ཉམས་ཞིབ་ཚན་པའི་ངོས་ནས་བཏོན་པའི་དྲི་བ་དང་དྲིས་ལན་ཁག

1.སྐད་འཕྲིན་ནང་དུ་གནས་ཚུལ་བཀག་སྡོམ་གྱི་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་དམ། 

ང་ཚོའི་ཐེངས་སྔོན་མའི་ཉམས་ཞིབ་ཀྱི་ཁོངས་སུ། སྐད་འཕྲིན་སྤྱི་གཉེར་ཁང་གིས། རྒྱ་ནག་ནང་གི་ཁ་པར་ཨང་གྲངས་དང་སྦྲེལ་ཡོད་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས་སྐད་འཕྲིན་གྱི་ནང་དུ་བཏང་བའི་གནད་ཡོད་ཀྱི་ཐ་སྙད་དང་པར་རིས་སོགས་བཀག་སྡོམ་བྱེད་ཐུབ་པ་བཟོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། སྐད་འཕྲིན་གྱིས་དྲ་བའི་ཞབས་ཞུ་ངོས་ཐད་ནས་གནས་ཚུལ་རིགས་བཀག་སྡོམ་བྱེད་ཀྱི་ཡོད། དེའི་དོན་ནི། གནས་ཚུལ་བཀག་སྡོམ་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཁག་རྒྱང་རིང་གི་དྲ་བའི་ཞབས་ཞུ་ཞིག་གི་སྟེང་དུ་ཡོད། སྐད་འཕྲིན་ཨང་གྲངས་ཞིག་གི་ཐོག་ནས་སྐད་འཕྲིན་ཨང་གྲངས་གཞན་པ་ཞིག་གི་ཐོག་ཏུ་འཕྲིན་ཐུང་གཏོང་བའི་སྐབས་སུ། འཕྲིན་ཐུང་དེ་སྐད་འཕྲིན་གྱི་བཟོ་ཚོང་ཁང་གཙོ་བོ་ “ཐིན་ཞུན”་བརྒྱུད་ཀྱི་ཡོད་ལ། ཐིན་ཞུན་བཟོ་ཚོང་ཁང་གིས་འཕྲིན་ཐུང་དེ་གཏང་ཡུལ་ལ་མ་བཏང་གོང་།  དེའི་ནང་དུ་མིང་ཐོ་ནག་པོའི་ཁོངས་སུ་བཅུག་ཡོད་པའི་གནད་ཡོད་ཀྱི་ཐ་སྙད་རིགས་ཡོད་མེད་བརྩད་ཞིབ་བྱེད་ཀྱི་ཡོད། 

པར་རིས་དང་པོ། དྲ་བའི་ཞབས་ཞུ་ངོས་ཐད་ཀྱི་གནས་ཚུལ་བཀག་སྡོམ་རགས་བཤད།
པར་རིས་དང་པོ། དྲ་བའི་ཞབས་ཞུ་ངོས་ཐད་ཀྱི་གནས་ཚུལ་བཀག་སྡོམ་རགས་བཤད།

གལ་ཏེ་འཕྲིན་ཐུང་ཞིག་བཀག་འགོག་བྱས་རུང་། འཕྲིན་ཐུང་གཏོང་མཁན་དང་གཏང་ཡུལ་གཉིས་ཀར་དེའི་སྐོར་གྱི་བརྡ་ལན་གང་ཡང་སྤྲོད་ཀྱི་མེད། གཤམ་གྱི་ཁ་པར་འཆར་ངོས་ཀྱི་པར་རིས་འདིའི་ནང་དུ། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་མི་གཉིས་བར་གྱི་གླེང་མོལ་བསྟན་ཡོད། འཛད་སྤྱོད་པ་གཅིག་གིས་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་ཅེས་པའི་གནད་ཡོད་ཀྱི་ཐ་སྙད་ཅིག་གཏོང་ཐབས་བྱས་པ་དེ་བཀག་ཡོད་རུང་། གཏོང་མཁན་དང་གཏང་ཡུལ་གཉིས་ཀར་ཐ་སྙད་དེ་བཀག་ཟིན་པའི་བརྡ་ལན་གང་ཡང་སྤྲད་མེད།

པར་རིས་གཉིས་པ། ། འཛད་སྤྱོད་པ་ཞིག་གིས་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་ཅེས་པའི་གནད་ཡོད་ཀྱི་ཐ་སྙད་ཅིག་གཏོང་ཐབས་བྱས་པ་དེ་བཀག་ཡོད་རུང་། གཏོང་མཁན་དང་གཏང་ཡུལ་གཉིས་ཀར་ཐ་སྙད་དེ་བཀག་ཟིན་པའི་བརྡ་ལན་གང་ཡང་སྤྲད་མེད།
པར་རིས་གཉིས་པ། ། འཛད་སྤྱོད་པ་ཞིག་གིས་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་ཅེས་པའི་གནད་ཡོད་ཀྱི་ཐ་སྙད་ཅིག་གཏོང་ཐབས་བྱས་པ་དེ་བཀག་ཡོད་རུང་། གཏོང་མཁན་དང་གཏང་ཡུལ་གཉིས་ཀར་ཐ་སྙད་དེ་བཀག་ཟིན་པའི་བརྡ་ལན་གང་ཡང་སྤྲད་མེད།

2.རྒྱ་ནང་དང་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་གཉིས་བར་ལ་ཁྱད་པར་ག་རེ་ཡོད།  

རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ནི།  རྒྱ་ནག་གི་ཁ་པར་ཨང་གྲངས་ཤིག་གི་ཐོག་ཏུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཤིག་ལ་ཟེར་ཞིང་།  ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ནི།  རྒྱ་ནག་ནང་གི་ཁ་པར་ཨང་གྲངས་ཀྱི་ཐོག་ཏུ་ཐོ་འགོད་བྱས་མེད་པའི་སྐད་འཕྲིན་ནམ། ཡང་ན། ཁ་ན་ཌ་དང་ཨ་རི་རྒྱལ་ཁབ་སོགས་ཀྱི་ནང་གི་ཁ་པར་ཨང་གྲངས་ཀྱི་ཐོག་ཏུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཤིག་ལ་ཟེར།  རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཚང་མ་རྒྱ་ནག་(ཧྲིན་ཀྲིན)གི་ཁྲིམས་ལུགས་ཀྱི་ཆོད་དོན་ཁག་གི་ཁྱབ་ཁོངས་སུ་ཡོད་པ་དང་། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཚང་མ་རྒྱ་ནག་ཕྱི་ལོགས (སིང་ག་ཕོར་རྒྱལ་ཁབ་)ཀྱི་ཁྲིམས་ལུགས་ཀྱི་ཆོད་དོན་ཁག་གི་ཁྱབ་ཁོངས་སུ་ཡོད། ཉམས་ཞིབ་ཁག་སྔོན་མའི་ནང་དུ། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཚང་མ་ཆབ་སྲིད་བཀག་སྡོམ་གྱི་ཁྱབ་ཁོངས་སུ་མེད་པ་ཤེས་རྟོགས་བྱུང་ཡོད་ལ། ང་ཚོའི་ཉམས་ཞིབ་གསར་ཤོས་ཀྱི་ནང་དུ། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་དུ་བཏང་བའི་པར་རིས་དང་ཡིག་ཆ་ཁག་ཀྱང་ཆབ་སྲིད་ཀྱི་གསང་བའི་མྱུལ་ཞིབ་འོག་ཡོད་པ་མ་ཟད། པར་རིས་དང་ཡིག་ཆ་དེ་དག་གི་ནང་དོན་ཁག  མི་མངོན་པའི་ཐོག་ནས་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་གི་ཡིག་ཆ་བཀག་སྡོམ་གྱི་མ་ལག་གསར་སྐྲུན་བྱེད་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད། 

 

3.ཁྱེད་ཀྱིས་རྒྱ་ནག་ནང་དུ་ཐོ་འགོད་བྱས་མེད་པའི་སྐད་འཕྲིན་ཨང་གྲངས་ཁག་ལ་སྟངས་འཛིན་དང་དོ་དམ་བྱེད་ཀྱི་ཡོད་པ་ཇི་ལྟར་ཤེས་རྟོགས་བྱུང་སོང་། 

