ཀུ་ཤུ་དང་ཨན་ཌོ་ཁ་པར་ནང་དུ་བོད་པ་ཚོར་གསང་མྱུལ་དྲ་འབུས་འཇབ་རྒོལ་བྱས་ཡོད།
བོད་མི་ཚོ་དམིགས་འབེན་དུ་བཟུང་བའི་གནོད་འཚེ་ལྡན་པའི་མཉེན་འབུའི་འཇབ་རྒོལ་གྱི་གྲངས་འབོར་ཉིན་རེ་བཞིན་ཡར་འཕར་བཞིན་ཡོད། འཛམ་གླིང་ནང་གི་ཆེ་མཐོང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་གསར་འགོད་པ་དང་། ཉམས་ཞིབ་པ་སོགས་ལ་བརྫུས་པའི་དྲ་ཐོག་གི་འཇབ་རྒོལ་བ་ཚོས། བོད་མི་ཚོར་མཉེན་འབུ་ཁུར་བའི་འབྲེལ་ཐག་གཏོང་གི་ཡོད། འབྲེལ་ཐག་དེའི་སྒང་ལ་མནན་པ་ཙམ་གྱིས། དེས་འཇབ་རྒོལ་པར་ཁྱེད་རང་གི་ཁ་པར་ལ་ཁྱོན་ཡོངས་ནས་སྟངས་འཛིན་བྱེད་དུ་འཇུག་གི་ཡོད། རྣམ་རྒྱལ་སྒྲོལ་དཀར་ལགས་ནི། དེ་འདྲའི་འཇབ་རྒོལ་ཕོག་ཡུལ་གྱི་དཔེ་མཚོན་ཞིག་ཡིན། https://blog.tibcert.org/category/reports/
ཕྱི་ལོ་༢༠༡༨་ལོའི་ཟླ་༡༡་པའི་ཚེས་༡༢་ཉིན། ངྷ་སའི་གནམ་གཤིས་བཟང་ལ། དྲོད་འཇམ་གྱི་ཉི་འོད་རི་ལུང་ཐང་གསུམ་ལ་འཕྲོས་འདུག་པས་ཧ་ཅང་མཛེས་སྡུག་ལྡན། རླངས་འཁོར་ཚོས་དུང་སྒྲ་སྒྲོག་བཞིན་ཁྲོམ་གཞུང་དུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག་ལ། སྔ་ཉིན་གྱི་མཚན་མོར་ལྡི་ལི་ནས་ཡོང་བའི་སྤྱི་སྤྱོད་རླངས་འཁོར་དེ་ཡང་ཀྱག་ཀྱོག་ཆེ་བའི་ངྷ་སའི་ལམ་ཆུང་ནང་འཛུལ་བའི་སྟ་གོན་བྱེད་བཞིན་འདུག ས་གནས་དང་རྒྱལ་སྤྱིའི་ཡུལ་སྐོར་བའི་རྐྱེན་གྱིས་ངྷ་སའི་མེག་གྷན་གྱི་རི་གྲོང་ཆུང་ཆུང་དེ་སྔར་ལས་འདུ་འཛི་ཆེ་རུ་ཕྱིན་འདུག ཉིན་དེའི་མཚན་མོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གི་ལས་བྱེད་རྒན་གྲས་ཤིག་ལ། WhatsApp གླེང་མོལ་བཀོལ་ཆས་ནང་། ངོ་གཏན་ནས་མི་ཤེས་པའི་ཨང་གྲངས་ཤིག་གིས་འབྲེལ་བ་བྱས་ཡོད།
འབྲེལ་གཏུག་བྱེད་མཁན་གྱི་མི་དེས་རང་ཉིད་ཀྱི་་མིང་ལ་ཇེ་སིན་བུའུ་ཡིན་པ་དང་། ཁོ་རང་ནི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་ཡན་ལག་ལས་ཁུངས་ཀྱི་སྐྱབས་བཅོལ་རུ་ཁག་གི་འགོ་གཙོ་ཡིན་པའི་འགྲེལ་བརྗོད་བྱས་ཡོད། དེ་ནས་ཁོང་གིས་ལམ་སེང་ཉེ་ལམ་བོད་ནང་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཞིག་གི་སྐོར་ལ་སྐད་ཆ་བཤད་འགོ་བཙུགས་ཏེ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་མི་རིང་བར་འདོན་འཆར་ཡོད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་གི་ཆེད་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྡོག་རོལ་བཏང་བའི་ཐད་དུ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འཆར་ཡོད་པ་དེ་གཉིས་ཀྱི་ཆེད་དུ། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ནང་དུ་ཐོན་པའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་དངོས་ཡོད་ཡིན་མིན་ར་སྤྲོད་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད། གླེང་མོལ་གྱི་བརྒྱུད་རིམ་ཁྲོད་དུ། ཇེ་སིན་བུའུ་ཟེར་བའི་མི་དེས་གནས་ཚུལ་དེ་དང་འབྲེལ་བ་ཡོད་སྐོར་གྱི་འབྲེལ་ཐག་ཁག་ཅིག་བཏང་ཡོད། བོད་དོན་འཐབ་རྩོད་ཁྲོད་ཀྱི་བོད་མི་ལས་འགུལ་བ་ཞིག་ལ་ཆ་མཚོན་ན། འདི་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། དེའི་རྒྱབ་ལྗོངས་སུ་དམིགས་ཡུལ་ངན་པ་ཡོད་པ་ཤེས་ཐུབ། ཇེ་སིན་བཱའོ་ཟེར་བ་དེ་མི་ངོ་མ་ཞིག་མིན་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལའང་ལས་ཀ་བྱེད་ཀྱི་མེད། འབྲེལ་ཐག་དེའི་ཁོངས་སུ་ཉེན་ཚབས་ཆེ་བའི་ནད་འབུ་བསྐུངས་ཡོད་ལ། ནད་འབུ་དེས་ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ནང་གི་མཉེན་ཆས་ཀྱི་སྐྱོན་ཆ་དེ་གོ་སྐབས་བཟུང་སྟེ། འཇབ་རྒོལ་བྱེད་ཀྱི་ཡོད། གལ་ཏེ་ཁ་པར་གྱི་ཉེར་སྤྱོད་མ་ལག་གི་མཉེན་ཆས་ཀྱི་ཐོན་11.0 ནས་ 11.4 བཀོལ་སྤྱོད་བྱེད་མཁན་གྱི་མི་ཞིག་གིས། གོང་གི་འབྲེལ་ཐག་དེའི་སྒང་དུ་མནན་ཚེ། མི་དེའི་ཁ་པར་ནང་ལ་གསང་མྱུལ་དྲ་འབུ་འཛུལ་ངེས་ལ། དེས་ཁ་པར་དང་ཁ་པར་ནང་གི་མཉེན་ཆས་ཁག་གི་ཁོངས་ནས་གནས་ཚུལ་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད།
པར་རིས་དང་པོའི་ནང་དུ། མི་རྫུན་མ་དེ་དང་བོད་མི་ལས་འགུལ་བ་གཉིས་བར་གྱི་གླེང་མོལ་ཁག་བསྟན་ཡོད།
