག་འཇུག་བྱས་པ་དེས་དེང་རབས་སྤྱི་ཚོགས་ལ་གསར་བརྗེ་ཆེན་པོ་ཞིག་ཡིན་པ་དང༌། འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་ནུས་པ་དང་འབྲེལ་བ་ཡར་རྒྱས་བཏང་ཡོད། འོན་ཀྱང༌། ཁེ་ཕན་འདི་དག་དང་མཉམ་དུ་གཏིང་ཟབ་ཀྱི་དཀའ་ངལ་ཡང་ཡོང་གི་ཡོད། ལྷག་པར་དུ་འཕྲུལ་རིག་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་དཀའ་ངལ་མང་དག་ཞིག་ཡོང་གི་ཡོད། དྲ་རྒྱ་ནི་གནས་ཚུལ་ཐོག་དམག་འཁྲུག་དང་གློག་ཀླད་གསང་བའི་དམག་ས་ཞིག་ཏུ་གྱུར་ཡོད་པ་དང༌། འདི་ནི་འཛམ་གླིང་ནང་དཔལ་འབྱོར་འགྲན་བསྡུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སེམས་འཚབ་ཀྱིས་སྐུལ་འདེད་བྱེད་ཡོད། རྒྱ་ནག་དམར་པོའི་དབང་འཛིན་ལམ་ལུགས་ཀྱིས་གནས་སྟངས་འདིའི་ཁེ་ཕན་བླངས་ནས། ཁོང་ཚོའི་ས་མཚམས་ཕྱི་ནང་གཉིས་ཀར་གནས་ཚུལ་མཉམ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཆེད་དུ་རྙོག་འཛིང་ཆེ་བའི་ལྟ་ཞིབ་དང་བཀག་སྡོམ་གྱི་ཐབས་ལམ་བེད་སྤྱོད་བྱས་ཡོད། འདིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ལས་འགུལ་ཁྱབ་གདལ་ཆེན་པོ་ཞིག་བསླངས་ཡོད་ལ། དེའི་ནང་སྲིད་གཞུང་གིས་རྒྱལ་མཚམས་བརྒལ་ནས་རང་གི་ནུས་པ་རྒྱ་བསྐྱེད་སྟངས་ཏེ་མི་མཐུན་པའི་སྐད་ཆ་མེད་པ་བཟོ་བ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་ཚོད་འཛིན་བྱེད་ཀྱིས་ཡོད།
རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱིས་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཉུང་ཤས་། ཆབ་སྲིད་མི་མཐུན་པའི་ཤོག་ཁག འགྲོ་བ་མི་ཐོབ་ཐང་གི་ལས་འགུལ་བ། གསར་འགོད་པ། དང་དེ་སྔ་སྲིད་གཞུང་མགོ་རྨོངས་བཟོ་བའི་བྱ་སྤྱོད་ལ་ཉེས་འཛུགས་བྱེད་པའི་མི་སྣ་བཅས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ལ་དམིགས་འབེན་བྱེད་ཀྱིས་ཡོད། ལྷག་པར་དུ་རྒྱ་ནག་དམར་པོའི་ཞི་ཅིན་ཕིན་གྱི་འགོ་ཁྲིད་འོག་ཏུ་རང་གི་འབད་བརྩོན་ཇེ་ཆེར་བཏང་ཡོད། ཁོང་ཚོས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་གློག་ཀླད་བདེ་འཇགས་བཅའ་ཁྲིམས་ལྟ་བུའི་དམ་བསྒྲགས་ཆེ་བའི་ཁྲིམས་དང་སྲིད་བྱུས་ལག་བསྟར་བྱས་ནས་ཉེན་ཁར་ངོས་འཛིན་བྱས་པའི་གནད་དོན་རྣམས་རྩ་མེད་བཟོ་བཞིན་ཡོད།