གལ་ཏེ་རྒྱ་ནག་ནང་དུ་ཐོ་འགོད་བྱས་མེད་པའི་སྐད་འཕྲིན་འཛད་སྤྱོད་པ་ཚོས་རྒྱ་ནག་ནང་དུ་ཐོ་འགོད་བྱས་ཡོད་པའི་སྐད་འཕྲིན་ཉེར་སྤྱོད་པ་ཚོ་ལྷན་དུ་སྐད་ཆ་མ་བཤད་ཚེ། ཁོང་ཚོ་ཆབ་སྲིད་གསང་མྱུལ་གྱི་ཉེན་ཁའི་ངོས་ཐད་ནས་བདེ་འཇགས་ཡིན་ནམ་ཞེས་མི་ཞིག་གིས་ང་ཚོར་སྐད་ཆ་དྲིས་བྱུང་ལ། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་འཛད་སྤྱོད་པ་ཕན་ཚུན་བར་གྱི་གླེལ་མོལ་རིགས་ཆབ་སྲིད་བཀག་སྡོམ་གྱི་ཁྱབ་ཁོངས་སུ་མེད་པ་ང་ཚོས་ཤེས་ཀྱི་ཡོད་སྟབས།  “ང་ཚོས་བསམ་ན། ཁོང་ཚོ་གསང་བའི་མྱུལ་ཞིབ་ཀྱི་འོག་ཏུ་མེད་”ཅེས་ལན་བཏབ་ཡོད། འོན་ཀྱང་། དེའི་རྗེས་སུ་ང་ཚོས་བསྐྱར་དུ་བསམ་བློ་འདི་ལྟར་གཏོང་དགོས་བྱུང་། འདི་ང་ཚོས་ཇི་ལྟར་ཚད་འཇལ་ཐུབ་ཀྱི་ཡོད་དམ། གསང་བའི་མྱུལ་ཞིབ་དེ་ཅི་ཡང་མེད་པའི་བར་སྟོང་གི་ནང་དུ་འབྱུང་གི་མེད་ལ། དེ་མ་འོངས་པར་གནས་ཚུལ་བཀག་སྡོམ་བྱེད་ཆེད་དུ་བཀོལ་སྤྱོད་བྱེད་ཆོག  ཐེངས་སྔོན་མའི་ཉམས་ཞིབ་བརྒྱུད་དེ། ང་ཚོས་པར་རིས་དང་ཡིག་ཆ་སོགས་ལ་མྱུལ་ཞིབ་བྱེད་པའི་ཐབས་ལམ་བེད་སྤྱད་དེ། སྐད་འཕྲིན་ནང་གི་རང་འགུལ་གྱི་གནས་ཚུལ་བཀག་སྡོམ་བྱེད་ལུགས་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་མེད་ཧ་གོ་ཡོད།  མགོ་ཉོག་གི་ཆ་ནི། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་དེ་དག་གནས་ཚུལ་བཀག་སྡོམ་གྱི་ཁྱབ་ཁོངས་སུ་མེད་པ་དེ་རེད། དེར་བརྟེན། ཁོང་ཚོ་གསང་མྱུལ་གྱི་འོག་ཏུ་ཡོད་མེད་ཚོད་ལྟ་བྱེད་པར། ང་ཚོས་སྐད་འཕྲིན་ནང་གི་གླེང་མོལ་རིགས་མི་འདྲ་བ་གཉིས་བཀོལ་སྤྱོད་བྱེད་དགོས་བྱུང་ཡོད།  གླེང་མོལ་དང་པོའི་ནང་དུ། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་གཉིས་ཕན་ཚུན་བར་འབྲེལ་བ་བྱས་ཏེ་གསང་མྱུལ་གྱི་རྐྱེན་བསླངས་པ་དང་། གནས་ཚུལ་བཀག་སྡོམ་གྱི་འགྱུར་བ་ཚད་འཇལ་བའི་ཆེད་དུ། གླེང་མོལ་གཉིས་པའི་ཁོངས་སུ་རྒྱ་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཤིག་བཅུག་ཡོད། 

ང་ཚོས་ཆབ་སྲིད་ངོས་ཐད་ནས་གནད་འགག་ཡོད་པའི་ནང་དོན་ཞིག་གླེང་མོལ་དང་པོའི་ནང་དུ་གཏོང་བའི་སྐབས་སུ། སྐད་འཕྲིན་ཨང་གྲངས་དེ་གཉིས་རྒྱ་ནག་ནང་དུ་ཐོ་འགོད་བྱས་མེད་རུང་འཕྲིན་ཐུང་གི་ནང་དོན་ལ་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པ་དང་། གླེང་མོལ་གཉིས་པའི་ནང་དུ། གཅིག་མཚུངས་ཀྱི་སྒོ་ནས་གནད་ཡོད་ཀྱི་ནང་དོན་རིགས་གཏོང་སྐབས། གནས་ཚུལ་བཀག་སྡོམ་གྱི་ཚད་གཞི་མཐོ་རུ་འགྲོ་ཡི་ཡོད་པ་དོ་སྣང་བྱུང་ཡོད། 

4.སྐད་འཕྲིན་ནང་དུ་གནད་ཡོད་ཀྱི་ཡིག་ཆའི་རིགས་ཇི་ལྟར་དབྱེ་ཞིབ་དང་ངོས་འཛིན། ཉར་ཚགས་བྱེད་ཀྱི་ཡོད་དམ། 

ཡིག་ཆའི་རིགས་ཚང་མའི་ནང་དུ་གནད་ཡོད་ཀྱི་ཡི་གེ་ཡོད་མེད་འཚག་སེལ་བྱེད་ཀྱི་ཡོད་ལ། པར་རིས་ཁག་གི་ནང་དུའང་གནད་ཡོད་ཀྱི་ཡི་གེ་ཡོད་མེད་འཚག་སེལ་བྱེད་ཀྱི་ཡོད། པར་རིས་ཁག་སྤྱི་ཡོངས་ཀྱི་མཐོང་སྣང་གི་ཐོག་ནས། གནད་ཡོད་པར་རིས་སུ་ངོས་འཛིན་བྱས་ཡོད་པའི་ཐོ་གཞུང་ནག་པོའི་ཁོངས་ཀྱི་པར་རིས་གཞན་ཁག་དང་མཉམ་དུ་ཞིབ་བསྡུར་བྱེད་ཀྱི་ཡོད། གལ་ཏེ་ཡིག་ཆ་དེ་དག་ཆབ་སྲིད་ངོས་ཐད་ནས་གནད་ཡོད་ཅན་དུ་ངོས་འཛིན་དང་ཐག་གཅོད་བྱུང་ཚེ། MD5 hash ཟེར་བའི་ཡིག་ཆ་དེའི་འཕྲུལ་ཆས་ཀྱི་མཛུབ་རིས་ལ་རྟགས་རྒྱག་གི་ཡོད། དེའི་དོན་ནི།  སྐད་འཕྲིན་གྱི་ལས་ཁུངས་ཀྱི་ངོས་ནས་ཡིག་ཆ་དེའི་མཛུབ་རིས་ཉར་ཚགས་བྱེད་ཀྱི་ཡོད་ལ། དེ་མ་འོངས་པར་ཡིག་ཆ་འདི་དག་དང་ཆ་འདྲ་བའི་ཡིག་ཆ་གཞན་པའི་རིགས་ནུས་ལྡན་གྱི་ཐོག་ནས་བཀག་སྡོམ་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུར་བཀོལ་སྤྱོད་བྱེད་ཀྱི་ཡོད། 

 

5.སྐད་འཕྲིན་ལས་ཁུངས་ཀྱིས་MD5 hash དེ་བཀོལ་སྤྱོད་བྱས་ཏེ། སྐད་འཕྲིན་ནང་དུ་བཏང་བའི་ཡིག་ཆ་ཞིག་གནད་ཡོད་ཅིག་ཡིན་པ་རྟགས་བརྒྱབ་ཚེ། ལམ་སེང་ངོས་འཛིན་བྱེད་ཀྱི་ཡོད།  MD5 hash ཟེར་བ་དེ་ག་རེ་ཡིན་ནམ།

MD5 hash ཟེར་དུས་འཕྲུལ་ཆས་ཀྱི་མཛུབ་རིས་ཤིག་ལ་བརྩི་ཆོག   ཡིག་ཆ་ཞིག་MD5 ཡི་གྲངས་ཀའི་བརྩི་ཚུལ་དེ་བརྒྱུད་ནས་འགྲོ་བའི་སྐབས་སུ། གྲངས་ཀའི་བརྩི་ཚུལ་དེས་“hash.”འམ། མཛུབ་རིས་ཤིག་བསྐྲུན་གྱི་ཡོད། hash་ནི། ཆེ་ཆུང་གཏན་འཁེལ་བྱས་ཚར་བའི་ཡིག་རྟགས་ཀྱི་ཕྲེང་བ་ཐུང་ཐུང་ཞིག་ཡིན། གཞུང་ལུགས་ངོས་ཐད་ནས་གླེང་ན། hash་འམ་མཛུབ་རིས་གཅིག་པ་འདོན་སྤེལ་བྱེད་མཁན་གྱི་ཡིག་ཆའི་རིགས་རྙེད་སོན་དང་གསར་སྐྲུན་བྱེད་རྒྱུ་ཧ་ཅང་དཀའ། འོན་ཀྱང་། MD5 བརྩི་ཚུལ་གྱི་ཁོངས་སུ་གླགས་རྙེད་སླ་བའི་སྐྱོན་ཆ་ཡོད་པ་དེས། འདྲ་བཤུས་བསྐྱར་བཟོའི་ལས་ཀ་སླ་པོ་བཟོ་ཡི་ཡོད་ལ། ང་ཚོས་སྐྱོན་ཆ་དེ་རང་ཉིད་ཀྱི་ཉམས་ཞིབ་ཁྲོད་དུ་བཀོལ་སྤྱོད་བྱས་ཡོད། པར་རིས་མི་འདྲ་བ་གཉིས་ལ་ hash་མཛུབ་རིས་གཅིག་པ་བཟོས་པའི་ཐོག་ནས། (པར་གཅིག་ལ་ཆབ་སྲིད་ངོས་ཐད་ཀྱི་གནད་འགག་ཡོད་ལ། པར་གཞན་དེར་མེད། ) ང་ཚོས་སྐད་འཕྲིན་ནང་གི་བཀག་སྡོམ་དང་མྱུལ་ཞིབ་མ་ལག་གི་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་མེད་སྐོར་དབྱེ་ཞིབ་བྱེད་ཐུབ་ཀྱི་ཡོད། 