ཁ་ན་སྒྲའི་ཁྲི་རོན་ཁྲོ་གཙུག་ལག་སློབ་གྲྭ་ཆེན་མོའི་མི་སེར་ཚོད་ལྟ་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ། ལས་འགུལ་འདི་ནི། བོད་མི་ཚོ་དམིགས་འབེན་ཏུ་བཟུང་བའི། ཁ་པར་ནང་གི་མཛུབ་གནོན་ཐེངས་གཅིག་གི་འཇབ་རྒོལ་གྱི་དོན་རྐྱེན་ཐོག་མ་དེ་ཡིན་ལ། དེས་བོད་པའི་སྤྱི་ཚོགས་དམིགས་སུ་བཟུང་བའི་དྲ་རྒྱའི་གསང་མྱུལ་གྱི་ཉེན་ཁའི་ཚད་གཞི་མཐོ་རུ་ཕྱིན་ཡོད་པ་མཚོན་ཡོད་ཅེས་ཡོད་འཁོད་ཡོད། མི་སྒེར་དང་ཡང་ན། ཚོགས་པ་གང་རུང་གཅིག་ཁོ་ནས་བརྩམས་པར་སྣང་བའི་འཇབ་རྒོལ་གྱི་ལས་འགུལ་འདི་ལ། མི་སེར་ཚོད་ལྟ་ཁང་གིས་ POISON CARP ཞེས་བཏགས་ཡོད།
ནད་འབུ་བགོ་ཐབས་ཀྱི་འབད་བརྩོན།
ཇེ་སིན་བུའུ་དང་མཉམ་དུ་བྱས་པའི་གླེང་མོལ་དེ་ནི་ཁེར་རྐྱང་གི་དོན་རྐྱེན་མིན་པར། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་ཁག་གི་ཁ་པར་ལ་ནད་འབུ་བགོ་ཐབས་བྱེད་པའི་ལས་འགུལ་གྱི་ཆ་ཤས་ཡིན་ལ། དེ་དག་གི་ཁོངས་སུ།
- ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་ནང་གི་གནད་ཡོད་མི་སྣ་དང་།
- དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ།
- བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ།
- བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་བཅས་ཚུད་ཡོད།
ཀུ་ཤུ་ཁ་པར་གཅིག་པུའི་ནང་གསང་མྱུལ་གྱི་ལས་འགུལ་བརྩམས་པ་ཙམ་ཁོ་ན་མ་ཡིན་པར། ཨན་ཌོ་ཁ་པར་ལའང་དམིགས་ཁ་གཏད་ཡོད་དེ། གནོད་འཚེ་ལྡན་པའི་ (OAuth) བདེན་དཔང་བཀོལ་ཆས་བེད་སྤྱད་དེ། ཇི་མེལ་(Gmail) ཡིག་ཟམ་གྱི་ཁ་བྱང་ནང་དུ་འཛུལ་ཐབས་བྱས་ཡོད། དྲ་འབུའི་འཇབ་རྒོལ་གྱི་ལས་འགུལ་དེའི་དུས་སྐབས་རིང་། མི་སེར་ཚོད་ལྟ་ཁང་གིས་ཀུ་ཤུ་ཁ་པར་ནང་ཐེངས་གཅིག་དང་། ཨན་ཌོ་ཁ་པར་ནང་ཐེངས་མི་འདྲ་བ་བརྒྱད་ལ་འཇབ་རྒོལ་བྱས་བའི་གནས་ཚུལ་ཕྱོགས་བསྡུས་བྱས་ཡོད་ལ། ལག་ཐོག་ཁ་པར་དུ་ནད་འབུ་བགོ་ཐབས་ཀྱི་འབད་རྩོལ་ཁྱོན་བསྡོམས་ཐེངས་༡༥་ལ་བྱས་ཡོད།
ཁྱོན་བསྡོམས་ཐེངས་༡༥་ལ་ནད་འབུ་བགོས་ཐབས་བྱས་པའི་དོན་རྐྱེན་དེ་དག་ཕྱི་ལོ་༢༠༡༨་ལོའི་ཟླ་༡༡་པའི་ཚེས་༡༡་ནས་༡༤་བར་བྱུང་ཡོད་པ་དང་། དོན་རྐྱེན་ཁག་༡༥་ཁོངས་ཀྱི་དོན་རྐྱེན་གྲངས་༡༢་ཙམ། ཀུ་ཤུ་མ་ལག་ལ་རྒོལ་བའི་ནད་འབུའི་རིགས།དམིགས་འབེན་དུ་བཟུང་བའི་བོད་པ་ཚོར་འབྲེལ་ཐག་གི་ངོ་བོའི་ཐོག་བཏང་སྟེ། འཇབ་རྒོལ་བྱེད་པའི་འབད་རྩོལ་བྱས་ཡོད། འཇབ་རྒོལ་གྱི་ལས་ཀ་ཚང་མ་ཟླ་༡༡་པའི་ཚེས་༡༡་ནས་༡༤་བར་བརྩམས་ཡོད་ལ། འཇབ་རྒོལ་གསར་ཤོས་དེ། ཕྱི་ལོ་༢༠༡༩་ལོའི་ཟླ་༤་པའི་ཚེས་༢༢་ཉིན་རྩོམ་ཐབས་བྱས་ཡོད།