རྒྱ་ནག་གི་བོད་མི་ཐོག་རྒྱལ་ཁབ་བརྒལ་བའི་དྲག་གནོན་ནི་གསར་པ་ཞིག་མིན། འོན་ཀྱང་ཞི་ཅིན་ཕིང་གི་སྲིད་འཛིན་གྱི་འོག་ཏུ་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་། རྒྱལ་ཁབ་གསང་བའི་ལས་ཁུངས་ཀྱི་བཅའ་ཁྲིམས། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས། གཞི་གྲངས་བདེ་འཇགས་བཅའ་ཁྲིམས་ལྟ་བུའི་བཅའ་ཁྲིམས་གསར་པ་འདི་དག་གིས་རྒྱ་ནག་ཕྱི་ནང་གཉིས་ཀར་ ༼ དྲག་སྤྱོད་རིང་ལུགས་དང་། ནང་འཛུལ། ཁ་བྲལ་རིང་ལུགས། ༽བཅས་ལ་ངོ་རྒོལ་བྱེད་པའི་ཁྲིམས་ལུགས་ལ་དོ་སྣང་ཆེ་རུ་བཏང་ཡོད། རྟག་ཏུ་འགྱུར་བཞིན་པའི་ནག་ཉེས་ཅན་དང་ལག་རྩལ་གྱི་བཅའ་ཁྲིམས་གསར་པ་འདི་དག་གྱིས་གཉའ་གནོན་འོག་ཏུ་གནས་པའི་གྲངས་ཉུང་མི་རིགས་ཚོར་རང་ཉིད་ཀྱི་ཉེས་མེད་ཡིན་པའི་རྒྱུ་མཚན་འགྲེལ་བཤད་བྱེད་པའམ་དྲང་བདེན་གྱི་ཁྲིམས་ཁྲིར་འགྲོ་བའི་གོ་སྐབས་ཧ་ལམ་མེད་པ་བཟོས་ཡོད། རྒྱ་ནག་གི་ཕྱིར་གནས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་ཚོའི་ནང་མི་དང་གཉེན་ཉེ་རྣམས་ལ་སྲིད་གཞུང་གི་ལས་འཆར་ཁག་ལ་མ་ཉན་པའི་རྐྱེན་གྱིས་འཚོ་བའི་མཐུན་རྐྱེན་འཕྲོག་པ་དང་། ཁྲིམས་འགལ་གྱི་ཕྱིར་འབུད། ཁྲིམས་མཐུན་མིན་པའི་བཙོན་འཇུག ཡུན་རིང་དམིགས་འབེན་དུ་བཟུང་བའི་ལྟ་རྟོག་དང་གསང་ལྐོག་ལས་དོན་སོགས་ཁྲིམས་མཐུན་མིན་པའི་ཐབས་ལམ་ཡོད་དོ་ཅོག་གིས་ཉེས་ཆད་འགེལ་བཞིན་ཡོད། རྒྱ་ནག་ནང་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱིས་སྐྱོན་ཐེབས་པའི་གང་ཟག་རྣམས་རྒྱ་ནག་གི་ཁྲིམས་དང་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཡོང་སྲིད་པའི་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན། མ་ཟད་གང་ཟག་འདི་དག་ལ་འཕྲུལ་རིག་གྱི་འཇིགས་སྐུལ་དང་། རྒྱ་ནག་བང་ཡོད་པའི་ཁོང་ཚོའི་ནང་མིར་འཇིགས་སྐུལ་གྱི་ཐབས་བྱུས། རྒྱ་ནག་ནང་དུ་ཕྱིར་ལོག་བྱེད་དུ་འཇུག་པའི་བཙན་བཀའ་དང་བསྡིགས་ར་སོགས་བྱེད་ཀྱིས་ཡོད། ད་དུང་གང་ཟག་འདི་དག་ལ་ད་ལྟའི་ཆབ་སྲིད་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་པ་དང་། གང་ཟག་སྒེར་གྱི་ངི་ཤེས་རྣམས་གསལ་སྟོན་བྱེད་དགོས་པ། དེ་དང་འབྲེལ་བའི་གནས་ཚུལ་གཞན་མཁོ་སྤྲོད་བྱེད་པ་བཅས་ཀྱི་ཆེད་དུ་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲོད་བཞིན་ཡོད།