ང་ཚོས་ཆབ་སྲིད་དང་འབྲེལ་བའི་གནད་ཡོད་ཀྱི་པར་རིས་ཁག་ཕྱི་རྒྱལ་དུ་ཐོ་འགོད་བྱས་ཡོད་པའི་སྐད་འཕྲིན་ཨང་གྲངས་ཕན་ཚུན་བར་གཏོང་བའི་སྐབས་སུ། མཛུབ་རིས(hash)་གཅིག་པ་ཡིན་པའི་གནད་འགག་མེད་པའི་པར་རིས། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཕན་ཚུན་བར་གཏོང་བའི་སྐབས་སུ་བཀག་སྡོམ་བྱས་ཡོད། གནད་འགག་མེད་པའི་པར་རིས་དེ་དག་རྩ་བའི་ཆ་ནས་གནད་ཡོད་ཀྱི་པར་རིས་ཡིན་པའི་རྟགས་བརྒྱབ་མེད། དེའི་རྒྱུ་མཚན་གྱིས། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཕན་ཚུན་བར་དུ་བརྩམས་པའི་གླེང་མོལ་ཁག་ལའང་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་བདེན་དཔང་བྱས་ཡོད། གཤམ་གྱི་པར་རིས་འདིའི་ནང་དུ། པར་རིས་ཤིག་MD5 hash་ཀྱི་ཐོག་ཏུ་ངོས་འཛིན་བྱེད་པའི་བརྒྱུད་རིམ་བསྟན་ཡོད། (དཔེར་ན། ཡིག་ཚགས་ཤིག་གམ། པར་རིས་ཤིག) དཔེ་མཚོན་འདིའི་ནང་དུ། པར་རིས་མི་འདྲ་བ་གཉིས་གསང་ཨང་རིག་པའི་མཛུབ་རིས་(hash)་བྱེད་ལས་ཀྱི་ཁོངས་སུ་བཅུག་སྟེ། MD5 མཛུབ་རིས་མི་འདྲ་བ་གཉིས་བསྐྲུན་ཡོད། 

པར་རིས་གསུམ་པ། ཡིག་ཆ་ཞིག་MD5 hash.ཐོག་ཏུ་ངོས་འཛིན་བྱེད་པའི་བརྒྱུད་རིམ།
པར་རིས་གསུམ་པ། ཡིག་ཆ་ཞིག་MD5 hash.ཐོག་ཏུ་ངོས་འཛིན་བྱེད་པའི་བརྒྱུད་རིམ།

 

6.ཉམས་ཞིབ་འདིའི་མ་འདང་སའི་ཆ་གང་དག་ཡིན། 

མ་འདང་སའི་ཆ་གཅིག་ནི། ང་ཚོའི་དབྱེ་ཞིབ་བྱེད་ཐབས་འདིས། ང་ཚོར་པར་རིས་དང་ཡིག་ཚགས་ཀྱི་རིགས་སྐད་འཕྲིན་གྱི་མྱུལ་ཞིབ་འོག་ཏུ་ཡོད་མེད་ཙམ་མ་གཏོགས་ལབ་ཐུབ་ཀྱི་མེད། ང་ཚོས་སྐད་འཕྲིན་ནང་གི་འཕྲིན་ཐུང་རིགས་ཀྱང་དེ་དང་ཆ་འདྲ་བའི་མྱུལ་ཞིབ་འོག་ཏུ་ཡོད་མེད་ད་དུང་ཤེས་ཀྱི་མེད།   དུས་མཚུངས་སུ། སྐད་འཕྲིན་འཛད་སྤྱོད་པ་ཚོས་འཕྲིན་ཐུང་རིགས་ཀྱང་གཅིག་མཚུངས་ཀྱི་མྱུལ་ཞིབ་འོག་ཡོད་ངེས་པའི་ཚོད་དཔག་བྱེད་ཆོག   མ་འདང་སའི་ཆ་གཞན་ཞིག་ནི། ང་ཚོའི་ཉམས་ཞིབ་ཀྱི་དུས་ཡུན་དེ་ཟླ་བ་ཁ་ཤས་ཀྱི་རིང་དུ་བརྐྱངས་ཡོད། དུས་སྐབས་དེའི་རིང་དུ། ང་ཚོས་ཕྱི་རྒྱལ་དུ་ཐོ་འགོད་བྱས་ཡོད་པའི་སྐད་འཕྲིན་ཨང་གྲངས་ཁག་གི་ཐོག་ཏུ་ཡོང་བཞིན་པའི་ཆབ་སྲིད་ཀྱི་མྱུལ་ཞིབ་སྐོར་ལ་ཐོག་མཐའ་བར་གསུམ་དུ་ལྟ་ཞིབ་བྱས་ཡོད་རུང་། དེའི་ལྟ་བུའི་མྱུལ་ཞིབ་དེ་ང་ཚོའི་ཉམས་ཞིབ་ཀྱི་དུས་སྐབས་དེའི་རིང་ཁོ་ནར་ལག་བསྟར་དང་ནུས་ཡོད་བཟོས་པ་ཞིག་ཡིན་མིན་གསལ་པོ་མི་ཤེས། དེའི་ལྟ་བུའི་མྱུལ་ཞིབ་ཀྱི་བྱེད་ལས་དེ་ལོ་ངོ་མང་པོའི་སྔོན་ནས་བཟུང་འགོ་བརྩམས་ཡོད་སྲིད་ལ། གཅིག་བྱས་ན། དེ་རྟག་ཏུ་སྐད་འཕྲིན་ནང་སྔོན་མ་ནས་གནས་ཡོད་སྲིད། 

7.ཉམས་ཞིབ་ཀྱི་གྲུབ་དོན་འདི་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཉེར་སྤྱོད་པ་ཚོར་མཚོན་ན་ཅི་ཞིག་ཡིན།

རྒྱ་ནག་ཕྱི་ལོགས་ཀྱི་སྐད་འཕྲིན་འཛད་སྤྱོད་པ་ཚོས། སྐད་འཕྲིན་ནང་གི་ཆབ་སྲིད་ཀྱི་མྱུལ་ཞིབ་དང་བཀག་སྡོམ་གྱི་མ་ལག་དེས་ཁོང་ཚོར་ཤུགས་རྐྱེན་གང་ཡང་སྤྲོད་མི་སྲིད་སྙམ་ངེས། ཡིན་ནའང་། ང་ཚོའི་ཉམས་ཞིབ་ཀྱི་ནང་དུ། རྒྱལ་སྤྱིའི་ནང་གི་འཛད་སྤྱོད་པ་ཚོས་སྐད་འཕྲིན་གྱི་ནང་དུ་བཏང་བའི་པར་རིས་དང་ཡིག་ཚགས་སོགས་ཆབ་སྲིད་མྱུལ་ཞིབ་ཀྱི་འོག་ཏུ་ཡོད་པ་མ་ཟད། སྐད་འཕྲིན་སྤྱི་གཉེར་ཁང་གིས་དེ་དག་གི་ནང་དོན་ཁག་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་གྱི་མ་ལག་གསར་སྐྲུན་དང་སྦྱོང་བརྡར་གྱི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད། 

8.ཉམས་ཞིབ་ཀྱི་གྲུབ་དོན་འདིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་འཛད་སྤྱོད་པ་ཚོར་གསང་མྱུལ་བྱེད་ཀྱི་ཡོད་པ་མཚོན་ནམ། 