རེའུ་མིག་དང་པོའི་ནང་དུ། ཀུ་ཤུ་དང་ཨན་ཌོ་ཁ་པར་གཉིས་ཀར་དམིགས་ཏེ་དྲ་འབུ་བཏང་ཡོད་པ་བསྟན་ཡོད།
ཀུ་ཤུ་མ་ལག | ཨན་ཌོ་མ་ལག | |
འཇབ་རྒོལ་བཤུ་བཞོག | ༡ | ༨ |
དམིགས་འབེན། | ༡༢ | ༣ |
རེའུ་མིག་དང་པོ། ཀུ་ཤུ་དང་ཨན་ཌོ་ཁ་པར་གཉིས་ཀར་ནད་འབུ་བགོ་ཐབས་ཀྱི་འབད་བརྩོན།
དམིགས་འབེན་ཏུ་བཟུང་བའི་མི་དེ་དག་ལ། གསར་འགོད་པ་དང་། རྒྱལ་སྤྱིའི་ཞུ་གཏུག་ཚོགས་པ་ཁག་གི་ལས་བྱེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གི་དང་བླངས་བ། རྒྱ་གར་ལ་ཡོང་བའི་ཡུལ་སྐོར་བ་བཅས་ལ་བརྫུས་བའི་མི་བདུན་དང་མཉམ་དུ་WhatsApp་བཀོལ་ཆས་ནང་གླེང་མོལ་བྱས་པའི་བརྒྱུད་རིམ་ཁྲོད་དུ་གནོད་ཚབས་ཆེ་བའི་འབྲེལ་ཐག་ཅིག་འཕྲིན་ཐུང་གི་ལམ་ནས་འབྱོར་ཡོད། མི་རྫུན་མ་དེ་དག་གིས། འཇབ་རྒོལ་བྱ་སའི་མི་རྣམས་ལ་ཁ་བརྡ་ལྷུག་པོ་བྱས་ཏེ། ཁོང་ཚོའི་ཡོ་ཆས་ནང་ནད་འབུ་བགོ་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་པ་དེ་ནི། སྤྱི་ཚོགས་བཟོ་སྐྲུན་ཟེར་བའི། མིའི་སེམས་ཁམས་ལ་ཐེ་གཏོགས་བྱེད་པའམ་ཡང་ན། མིའི་བློ་ཁ་བསྒྱུར་ཏེ་གང་ཟག་སྒེར་གྱི་གསང་བའི་ཆ་འཕྲིན་ཕྱིར་བསྒྲགས་བྱེད་དུ་འཇུག་པར་འབད་བརྩོན་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་ཁ་གསལ་པོ་བསྟན་ཡོད། མི་རྫུན་མ་དེ་དག་གིས།WhatsApp་བཀོལ་ཆས་ནང་དུ། ལོགས་སུ་ཧོང་ཀོང་གི་ས་གནས་ཀྱི་ཨང་ཚབ་(+852)ལྡན་པའི་ཁ་པར་ཨང་གྲངས་བཀོལ་སྤྱོད་བྱས་ཡོད། འབྲེལ་ཐག་གི་ཡོངས་ཁུངས་ངོ་མ་སྦ་གསང་བྱེད་པའི་ཆེད་དུ། ཐུང་ཐུང་བཟོས་པའི་འབྲེལ་ཐག་གི་རྣམ་པ་འདི་འདྲ་bit.ly བཏང་ཡོད།
ནེག་ཡོག་དུས་བབ་ཀྱི་གསར་འགོད་པས་གནས་ཚུལ་སྤེལ་བ།