སུད་སིར་གནས་སྡོད་མཁན་བོད་མི་དོན་གྲུབ་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཚོར་ཡིད་སྐྱོའི་ཉམས་མྱོང་ཞིག་སྤེལ་ཡོད། ཕྱི་ལོ་ ༢༠༢༡ ལོར་ཁོང་ལ་བོད་ནང་གི་སྤུན་མཆེད་ཅིག་ནས་བརྙན་ལམ་ནས་ཁ་པར་ཞིག་འབྱོར་བ་དང་། སྐབས་དེར་སྤུན་མཆེད་དེའི་མཐའ་འཁོར་དུ་ས་གནས་ཉེན་རྟོག་ཁང་གི་ཉེན་རྟོག་པ་མང་པོ་བསྐོར་ཡོད། ཉེན་རྟོག་པ་ཚོས་དོན་གྲུབ་ལ་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནས་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་བ་དང་། གལ་ཏེ་མ་ཉན་ཚེ་ཁོང་གི་སྤུན་ཆེད་ཚོར་གནོད་འཚེ་ཡོང་རྒྱུའི་འཇིགས་སྐུལ་བྱས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་ཁབ་བཅུའི་ནང་གི་བཙན་བྱོལ་བ་བོད་མི་ ༨༤ ནས་དཔང་རྟགས་བསྡུ་རུབ་བྱས་ཡོད་པ་དང་། དེའི་ནང་མི་ ༤༩ ཡི་བོད་ནང་གི་སྤུན་ཆེད་ཚོར་འཇིགས་སྐུལ་བྱས་ཡོད་པ་བསྟན་ཡོད། བོད་མི་བཙན་བྱོལ་བ་ཁག་ཅིག་ལ་ལས་ཀའི་གོ་སྐབས་དང་རྔན་པ་སྤྲད་ནས་རྒྱ་ནག་གཞུང་དང་མཉམ་ལས་བྱེད་པའི་མགོ་བསླུ་བྲིད་བྱེད་ཡོད་པ་དང་། ལ་ལར་བལྟ་ཞིབ་ནན་པོ་དང་རང་སོར་ལྟ་སྐུལ་ཚོད་འཛིན་གྱི་རྐྱེན་པས་ཁོང་ཚོའི་ཞུ་གཏུག་ལས་རིམ་ལ་འཇིགས་སྣང་བྱེད་ཀྱིས་ཡོད། རྒྱ་ནག་གཞུང་གི་སྡུག་སྦྱོང་མུ་མཐུད་དེ་བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུ་དང་། ངོ་རྒོལ་གྱི་སྐད་ཆ་ཚང་མ་མེད་པ་བཟོ་རྒྱུར་དམིགས་ཡུལ་ཡོད་པ་དང་། དེའི་རྐྱེན་གྱིས་མི་ཁ་ཤས་ཀྱིས་རང་ཉིད་དང་ནང་མི་སྲུང་སྐྱོབ་ཆེད་དུ་མིང་མེད་པ་བཟོ་བའམ་རང་སོར་ལྟ་སྐུལ་ཚོད་འཛིན་བྱེད་ཀྱིས་ཡོད།
རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ནི་དམིགས་འབེན་དུ་བཟུང་བའི་དྲ་རྒྱའི་འཇིག་སྐུལ་དང་གསང་ལྐོག་ལས་དོན་བཅས་ཀྱི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གལ་ཆེའི་མི་སྣ་དང་གཞུང་ཁུངས་མིན་པའི་ཚོགས་པ་ཁག་ལ་དམིགས་ནས་གནོད་འཚེ་བཏང་ཡོད། དྲ་རྒྱའི་བདེ་འཇགས་ཀྱི་ངོས་ནས་བཤད་ན། གང་ཟག་སོ་སོས་དྲ་རྒྱའི་ཁོར་ཡུག་ནང་དུ་ཧ་ཅང་གི་གཟབ་གཟབ་བྱས་ཏེ་ལྟ་སྐུལ་ཚོད་འཛིན་དང་། ཞིབ་བཤེར། བཀག་སྡོམ། དེ་མིན་གྱི་དམིགས་འབེན་དུ་བཟུང་བའི་དྲ་རྒྱའི་འཇིག་སྐུལ་བཅས་ལས་སྔོན་འགོག་དང་གནོད་འཚེ་མེད་པ་བཟོས་དགོས། ང་ཚོའི་སྒྲིག་ཆས་ཁག་གི་སྒེར་གྱི་གསང་བ་དང་བདེ་འཇགས་ལ་དམ་དྲག་ཅན་གྱི་བཀག་སྡོམ་དང་ལྟ་སྐུལ་ཚོད་འཛིན་ལས་སྲུང་སྐྱོབ་བྱེད་པར་གཤམ་གསལ་གྱི་ལག་ལེན་ཡག་ཤོས་ཁག་ལ་དོ་སྣང་གྱིས།
༡། མ་སྒུག་པར་གསར་སྣོན་བྱོས། ཁྱེད་ཀྱི་གློག་ཀླད་ཀྱི་མཉེན་ཆས་/བཀོལ་སྤྱོད་མ་ལག་རྣམས་རྒྱུན་དུ་ཐོན་གསར་ཤོས་སུ་གསར་སྣོན་བྱེད་དགོས། དེས་བཙན་དབང་ངམ་ཡང་ན་འཆར་གཞི་མེད་པར་བཅུག་པའི་སོ་མྱུལ་མཉེན་ཆས་དང་གནོད་འཚེ་ཅན་གྱི་མཉེན་ཆས་ལས་སྲུང་སྐྱོབ་བྱེད་ཀྱིས་ཡོད།