རྒྱ་ནག་གི་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་ལྟར་ན།  རྒྱ་ནག་ནང་གི་བཟོ་ཚོང་ཁང་ཚོས་བསྡུ་ལེན་དང་སོར་འཇོག་བྱས་པའི་གནས་ཚུལ་རིགས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁྲིམས་འགལ་གྱི་ཉེས་ཅན་རིགས་ཞིབ་དཔྱོད་ཀྱི་ཆེད་དུ། སྲིད་གཞུང་ལ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད། སྐད་འཕྲིན་ལ་ཆ་མཚོན་ན། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས། རྒྱལ་ནང་གི་སྐད་འཕྲིན་བཀོལ་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ཁག་དང་གསང་རྒྱའི་སྲིད་ཇུས་ལ་བརྩི་སྲུང་བྱེད་དགོས་ལ། རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས། སིང་ག་ཕོར་རྒྱལ་ཁབ་ནང་གི་སྐད་འཕྲིན་བཀོལ་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ཁག་དང་གསང་རྒྱའི་སྲིད་ཇུས་ལ་བརྩི་སྲུང་བྱེད་དགོས་ཀྱི་ཡོད། ང་ཚོའི་ཉམས་ཞིབ་འདི་ནི། སིང་ག་ཕོར་རྒྱལ་ཁབ་ནང་གི་སྐད་འཕྲིན་བཀོལ་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ཁག་དང་གསང་རྒྱའི་སྲིད་ཇུས་འོག་ཏུ་ཡོད་པའི་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་འབྲེལ་མཐུད་ཀྱི་གཞི་གྲངས་ཁག་རྒྱ་ནག་ནང་གི་སྐད་འཕྲིན་གྱི་ལས་ཁུངས་དང་ཡང་ན། རྒྱ་ནག་ནང་གི་འབྲེལ་ཡོད་སྡེ་ཁག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་ཤེས་འདོད་ཀྱི་འདུན་པས་བསྐུལ་བ་ཞིག་ཡིན། དོན་དངོས་ཐོག  ང་ཚོའི་ཐེངས་སྔོན་མའི་ཉམས་ཞིབ་ཀྱི་ཁྲོད་དུ། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་གྱི་འབྲེལ་མཐུད་རིགས་འཆར་ཅན་གཞུང་གི་མྱུལ་ཞིབ་ཀྱི་འོག་ཏུ་ཡོད་པ་དོ་སྣང་བྱུང་ཡོད་པས། རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོ་དེ་འདྲ་བའི་མྱུལ་ཞིབ་ཀྱི་ཉེན་ཁ་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད་མེད་སྐོར་ཤེས་འདོད་བྱུང་། ང་ཚོའི་ཚོད་ལྟ་ཁག་གིས་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་བར་གྱི་འབྲེལ་མཐུད་ཁག་གིས།  རྒྱ་ནག་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་ཐོག་ཏུ་མྱུལ་ཞིབ་བྱེད་སྤྱད་ཀྱི་མ་ལག་གསར་སྐྲུན་ཐད་ལ་མཐུན་རྐྱེན་སྦྱོར་གྱི་ཡོད་པ་གསལ་སྟོན་བྱས་ཡོད། འོན་ཀྱང་། ང་ཚོས་ཉམས་ཞིབ་ཀྱི་ནང་དུ། ཐིན་ཞུན་བཟོ་ཚོང་ཁང་གིས་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་འབྲེལ་མཐུད་ཁག་རྒྱ་ནག་སྲིད་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་གསལ་མེད།  འོན་ཀྱང་། རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་འབྲེལ་མཐུད་ཀྱི་ནང་དོན་ཁག་ལ་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པ་བསྟན་ཡོད། ཡིན་ནའང་། ང་ཚོས་མཐའ་གཅིག་ཏུ། འབྲེལ་མཐུད་ཀྱི་ནང་དོན་གང་དག་ལ་མྱུལ་ཞིབ་བྱེད་ཀྱི་ཡོད་མེད་དང་། མྱུལ་ཞིབ་ཀྱི་གཞི་འཛིན་ས་གཙོ་བོ་གང་ཡིན་མིན། དེ་ནས་མྱུལ་ཞིབ་བྱས་པའི་གཞི་གྲངས་ཁག་སུ་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་སོགས་ཤེས་ཀྱི་མེད། 

9.སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་བཟོ་ཚོང་ཁང་ཚང་མས་མི་ཚོའི་འབྲེལ་མཐུད་ཀྱི་ནང་དོན་ཁག་སྟངས་འཛིན་བྱེད་ཐབས་ཀྱི་རིགས་གང་རུང་ཞིག་ལག་བསྟར་བྱེད་ཀྱི་མེད་དམ། དེ་ན་སྐད་འཕྲིན་གྱིས་སྒྲུབ་བཞིན་པའི་ལས་དོན་ཁག་ལ་མི་འདྲ་ས་ག་རེ་ཡོད། 

རྒྱ་ནག་ནང་ཁུལ་གྱི་སྐད་འཕྲིན་ནང་གི་འབྲེལ་མཐུད་ཀྱི་ནང་དོན་སྤྱི་དང་། ལྷག་པར་ཆབ་སྲིད་ངོས་ཐད་ནས་གནད་འགག་ཡོད་པའི་བརྗོད་དོན་ཁག་ལ་སྟངས་འཛིན་དང་དོ་དམ་བྱེད་ཀྱི་ཡོད་སྟབས། ང་ཚོས་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་མི་རྣམས་གསང་བའི་མྱུལ་ཞིབ་ཀྱི་འོག་ཏུ་ཡོད་ཅེས་བརྗོད་ཀྱི་ཡོད། འབྲེལ་མཐུད་ཀྱི་ནང་དོན་ཁག་གི་ཁོངས་སུ། རྒྱ་ནག་སྲིད་གཞུང་དང་དེའི་སྲིད་ཇུས་ཁག་ལ་སྐྱོན་བརྗོད་དང་། སྲིད་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བའི་འདས་གྲོངས་ལ་མྱ་ངན་ཞུ་བ་སོགས་ཚུད་ཡོད།  སྐད་འཕྲིན་ནང་གི་འབྲེལ་མཐུད་ཀྱི་ནང་དོན་གང་དག་སྟངས་འཛིན་བྱེད་ཀྱི་ཡོད་མེད་དང་། སྟངས་འཛིན་གྱི་མ་ལག་ཇི་ལྟར་གསོ་སྐྱོང་དང་གདམ་གསེས་རང་བཞིན་གྱི་ཐོག་ནས་ལག་བསྟར་བྱེད་ཀྱི་ཡོད་མེད་སོགས་སྡིངས་ཆ་གཞན་པ་དང་བསྡུར་ན་ལོགས་ཀ་ཡིན། ང་ཚོའི་ཉམས་ཞིབ་ཀྱི་ཁོངས་སུ།  ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས་སྐད་འཕྲིན་ནང་བཏང་བའི་ནང་དོན་ཁག་ཀྱང་ཆབ་སྲིད་ཀྱི་མྱུལ་ཞིབ་འོག་ཏུ་ཡོད་པ་མ་ཟད། དེ་དག་མི་མངོན་པའི་ཐོག་ནས་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་གི་འབྲེལ་མཐུད་ཀྱི་ནང་དོན་སྟངས་འཛིན་བྱེད་སྤྱད་ཀྱི་མ་ལག་གསར་སྐྲུན་བྱེད་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད།  ང་ཚོས་ཤེས་གསལ་ལྟར་ན། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་བཟོ་ཚོང་ཁང་ཚོས་ལག་བསྟར་བྱེད་བཞིན་པའི་སྟངས་འཛིན་གྱི་མ་ལག་ཁག་གི་ཁོངས་ནས། སྐད་འཕྲིན་གྱི་མྱུལ་ཞིབ་མ་ལག་དེ་ནི། སྐད་འཕྲིན་གྱི་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་རིགས་ཤིག་གིས་བཏང་བའི་ཡིག་ཆའི་ནང་དོན་ཁག་སྟངས་འཛིན་བྱས་ཏེ། མཉེན་ཆས་དེ་རང་བཀོལ་སྤྱོད་བྱེད་མཁན་གྱི་རིགས་གཞན་པ་ཞིག་གི་ཐོག་ཏུ་གསང་མྱུལ་དང་གནས་ཚུལ་བཀག་སྡོམ་ཤུགས་ཆེ་རུ་གཏོང་མཁན་གྱི་མ་ལག་གཅིག་པུ་དེ་ཡིན།

10.ཉམས་ཞིབ་ཀྱི་གྲུབ་དོན་འདི་དག་གིས། ཇི་ལྟར་ང་ཚོའི་རྒྱ་ནག་ནང་གི་ཆ་འཕྲིན་བཀག་སྡོམ་སྐོར་གྱི་ཤེས་རྟོགས་གཏིང་ཟབ་ཏུ་བཏང་ཡོད།   

ང་ཚོས་ཤེས་གསལ་ལྟར་ན། ང་ཚོའི་ཉམས་ཞིབ་འདི་ནི། འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་པའི་སྐད་འཕྲིན་བཀོལ་ཆས་ཀྱིས། རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་ཐོག་ཏུ་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པ་དང་། གསང་མྱུལ་གྱི་ཐབས་ལམ་འདི་འདྲ་བེད་སྤྱད་དེ། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས་བཏང་བའི་ཡིག་ཆའི་ནང་དོན་ཞིབ་བཤེར་དང་བཀག་སྡོམ་བྱེད་པའི་ནུས་པ་རྒྱ་བསྐྱེད་བྱེད་ཀྱི་ཡོད་པའི་དཔང་རྟགས་མཁོ་སྤྲོད་བྱེད་མཁན་ཐོག་མའི་གྲས་ཡིན། རྒྱ་ནག་ནང་གི་ཆ་འཕྲིན་བཀག་སྡོམ་སྐོར་གྱི་ཉམས་ཞིབ་སྔོན་མ་དེ་གཙོ་བོ་ཆ་འཕྲིན་བཀག་སྡོམ་གྱི་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་མེད་དང་། ཆ་འཕྲིན་གྱི་ནང་དོན་་གང་དག་བཀག་སྡོམ་བྱེད་མེད་ཀྱི་ཐོག་ཏུ་དམིགས་ཁ་གཏད་ཡོད། ང་ཚོའི་ཉམས་ཞིབ་ཀྱི་གྲུབ་དོན་ཁག འཛམ་གླིང་ཁྱོན་ཡོངས་ལ་རྒྱ་བསྐྱེད་བྱས་པའི་རྒྱ་ནག་གི་བཟོ་ཚོང་ཁང་ཁག་ལ། ཕྱོགས་གཅིག་ནས་རྒྱལ་སྤྱིའི་ནང་གི་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ཚུར་འགུག་བྱེད་པར་ཁོང་ཚོར་ཡིད་ཆེས་ཀྱི་མྱོང་སྣང་བསྐྲུན་དགོས་པ་དང་། ཕྱོགས་གཞན་ཞིག་ནས། རང་གི་རྒྱལ་ཁབ་ཀྱི་ནང་དུ། སྲིད་གཞུང་གི་དོ་དམ་གྱི་གནོན་ཤུགས་དབང་གིས་ཆབ་སྲིད་ཀྱི་གནད་ཡོད་ཆ་འཕྲིན་སྟངས་འཛིན་བྱེད་དགོས་པའི་ཕྱོགས་གཉིས་ཀྱི་སྙོམས་སྒྲིག་གི་དཀའ་ངལ་གྱི་རྒྱབ་ལྗོངས་དེའི་ངོས་ཐད་ནས་དམིགས་བསལ་གྱིས་གལ་འགངས་ཆེན་པོ་ཆགས་ཡོད། 