འཇབ་རྒོལ་གྱི་རྩོལ་བ་གཞན་པ་ཞིག་ནི། ནེག་ཡོག་དུས་བབ་ཀྱི་གསར་འགོད་པ་ ལོའུ་སེ་ལུན་ཡིན་ཟེར་མཁན་གྱི་མི་རྫུན་མ་ཞིག་གིས་བོད་ཀྱི་འགྲོ་བ་མིའི་ཐོང་ཐང་གི་ཚོགས་པ་དེ་ག་རང་གི་ལས་བྱེད་ཅིག་ལ་འབྲེལ་བ་བྱས་ཏེ། བཅར་འདྲི་བྱེད་རྒྱུའི་རེ་བ་བཏོན་ཡོད། འཇབ་རྒོལ་འདིའི་ཁྲོད་དུ་འབྲེལ་ཐག་ཅིག་བཏང་སྟེ། དམིགས་ཁ་གཏོད་སའི་གང་ཟག་དེའི་ཀུ་ཤུ་མ་ལག་ལ་ནད་འབུ་བགོ་ཐབས་བྱས་ཡོད། འོན་ཀྱང་། གཏང་སའི་མི་དེས་ཨན་ཌོ་མ་ལག་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། ཁོང་གི་ཁ་པར་ནང་འབྱོར་བའི་འབྲེལ་ཐག་གི་སྒང་ལ་མནན་རུང་། ནད་འབུ་འགོས་ཐུབ་མེད། གཅིག་བྱས་ན། འཇབ་རྒོལ་བྱེད་མཁན་གྱི་མི་དེས། འབྲེལ་ཐག་གཏང་སའི་མི་དེས་ཨན་ཌོ་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཧ་གོ་ནས། ཁོང་ལ་ཡང་བསྐྱར་ཨན་ཌོ་ཁ་པར་ལ་གཏོར་རྒོལ་བྱེད་སྤྱད་ཀྱི་bit.ly་རྣམ་པ་ཅན་གྱི་འབྲེལ་ཐག་ཅིག་བཏང་ཡོད།
ཁྱེད་ཀྱི་ཇི་མེལ་ཡིག་ཟམ་ནང་འཛུལ་བ།
ཀུ་ཤུ་དང་ཨན་ཌོ་གཉིས་ཀར་འཇབ་རྒོལ་བྱེད་པ་ཙམ་མ་ཟད། དམིགས་གཏད་རང་བཞིན་གྱི་བྱ་འགུལ་དང་དྲ་ཐོག་གི་ནག་ཉེས་ཀྱི་བྱ་སྤྱོད་གཉིས་ཀའི་ཁྲོད་དུ། ཉྭ་འཛིན་གྱི་འཇབ་རྒོལ་བྱེད་དུས། སྒོ་འབྱེད་ཀྱི་ངོ་བོ་བདེན་དཔང་བྱེད་པའི་ཐབས་ལམ་བཀོལ་སྤྱོད་བྱས་ཡོད། ཉེ་ལམ་ང་ཚོས་གནོད་ཚབས་ཆེ་བའི་བདེན་དཔང་གི་བཀོལ་ཆས་བཀོལ་སྤྱོད་བྱེད་པའི་འཇབ་རྒོལ་གྱི་ལས་འགུལ་ཁག་གིས་བོད་པའི་སྤྱི་ཚོགས་ལ་དམིགས་ཁ་གཏད་ཡོད་པ་མཐོང་ཡོད་ལ། འཇབ་རྒོལ་དེ་ནི་གྷོ་གྷིལ་ཡིག་ཟམ་གྱི་ཁོངས་སུ་རིམ་པ་གཉིས་ཀྱི་ར་སྤྲོད་ནུས་ཡོད་བཟོས་ཡོད་མཁན་གྱི་མི་དག་གི་ཡོ་ཆས་ཀྱི་བདེ་འཇགས་ཀྱི་རིམ་པ་དེ་གཡོལ་ཆེད་ཀྱི་ཐབས་ཤེས་ཤིག་ཡིན་ངེས།
ཕྱི་ལོ་༢༠༡༩་ལོའི་ཟླ་༥་པའི་ཚེས་༣༡་ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ལ་WhatsApp ་བཀོལ་ཆས་ནང་འཕྲིན་ཐུང་ཞིག་འབྱོར་ཡོད་ལ།འཕྲིན་ཐུང་གཏོང་མཁན་གྱི་མི་དེས་ཁོང་ལ་གསར་འགྱུར་གྱི་ནང་དོན་ཞིག་དངོས་ཡོད་ཡིན་མིན་ར་སྤྲོད་བྱེད་པའི་རེ་སྐུལ་ཞུས་ཡོད། འཕྲིན་ཐུང་གི་ཁོངས་སུ། པར་རིས་གསུམ་པ་ནང་གསལ་ལྟར། bit.ly རྣམ་པའི་ཐོག་ཡོད་པའི་འབྲེལ་ཐག་གཉིས་བཏང་ཡོད། འབྲེལ་ཐག་དང་པོ་དེའི་སྒང་དུ་མནན་ཚེ། hxxps://www.energy-mail[.]org/B20V54 དྲ་ཚིགས་ཁ་བྱང་ཞིག་ལ་འཁྲིད་འགྲོ་བ་དང་། དེས་ཡང་བསྐྱར། ནུས་ཤུགས་ཡིག་ཟམ་ཟེར་བའི་གྷོ་གྷིལ་བདེན་དཔང་གི་བཀོལ་ཆས་ངོས་ཤོག་ཅིག་སྒོ་འབྱེད་ཀྱི་ཡོད་ལ། དེས་ཁྱེད་ཀྱི་ཇི་མེལ་ཡིག་ཟམ་གྱི་གནས་ཚུལ་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་སློང་གི་ཡོད། འབྲེལ་ཐག་གཉིས་པ་དེ་ཨན་ཌོ་མ་ལག་ལ་འཇབ་རྒོལ་བྱེད་པར་དམིགས་ནས་བཏང་ཡོད།