༢། ཁྱེད་ཀྱི་གློག་ཀླད་རྣམས་བདེ་འཇགས་ངང་ཉར་ཚགས་བྱོས། གསང་ཚིག་མཁྲེགས་པོ་བེད་སྤྱོད་བྱེད་པ་དང་། རིམ་པ་གཉིས་ཀྱི་ར་སྤྲོད་ (2FA) སྤྱོད་པ། གནོད་འཚེ་ཅན་གྱི་མཉེན་ཆས་མེད་པ་བཟོ་མཁན་གྱི་མཉེན་ཆས་འཇུག་སྒྲིག་བྱེད་པ་བཅས་ཀྱིས་ཁྱེད་ཀྱི་སྒྲིག་ཆས་རྣམས་ཆོག་མཆན་མེད་པར་ལྟ་སྤྱོད་བྱེད་པ་ལས་སྲུང་སྐྱོབ་བྱེད་དགོས།
༣། བདེ་འཇགས་ཅན་གྱི་འབྲེལ་གཏུག་བྱེད་སའི་སྡིངས་ཆ་འདེམས་དགོས། གསང་བའི་གནས་ཚུལ་བརྗེ་རེས་བྱེད་སྐབས་ Signal དང་ WhatsApp ལྟ་བུའི་བདེ་འཇགས་ཅན་གྱི་འཕྲིན་ཐུང་མཉེན་ཆས་བེད་སྤྱོད་བྱས་ཏེ་ཁྱེད་ཀྱི་འབྲེལ་གཏུག་བྱེད་སའི་སྡིངས་ཆ་རྣམས་གསང་སྡོམ་རྒྱབ་ཡོད་པ་དང་སྲུང་སྐྱོབ་བྱེད་དགོས།
༤། སྤྱི་ཚོགས་བརྒྱུད་ལམ་ཐོག་སྒེར་གྱི་གནས་ཚུལ་མ་སྤེལ། སྤྱི་ཚོགས་བརྒྱུད་ལམ་གྱི་སྡིངས་ཆའི་ཐོག་སྒེར་གྱི་གནས་ཚུལ་བརྗེ་ལེན་མ་བྱེད། གང་ཡིན་ཟེར་ན་དབང་འཛིན་པའི་སྲིད་གཞུང་གིས་དེ་དག་ལྟ་སྐུལ་ཚོད་འཛིན་དང་འཇིགས་སྐུལ་གྱི་ཆེད་དུ་བེད་སྤྱོད་བྱེད་སྲིད།
༥། VPNs ཡང་ན་ Tor ལྟ་བུའི་བཀའ་འགོག་གཡོལ་ཐབས་ཡོ་བྱད་བེད་སྤྱོད་བྱེད་དགོས། ཡིད་ཆེས་འཕེར་བའི་ VPNs ཡང་ན་ Tor བེད་སྤྱོད་བྱས་ཏེ་ཁྱེད་རང་གི་སྒེར་གྱི་ངོ་བོ་སྦས་པ་དང་རྗེས་འདེད་གཏོང་ཐུབ་པའི་ནུས་པ་ཉུང་དུ་གཏོང་དགོས། ཡོ་བྱད་འདི་དག་གིས་དབང་འཛིན་པ་ཚོས་ཁྱེད་ཀྱི་འབྲེལ་གཏུག་ལ་ལྟ་སྐུལ་བྱེད་པ་ལས་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཐུབ།
༦། གློག་འཕྲིན་དང་འབྲེལ་ཐག་ལ་གཟབ་གཟབ་བྱོས། དྲྭ་བསླུ་དར་ཁྱབ་ལས་སྔོན་འགོག་བྱེད་པའི་ཆེད་དུ་དོགས་ཟོན་ཆེ་བའི་འབྲེལ་ཐག་གནོན་རྒྱུ་དང་། ཡང་ན་ཁུངས་ལྡན་མ་ཡིན་པ་ལས་ཕབ་ལེན་བྱེད་རྒྱུ་སྤོང་དགོས།
ཁྱེད་རང་དང་ཁྱེད་ཀྱི་དྲ་རྒྱ་ལེགས་ཤོས་ངང་སྲུང་སྐྱོབ་བྱེད་སྟངས་ཐད་ཀྱི་གནས་ཚུལ་རྒྱས་པ་ཤེས་འདོད་ན། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཤེས་བྱའི་གཞི་རྟེན་ལ་གཟིགས་རོགས། གལ་སྲིད་ཁྱེད་རང་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཀྱི་གནོད་འཚེ་ཕོག་པའི་གང་ཟག་ཞིག་ཡིན་ཚེ། ང་ཚོའི་རོགས་རམ་ལས་ཁུངས་ལ་འབྲེལ་བ་བྱ་རྒྱུར་ཐེ་ཚོམ་མ་བྱེད། ང་ཚོས་དཀའ་ངལ་འདི་དག་ལ་ནུས་པ་ལྡན་པའི་སྒོ་ནས་གདོང་ལེན་བྱེད་པར་དགོས་ངེས་ཀྱི་ཐོན་ཁུངས་དང་། རྒྱབ་སྐྱོར། སྦྱོང་བརྡར་བཅས་མཁོ་སྤྲོད་བྱེད་ཐུབ།