11.རྒྱ་ནག་ནང་གི་གནས་ཚུལ་བཀག་སྡོམ་གྱི་ཚད་གཞི་་ག་འདྲ་ཡིན། 

རྒྱ་ནག་ལ་ཁྱབ་ཆེ་བའི་་གནས་ཚུལ་གྱི་བཀག་སྡོམ་མ་ལག་ཅིག་ཡོད་ལ། དེའི་ཁོངས་སུ། དྲ་རྒྱ་དང་། བཀོལ་ཆས། གསར་འགྱུར་བརྒྱུད་ལམ་ཚོད་འཛིན་བྱེད་པ་སོགས་ཚུད་ཡོད། 

རྒྱ་ནག་ནང་དུ་གཙོ་གཉེར་བྱེད་བཞིན་པའི་་དྲ་ཐོག་གི་སྡིངས་ཆ་ཚང་མས། གནས་ཚུལ་དོ་དམ་བྱེད་ཕྱོགས་ཀྱི་ས་གནས་རིམ་པའི་ཁྲིམས་དང་སྒྲིག་གཞི་ཁག་བརྩི་སྲུང་བྱེད་དགོས་ཀྱི་ཡོད། དྲ་ཐོག་གི་སྡིངས་ཆ་མཁོ་སྤྲོད་བྱེད་མཁན་གྱི་སྤྱི་གཉེར་ཁང་ཁག་གིས་རང་རང་གི་སྡིངས་ཆའི་ནང་གི་ཆ་འཕྲིན་ཚང་མར་དོ་དམ་མ་བྱས་ཚེ། དྲ་རྒྱའི་བཅའ་ཁྲིམས་དང་འབྲེལ་བའི་ཁྲིམས་ཐོག་གི་ཉེས་ཆད་ཕོག་སྲིད་ལ། ཆ་འཕྲིན་གྱི་ནང་དོན་སྟངས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁག་བརྩི་སྲུང་མ་བྱས་ཚེ། ལས་གཉེར་གྱི་ལག་འཁྱེར་ཤོར་བའི་ཉེན་ཁ་ཡོད།  ལམ་ལུགས་འདིའི་ཁོངས་ཀྱི་མགོ་ཉོག་གི་ཆ་ནི། ཆ་འཕྲིན་གྱི་ནང་དོན་ཞིབ་བཤེར་དང་འབྲེལ་བའི་སྒྲིག་གཞི་ཁག་གི་འགྲེལ་བཤད་ཁ་གསལ་པོ་མེད་པ་དེ་རེད། དཔེར་ན། སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་བརྟན་བརླིང་ལ་གཏོར་བརླག་བྱེད་པའི་ཆ་འཕྲིན་རིགས་གཏོང་མི་ཆོག་ཅེས་གསལ་ཡོད་རུང་། དེ་ཇི་ལྟར་ཐག་གཅོད་བྱེད་ཀྱི་ཡོད་མེད་གསལ་པོ་མེད། ཆབ་སྲིད་ངོས་ཐད་ནས་སྲིད་གཞུང་ལ་གནད་འགག་ཆགས་པའི་དམིགས་བསལ་གྱི་དུས་སྐབས་སོགས་སུ། སྤྱི་གཉེར་ཁང་ཁག་ལ་ཡོངས་ཁྱབ་ཀྱི་གནས་ཚུལ་བཀག་སྡོམ་བྱེད་ཕྱོགས་ཀྱི་ལམ་སྟོན་འབྱོར་གྱི་ཡོད། འོན་ཀྱང་། ང་ཚོའི་ཉམས་ཞིབ་ཀྱི་ཁོངས་སུ། རྒྱ་ནག་སྲིད་གཞུང་གིས་གནས་ཚུལ་བཀག་སྡོམ་བྱེད་པའི་ཆེད་དུ། ་སྤྱི་གཉེར་ཁང་ཁག་ལ་གནད་ཡོད་ཐ་སྙད་སྐོར་གྱི་གཅིག་བསྡུས་ཀྱི་ཐོ་གཞུང་དེ་འདྲ་བཏང་མེད་པ་བསྟན་ཡོད། 

དེའི་རྒྱུ་མཚན་གྱིས། སྲིད་གཞུང་གིས་གནང་བའི་སྤྱི་ཡོངས་ཀྱི་བཀའ་རྒྱ་དང་ལམ་སྟོན་འོག་གནས་ཐུབ་པའི་ཆེད་དུ། གནས་ཚུལ་བཀག་སྡོམ་གྱི་ལམ་ལུགས་ལག་བསྟར་བྱེད་ཕྱོགས་སྤྱི་གཉེར་ཁང་རང་རང་སོ་སོའི་ངོས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་། ང་ཚོའི་ཐེངས་སྔོན་མའི་ཉམས་ཞིབ་ཀྱི་ཁོངས་སུ། སྐད་འཕྲིན་སྤྱི་གཉེར་ཁང་གིས་ནམ་རྒྱུན་སྤྱི་ཡོངས་ཀྱི་ཐོག་ནས་ཛ་དྲག་དང་གནད་འགག་ཆེ་བའི་་དུས་སྐབས་ཏེ། དཔེར་ན། ལིག་ཞོ་པའོ་ལགས་ཀྱི་འདས་གྲོངས་དང་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མིིའི་ཚོགས་ཆེན་ཐེངས་༡༩་པ།  ཉེ་ལམ་གྱི་ཏོག་དབྱིབས་ནད་ཡམས་སོགས་ལྟ་བུའི་དུས་ཚོད་ཁྱད་པར་ཅན་གྱི་སྐབས་ལ་སྐད་འཕྲིན་ནང་གི་ཆ་འཕྲིན་རིགས་ཞིབ་བཤེར་དང་བཀག་སྡོམ་བྱེད་ཀྱི་ཡོད་པ་བསྟན་ཡོད། 

12.ཉམས་ཞིབ་ཀྱི་གྲུབ་དོན་འདི་དག་འབྲེལ་བའི་ཁྲིམས་ཐོག་གི་གནད་དོན་གང་དག་ཡིན། གསང་རྒྱའི་སྐོར་གྱི་སྲིད་ཇུས་ཡིག་ཆའི་ནང་དུ། ཆ་འཕྲིན་གྱི་ནང་དོན་དོ་དམ་བྱེད་ཕྱོགས་འདིའི་རིགས་འཛད་སྤྱོད་པར་སྔོན་ཚུད་ནས་བརྡ་ལན་སྤྲོད་དགོས་ཀྱི་མེད་དམ།

བིམ་མཛོད་གཙོ་སྐྱོང་བྱེད་མཁན་གྱི་ཀུ་ཤུ་དང་གྷོ་གྷིལ་ལྟ་བུས། མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོའི་ངོས་ནས། སྒེར་གྱི་གསང་རྒྱའི་སྲིད་ཇུས་ཁག་མཉེན་ཆས་ཁོངས་སུ་བླུགས་དགོས་པའི་ཆ་རྐྱེན་བཏོན་ཡོད་ལ། རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུའང་། ཆ་འཕྲིན་སྤྱི་གཉེར་ཁང་ཚོས་མི་སྒེར་གྱི་གཞི་གྲངས་ཇི་ལྟར་ཕྱོགས་བསྡུས་དང་། བཀོལ་སྤྱོད། ཉར་ཚགས་བྱེད་ཀྱི་ཡོད་མེད་འགྲེལ་བཤད་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད། ང་ཚོའི་ཉམས་ཞིབ་ཀྱི་ཁོངས་སུ།  རྒྱལ་སྤྱིའི་ནང་གི་འཛད་སྤྱོད་པའི་ཆེད་དུ་བཟོས་པའི་སྐད་འཕྲིན་གྱི་གསང་རྒྱའི་་སྲིད་ཇུས་དང་ཞབས་ཞུའི་དོན་ཚན་ཁག་གི་ཡིག་ཆའི་ནང་དུ། སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་སྒེར་གྱི་གཞི་གྲངས་ཇི་ལྟར་བཀོལ་སྤྱོད་བྱེད་སྲིད་མིན་སྐོར་གྱི་བརྡ་ལན་འདང་ངེས་སྤྲད་མེད་པ་གསལ་སྟོན་བྱས་ཡོད། 

བརྡ་ལན་འདང་ངེས་སྤྲད་མེད་པའི་མཇུག་འབྲས་ལ་བརྟེན་ནས། རྒྱལ་ཁབ་ཁ་ཤས་ཀྱི་ནང་གི་གསང་རྒྱའི་དོ་དམ་སྐོར་གྱི་འབྲེལ་ཡོད་ཚན་པས། སྐད་འཕྲིན་སྤྱི་གཉེར་ཁང་ལ་མི་མང་མགོ་སྐོར་དང་ལམ་ནོར་ལ་འཁྲིད་པའི་རྒྱུ་མཚན་གྱི་སྟེང་ནས་ཉེས་ཆད་བཅད་ཆོག  གསང་རྒྱའི་དོ་དམ་སྐོར་གྱི་འབྲེལ་ཡོད་ཚན་པ་འདྲ་མིན་ལ་གཞིར་བཞག་ནས། ཉེས་ཆད་ཀྱི་རིན་པ་ཨ་སྒོར་སྟོང་ཕྲག་མང་པོ་ནས་ས་ཡ་ཁ་ཤས་བར་ཡིན་ཆོག ཁ་ན་ཌ་ལྟ་བུའི་འཛིན་སྐྱོང་གི་ཁྱབ་ཁོངས་གཞན་པའི་ནང་དུ། སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས། དབུས་གཞུང་གི་གསང་རྒྱའི་དོ་དམ་པར་ཞུ་གཏུགས་བྱེད་ཆོག་ལ།  མཐའ་མར། གསང་རྒྱའི་དོ་དམ་པའི་ངོས་ནས། སྐད་འཕྲིན་སྤྱི་གཉེར་ཁང་གིས་སོ་སོའི་ཞབས་ཞུ་ངེས་པར་དུ་འགྱུར་བ་གཏོང་དགོས་པའི་སྐོར་གྱི་གྲོས་གཞི་འདོན་ཆོག

 སྐད་འཕྲིན་སྤྱི་གཉེར་ཁང་གིས་འཛད་སྤྱོད་པར་མགོ་སྐོར་བཏང་བ་དང་། ཡང་དག་མིན་པའི་གསང་རྒྱའི་གནས་ཚུལ་མཁོ་སྤྲོད་བྱས་པའི་གཞི་རྩའི་གནད་དོན་་ལ་གཞིགས་ཏེ། བིམ་མཛོད་གཙོ་སྐྱོང་བྱེད་མཁན་གྱི་ཀུ་ཤུ་དང་གྷོ་གྷིལ་ལྟ་བུས། རང་རང་གི་བཀོལ་ཆས་ཀྱི་མཛོད་ཁོངས་ནས་སྐད་འཕྲིན་གནས་དབྱུང་ངམ་ཕྱིར་འབུད་གཏང་ཆོག

མཐའ་མར།  སྲིད་གཞུང་གི་ཞིབ་དཔྱོད་ཚོགས་ཆུང་ཁག་གིས། སྐད་འཕྲིན་བཀོལ་ཆས་ཀྱི་ཁོངས་སུ་། ཆ་འཕྲིན་གྱི་ནང་དོན་་མྱུལ་ཞིབ་བྱེད་པའི་བྱེད་ལས་ཇི་ལྟར་བཅུག་ཡོད་མེད་སྐོར་ཞིབ་འཇུག་བྱེད་ཆོག   ཞིབ་འཇུག་འདི་འདྲའི་རིགས་བརྒྱུད་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་གཞི་རྩའི་འོག   སྲིད་གཞུང་གི་སྡེ་ཁག་ཁ་ཤས་ཀྱིས་སྐད་འཕྲིན་བཀོལ་སྤྱོད་བྱེད་རྒྱུ་གཏན་འགོག་བྱེད་པ་དང་། སྐད་འཕྲིན་ལ་ཁྲོམ་རའི་་སྡིངས་ཆ་མཁོ་སྤྲོད་བྱེད་མཁན་གྱི་འབྲེལ་ཡོད་ཚན་པས། རང་རང་གི་སྡིངས་ཆའི་ཁོངས་ནས་མཉེན་ཆས་དེ་ཕྱིར་འབུད་གཏོང་བ་ལ་སོགས་པའི་མཇུག་འབྲས་འོང་སྲིད།

13.ཉམས་ཞིབ་འདི་སྐད་འཕྲིན་ནང་དུ་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་བའི་མི་སེར་ཚོད་ལྟ་ཁང་གི་ཉམས་ཞིབ་ཁག་སྔོན་མ་དེ་དང་འབྲེལ་བ་ཇི་ལྟར་ཆགས་ཡོད། 

སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་དང་འབྲེལ་བའི་ང་ཚོའི་ཐེངས་སྔོན་མའི་སྙན་ཐོའི་ཁོངས་སུ། སྐད་འཕྲིན་གྱི་ནང་དུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་ཁག་ཁྱབ་ཆེ་བའི་ཐོག་ནས་བཀག་སྡོམ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད། སྐད་འཕྲིན་གྱི་“བཀོལ་ཆས་གཅིག་ལ་ལམ་ལུགས་གཉིས”ཟེར་བའི་གནས་ཚུལ་བཀག་སྡོམ་གྱི་འཆར་འགོད་དེའི་རྒྱུ་མཚན་གྱིས། ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་བཀག་སྡོམ་བྱས་པ་དེས། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་ཕྱིན། ད་ཆ་ཁོང་ཚོ་དངོས་སུ་འཛམ་གླིང་གི་གང་དུ་གནས་སྡོད་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར། ཚང་མར་གཅིག་གྱུར་གྱི་ཐོག་ནས་ཤུགས་རྐྱེན་སྤྲད་ཡོད། ང་ཚོའི་སྙན་ཐོ་ཐོན་གསར་ཤོས་ཀྱི་ཁོངས་སུ། སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་གྱི་ཁྱབ་ཚད་དེ་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་ཁོར་ཡུག་ལས་བརྒལ་ཏེ། ད་ཆ་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཁག་གི་ནང་དུའང་གསང་བའི་མྱུལ་ཞིབ་ལག་བསྟར་བྱེད་ཀྱི་ཡོད་པ་བསྟན་ཡོད། ང་ཚོའི་སྙན་ཐོ་གསར་ཤོས་འདིའི་ཁོངས་སུ། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ཆ་འཕྲིན་གྱི་ནང་དོན་སྐོར་ལ་མ་དཔེ་འདེམས་སྒྲུག་གི་དབྱེ་ཞིབ་བྱས་མེད་ཀྱང་།  ང་ཚོའི་ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། སྐད་འཕྲིན་སྤྱི་གཉེར་ཁང་གིས་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོས་ཏོག་དབྱིབས་ནད་དུག་གི་བརྗོད་གཞིའི་ཐོག་ཏུ་བཏང་བའི་གནས་ཚུལ་ཁག་བེད་སྤྱད་དེ། སོ་སོའི་རྒྱལ་ཁོངས་ཀྱི་གནས་ཚུལ་བཀག་སྡོམ་རྒྱ་བསྐྱེད་བྱས་ཡོད་ངེས། 

གཤམ་གྱི་འཆར་ངོས་ཀྱི་པར་རིས་འདིས།   ང་ཚོའི་སྙན་ཐོ་གསར་ཤོས་ཀྱི་ནང་དུ་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་བཀག་སྡོམ་གསལ་ཁ་བཏོན་ཡོད། སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་་མི་ཞིག་གིས། བཀག་སྡོམ་བྱས་པའི་གནད་ཡོད་ཀྱི་ཐ་སྙད་རིགས། དཔེར་ན། ཨ་རིའི་ནད་རིགས་ཚོད་འཛིན་ལྟེ་གནས་ “美国疾控中心” དང་། ཏོག་དབྱིབས་ནད་དུག་ “冠状病毒”སོགས་འདུས་པའི་འཕྲིན་ཐུང་ཞིག་གཏོང་ཐབས་བྱས་ཀྱང་། དེའི་ཁོངས་སུ་བཀག་སྡོམ་བྱས་ཡོད་པའི་ཐ་སྙད་ཡོད་སྟབས། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་མི་དེར་འཕྲིན་ཐུང་དེ་འབྱོར་མེད། 

པར་རིས་བཞི་པ། ཏོག་དབྱིབས་ནད་དུག་སྐོར་གྱི་གནད་ཡོད་ཐ་སྙད་བཀག་སྡོམ། འཆར་ངོས་འདི། ཕྱི་ལོ་༢༠༢༠་ལོའི་ཟླ་༡་པོའི་ཚེས་༡་ནས་ཟླ་༢་པའི་ཚེས་༡༥་བར། མི་སེར་ཚོད་ལྟ་ཁང་གིས་སྐད་འཕྲིན་ནང་དུ་གནད་ཡོད་ཀྱི་ཐ་སྙད་སྐོར་ལ་ཚོད་ལྟ་བྱེད་སྐབས་པར་བླངས་པ་ཡིན།
པར་རིས་བཞི་པ། ཏོག་དབྱིབས་ནད་དུག་སྐོར་གྱི་གནད་ཡོད་ཐ་སྙད་བཀག་སྡོམ། འཆར་ངོས་འདི། ཕྱི་ལོ་༢༠༢༠་ལོའི་ཟླ་༡་པོའི་ཚེས་༡་ནས་ཟླ་༢་པའི་ཚེས་༡༥་བར། མི་སེར་ཚོད་ལྟ་ཁང་གིས་སྐད་འཕྲིན་ནང་དུ་གནད་ཡོད་ཀྱི་ཐ་སྙད་སྐོར་ལ་ཚོད་ལྟ་བྱེད་སྐབས་པར་བླངས་པ་ཡིན།

14.ཁྱེད་རང་གི་མ་འོངས་པའི་ཉམས་ཞིབ་ཀྱི་འཆར་གཞི་ག་རེ་ཡིན། 

སྙན་ཐོ་འདིའི་ནང་དུ། ང་ཚོས་སྐད་འཕྲིན་སྤྱི་གཉེར་ཁང་གིས་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་ཐོག་ཏུ་མྱུལ་ཞིབ་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་མེད་ཤེས་རྟོགས་བྱུང་ཡོད། ང་ཚོས་མ་འོངས་པར་སྐད་འཕྲིན་སྤྱི་གཉེར་ཁང་གིས་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་པར་རིས་དང་ཡིག་ཆ་སོགས་ཇི་ལྟར་མྱུལ་ཞིབ་བྱེད་ཀྱི་ཡོད་མེད་སྐོར་ལ་མུ་མཐུད་ནས་དོ་སྣང་དང་བྱ་ར་བྱེད་རྒྱུ་ཡིན་ལ། མྱུལ་ཞིབ་དེ་རིགས་གླེང་མོལ་གྱི་འཕྲིན་ཐུང་ལྟ་བུའི་ཐོག་ཏུ་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་མེད་སྐོར་ལ་རྟོག་ཞིབ་བྱེད་རྒྱུ་ཡིན།

 

སྐད་འཕྲིན་དང་ཐེངས་སྔོན་མའི་ཉམས་ཞིབ་ཀྱི་རྒྱབ་ལྗོངས། 

སྐད་འཕྲིན་ནི།  (微信) རྒྱ་ནག་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་བཀོལ་ཆས་གྲགས་ཆེ་ཤོས་དེ་ཡིན་ལ། ཕྱི་ལོ་༢༠༡༩ ལོའི་ལོ་མཇུག་སྙན་ཐོ་ལྟར་ན། ཟླ་རེའི་ནང་དུ་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་དུང་ཕྱུར་༡༠་དང་གྲངས་ཆུང་༡༥ ལྷག་ཡོད། བཀོལ་ཆས་འདི་བཟོ་མཁན་དང་གཙོ་གཉེར་བྱེད་མཁན་ནི། རྒྱ་ནག་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཐིན་ཞུན་ཟེར་བ་དེ་ཡིན། 

སྐད་འཕྲིན་གྱི་བཀོལ་ཆས་ནང་དུ་ཁྱད་ཆོས་སྣ་ཚོགས་ཡོད་དེ།དཔེར་ན། འཕྲིན་ཐུང་(མི་སྒེར་ཕན་ཚུན་དང་ཚོགས་པའི་གླེང་མོལ)དང་། གྲོགས་པོའི་ཚོམས(ངོ་དེབ་ཀྱི་མདུན་ངོས་སུ་ཡི་གེ་སྤེལ་བ་དང་། པར་རིས་ཡར་འཇུག རྩོམ་ཐུང་དང་བརྙན་པར་སོགས་རང་རང་གི་གྲོགས་པོར་བསྐུར་ཆོག་པའི་ཁྱད་ཆོས་དེ་དང་འདྲ)འཕྲིན་སྟེགས(ཟིན་བྲིས་སྤེལ་སའི་སྡིངས་ཆ་དང་འདྲ་ལ། དེའི་ནང་དུ་རྩོམ་པ་པོ་དང་ཚོང་པ་སོགས་ཀྱི་ཀློག་པ་པོ་དཀྱུས་མའི་ཆེད་དུ་རྩོམ་ཡིག་སྤེལ་ཆོག)་སོགས་ལྟ་བུའོ།

མི་སེར་ཚོད་ལྟ་ཁང་གི་ཐེངས་སྔོན་མའི་ཉམས་ཞིབ་ཀྱི་ཁོངས་སུ། རྒྱ་ནག་ནང་གི་ཁ་པར་ཨང་གྲངས་དང་སྦྲེལ་ཡོད་པའི་སྐད་འཕྲིན་འཛད་སྤྱོད་པ་ཚོས་སྐད་འཕྲིན་གྱི་ནང་དུ་བཏང་བའི་གནད་ཡོད་ཀྱི་ཐ་སྙད་དང་པར་རིས་སོགས་བཀག་སྡོམ་བྱེད་ཐུབ་པ་བཟོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་གྱི་ལམ་ལུགས་དེར་ཧ་ཅང་ནུས་སྟོབས་ལྡན་ཞིང་། སྐབས་དོན་གྱི་གནས་ཚུལ་རིགས། དཔེར་ན། རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་༡༩་པ་དང་། ཏོག་དབྱིབས་འགོ་བཙུགས་པའི་དུས་སྐབས་སོགས་སུ། དུས་ཐོག་ཏུ་ཡ་ལན་སྤྲད་ཡོད། 

བཀོལ་ཆས་གཅིག་དང་ལམ་ལུགས་གཉིས།  སྐད་འཕྲིན་གྱིས་རྒྱ་ནག་ནང་དུ་གནས་ཚུལ་བཀག་སྡོམ་གྱི་སྲིད་ཇུས་ཤིག་དང་། རྒྱལ་སྤྱིའི་སྟེང་དུ་གནས་ཚུལ་བཀག་སྡོམ་གྱི་སྲིད་ཇུས་གཞན་པ་ཞིག་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད། 

One App, Two Systems: How WeChat uses one censorship policy in China and another

Internationally

སྐད་འཕྲིན་ནང་གི་གནད་ཡོད་ཀྱི་ཐ་སྙད་འཚག་སེལ་བྱེད་པའི་བྱེད་ལས་དེ། རྒྱ་ནག་ནང་གི་ཁ་པར་ཨང་གྲངས་དང་སྦྲེལ་ཡོད་པའི་སྐད་འཕྲིན་འཛད་སྤྱོད་པ་ཚོའི་སྐད་འཕྲིན་གྱི་ནང་དུ་རྩོམ་ཐུབ་པ་བཟོས་ཡོད། སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་དེ་དག་གིས། རྗེས་སུ་རང་ཉིད་ཀྱི་སྐད་འཕྲིན་ཨང་གྲངས་ཕྱི་རྒྱལ་གྱི་ཁ་པར་ཞིག་དང་སྦྲེལ་རུང་། ད་དུང་གནད་ཡོད་ཀྱི་ཐ་སྙད་འཚག་སེལ་བྱེད་པར་མུ་མཐུད་ནས་ཨུ་ཚུགས་བྱེད་ཀྱི་ཡོད། 

བཀག་སྡོམ་བྱས་པའི་འགོས་ནད། རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང་དུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་ཇི་ལྟར་དོ་དམ་བྱས་ཡོད། 

Censored Contagion: How Information on the Coronavirus is Managed on Chinese Social Media

སྐད་འཕྲིན་དང་ YY་གཉིས་དབྱེ་ཞིབ་བྱེད་དུས། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ནང་དོན་ཁག་ཤུགས་ཆེར་བཀག་འགོག་བྱེད་ཀྱི་ཡོད་པ་གསལ་ཡོད། བཀག་སྡོམ་གྱི་ཁྱབ་ཁོངས་སུ། གནད་ཡོད་ཀྱི་ཐ་སྙད་ཙམ་མ་ཡིན་པར། ནད་དུག་སྐོར་གྱི་སྤྱིར་བཏང་གི་གནས་ཚུལ། བར་གནས་ཀྱི་ཟུར་ལྟའི་ཡིག་ཆ་སོགས་ཡོད་ལ། དེས་འཕྲོད་བསྟེན་དང་བདེ་འཇགས་ཐད་ཀྱི་དགོས་གལ་ཆེ་བའི་གནས་ཚུལ་རིགས་མང་ཚོགས་ཀྱི་ངོས་ནས་ཧ་གོ་བའི་ནུས་པ་འབུར་འཇོམས་བྱས་ཡོད་ངེས།

བསམ་ཡུལ་ལས་འདས་སོང་། གྲོགས་པོའི་ཚོམས་ཀྱི་ནང་གི་པར་རིས་འཚག་སེལ་སྐོར་ལ་དབྱེ་ཞིབ། 

(Can’t) Picture This: An Analysis of Image Filtering on WeChat Moments

སྐད་འཕྲིན་གྱིས་གྲངས་ཀའི་བརྩི་ཚུལ་མི་འདྲ་བ་གཉིས་བེད་སྤྱད་དེ།    གྲོགས་པོའི་ཚོམས་ཀྱི་ནང་གི་པར་རིས་འཚག་སེལ་བྱེད་ཀྱི་ཡོད།  མཐོང་ཚོར་གཞིར་བཞག་གི་བརྩི་ཚུལ་དེས་ཐོ་གཞུང་ནག་པོའི་ཁོངས་སུ་བླུགས་ཡོད་པའི་པར་རིས་ཁག་དང་ཆ་འདྲ་བའི་པར་རིས་གང་ཡིན་འཚག་སེལ་བྱེད་ཀྱི་ཡོད་པ་དང་། འོད་རིག་ཡིག་རྟགས་ངོས་འཛིན་གཞིར་བཞག་པའི་བརྩི་ཚུལ་དེས་པར་རིས་ཁོངས་སུ་གནད་ཡོད་ཀྱི་ཐ་སྙད་ཡོད་པ་དེ་དག་འཚག་སེལ་བྱེད་ཀྱི་ཡོད།

བསམ་ཡུལ་ལས་འདས་སོང་།  སྐད་འཕྲིན་ནང་གི་གླེང་མོལ་གྱི་ནང་དུ། དུས་ཐོག་ཏུ་པར་རིས་འཚག་སེལ་བྱས་པའི་སྐོར་ལ་དབྱེ་ཞིབ།

(Can’t) Picture This 2: An Analysis of WeChat’s Realtime Image Filtering in Chats

ང་ཚོས་ཐིན་ཞུན་བཟོ་ཚོང་ཁང་གིས་གླེང་མོལ་ཁྲོད་དུ་བཏང་བའི་ཆ་འཕྲིན་གང་ཞིག་པར་རིས་ཡིན་མིན་དང་། པར་རིས་དེ་ལ་མཐོང་ཆོས་རང་བཞིན་གྱི་ཐོག་ནས་མིང་ཐོ་ནག་པོའི་ཁོངས་སུ་ཡོད་པའི་པར་རིས་ཁག་དང་འདྲ་མཚུངས་ཀྱི་ཆ་ཡོད་མེད་ལ་གཞི་བཅོལ་ཏེ། གླེང་མོལ་གྱི་ཁོངས་སུ་བཏང་བའི་པར་རིས་ཁག་དུས་ཐོག་ཏུ་རང་འགུལ་གྱི་ཐོག་ནས་བཀག་འགོག་བྱེད་པའི་བྱེད་ལས་ལག་བསྟར་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད།  ཐིན་ཞུན་བཟོ་ཚོང་ཁང་གིས། གནད་ཡོད་ཀྱི་ཐ་སྙད་འདུས་པའི་པར་རིས་ཀྱི་ཡིག་ཆ་ཁག་གི་MD5 མཛུབ་རིས་ཀྱི་དཀར་ཆག་ཉར་ཚགས་དང་རྒྱུན་སྐྱོང་བྱས་ཏེ། དུས་ཐོག་གི་འཚག་སེལ་གྱི་ལས་དོན་ཁག་སྟབས་བདེ་རུ་བཏང་ཡོད། 

འཕྲིན་ཐུང་དོ་དམ། ཁྱེད་ཀྱིས་སྐད་འཕྲིིན་ནང་དུ།   རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་༡༩་པའི་སྐོར་ལ་སྐད་ཆ་གང་ཞིག་བཤད་མི་ཉན།

Managing the Message: What you can’t say about the 19th National Communist Party

Congress on WeChat

རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་༡༩་པ་དེ་ཕྱི་ལོ་༢༠༡༧་ལོའི་ཟླ་༡༠་པའི་ཚེས་༡༨་ནས་ཚེས་༢༤་འཚོགས་ཡོད།  སྐད་འཕྲིན་སྤྱི་གཉེར་ཁང་གིས་སྤྱིར་བཏང་གི་དམར་ཤོག་ཚོགས་པའི་སྲིད་ཇུས་དང་ལྟ་བ་སོགས་ཐེ་བའི་མི་མང་འཐུས་མི་ཚོགས་ཆེན་སྐོར་གྱི་གནས་ཚུལ་ཚང་མ་ཁྱད་མེད་ཀྱི་ཐོག་ནས་བཀག་འགོག་བྱས་ཡོད།  

ལིག་ཞོ་པའོ་དྲན་གསོ།  སྐད་འཕྲིན་དང་པོད་འཕྲིན་ནང་དུ་ལིག་ཞོ་པའོ་འདས་གྲོངས་ཀྱི་གནས་ཚུལ་བཀག་སྡོམ་བྱས་པའི་སྐོར་ལ་དབྱེ་ཞིབ།

Remembering Liu Xiaobo: Analyzing censorship of the death of Liu Xiaobo on WeChat

and Weibo

ཕྱི་ལོ་༢༠༡༧་ལོའི་ཟླ་༧་པའི་ཚེས་༡༣་ཉིན།   རྒྱ་ནག་གི་ནོལ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཅིག་པུ་དང་། ཆབ་སྲིད་བཙོན་པ་གྲགས་ཅན་ལིག་ཞོ་པའོ་ལགས་མཆིན་པའི་འབྲས་ནད་འོག་འདས་གྲོངས་སུ་ཕྱིན་ཡོད།  ཁོང་ཕྱི་ལོ་༢༠༠༨་ལོར། རྒྱ་ནག་གི་ཆབ་སྲིད་བཅོས་སྒྱུར་དང་ཆབ་སྲིད་ཚོགས་པ་གཅིག་གི་དབང་སྒྱུར་མཇུག་སྒྲིལ་ཡོང་བའི་བསྒྲགས་གཏམ“བཅའ་ཁྲིམས་༠༨”སྤེལ་བའི་ལས་འགུལ་གྱི་ཁོངས་སུ་མཉམ་ཞུགས་བྱས་པས། སྲིད་གཞུང་གི་བཀག་ཉར་འོག་ལུས་ཡོད། ལིག་ཞོ་པའོ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། སྐད་འཕྲིན་ནང་དུ་ཁོང་དང་འབྲེལ་བའི་གནད་ཡོད་ཀྱི་ཐ་སྙད་དང་པར་རིས་སོགས་བཀག་འགོག་བྱེད་པའི་གཞི་རྒྱ་ཆེ་རུ་བཏང་ཡོད། སྐད་འཕྲིན་ནང་གི་གནད་ཡོད་ཀྱི་ཐ་སྙད་བཀག་འགོག་བྱེད་ཕྱོགས་སྐོར་གྱི་ང་ཚོའི་དབྱེ་ཞིབ་ཁྲོད་དུ།  ལིག་ཞོ་པའོ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། སྐད་འཕྲིན་ནང་དུ་ཁོང་གི་མིང་ཨིན་ཡིག་དང་། རྒྱ་ཡིག་འབྲི་སྟངས་གསར་རྙིང་གཉིས་ཀའི་ནང་དུ་བཀག་སྡོམ་བྱས་ཡོད་པ་གསལ་སྟོན་བྱས་ཡོད།  ཁོང་གི་འདས་གྲོངས་ཀྱི་སྐབས་སུ། ང་ཚོས་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་དང་། སྐད་འཕྲིན་ཚོགས་པ་ཁག་གི་ནང་དུ་བཏང་བའི་པར་རིས་ཁག་འཚག་སེལ་བྱེད་ཀྱི་ཡོད་པ་ཙམ་མ་ཟད།  མི་གཉིས་ཕན་ཚུན་བར་གྱི་གླེལ་མོལ་གྱི་ཁོངས་སུ་བཏང་བའི་པར་རིས་ཁག་ཀྱང་འཚག་སེལ་བྱེད་ཀྱི་ཡོད་པ་ཐེངས་དང་པོར་ཤེས་རྟོགས་བྱུང་ཡོད། 

ང་ཚོས་གླེང་མོལ་བྱེད་ཐུབ་ཀྱི་མི་འདུག  དྲག་གནོན་༧༠༩” སྐད་འཕྲིན་དང་པོད་ཕྲན་ནང་དུ་གྲོས་བསྡུར་རིགས་བཀག་སྡོམ།

We (can’t) Chat: “709 Crackdown Discussions Blocked on Weibo and WeChat

སྙན་ཐོ་འདིའི་ཁོངས་སུ།  རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་གྲགས་ཆེ་ཤོས་གཉིས་ཀྱི་ནང་དུ། རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་པ་དང་ཁྲིམས་རྩོད་པའི་ཐོག་ཏུ་དྲག་གནོན་བྱས་པའི་སྐོར་གྱི་གནས་ཚུལ་བཀག་སྡོམ་གྱི་ཐད་ལ་དབྱེ་ཞིབ་བྱས་ཡོད། ང་ཚོས་ཁྲོས་ཁྲར་དང་འདྲ་བའི་རྒྱ་ནག་གི་པོད་ཕྲན་གྱི་སྟེང་གི་འཚོལ་བཤེར་རིགས་དང་། སྐད་འཕྲིན་གྱི་ནང་དུ་གནད་ཡོད་ཀྱི་ཐ་སྙད་དང་པར་རིས་སོགས་འཚག་སེལ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད།

Back to Top