མཇུག་བསྡོམས།
འདས་པའི་ལོ་ངོ་བཅུ་གྲངས་ཤིག་གི་ནང་དུ། བོད་པའི་སྤྱི་ཚོགས་ལ་འཕྲད་པའི་དྲ་ཐོག་གི་འཇབ་རྒོལ་རིགས། དང་ཐོག་གློག་འཕྲིན་ཡིག་ཟམ་གྱི་ཟུར་སྣོན་ཡིག་ཆའི་ཁོངས་ནས་མཉེན་འབུ་གཏོང་བ་ནས། རིམ་བཞིན་POISON CARP ་ལྟ་བུའི་མི་སྒེར་དང་ཡང་ན། ཚོགས་པ་གང་རུང་གཅིག་ཁོ་ནས་བརྩམས་པའི་ཉྭ་འཛིན་གྱི་འཇབ་རྒོལ་ལ་ཁ་བསྒྱུར་ཡོད་པ་དེས། འཇབ་རྒོལ་བྱེད་མཁན་གྱི་ངོས་ནས། བོད་པའི་སྤྱི་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་གོ་རྟོགས་ལས་འགུལ་ལ་གཞིགས་ཏེ། ཁོང་ཚོའི་འཇབ་རྒོལ་གྱི་ཐབས་རྩལ་ལ་འགྱུར་བ་གཏོང་གི་ཡོད་པ་བསྟན་ཡོད་པ་མ་ཟད། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་འཕྲུལ་རིག་བདེ་འཇགས་ཀྱི་དཀའ་ངལ་ཁག་ཀྱང་གསལ་སྟོན་བྱས་ཡོད།
གསང་མྱུལ་གྱི་ལས་འགུལ་འདྲ་མིན་འདི་དག་གི་ཐུན་མོང་གི་མཚུངས་ཆོས་ཤིག་ནི། སྤྱང་གྲུང་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་དམིགས་ཁ་གཏོད་ཀྱི་ཡོད་པ་ལས།ཚད་མཐོ་བའི་ཟགས་ཁུང་དང་དམིགས་ཡུལ་ངན་པའི་མཉེན་ཆས་ཀྱི་ལག་རྩལ་བཀོལ་སྤྱོད་བྱེད་ཀྱི་མེད་པ་དེ་རེད། ལས་འགུལ་འདི་དག་གིས་ཐུན་མོང་གི་ཐོག་ནས་ཁ་པར་ནང་གི་མཛུབ་གནོན་ཐེངས་གཅིག་གི་འཇབ་རྒོལ་གྱི་བྱེད་ཐབས་སྤྱད་དེ་བོད་པའི་སྤྱི་ཚོགས་ལ་དམིགས་ཁ་གཏད་ཡོད་པ་ར་སྤྲོད་བྱུང་ཡོད། འཇབ་རྒོལ་གྱི་ལས་འགུལ་འདི་དག་ཉེ་ལམ་ཡུ་གུར་གྱི་ཚོགས་པ་ཁག་དམིགས་འབེན་ཏུ་བཟུང་སྟེ་ཐེངས་གཉིས་སྤེལ་བའི་འཇབ་རྒོལ་ལས་འགུལ་གྱི་ངོ་བོ་དང་ཆ་མཚུངས་བ་དེས། བོད་པའི་སྤྱི་ཚོགས་དང་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་ཁག་ལ་དམིགས་པའི་དྲ་ལམ་འཇབ་རྒོལ་གྱི་ལག་རྩལ་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་གཞི་གོང་མཐོར་ཕྱིན་ཡོད་པ་མཚོན་གྱི་ཡོད།
ལག་རྩལ་གྱི་གཞི་གྲངས་ཁག་འཁོད་པའི་མི་སེར་ཚོད་ལྟ་ཁང་གི་སྙན་ཐོ་ཆ་ཚང་ཀློག་འདོད་ན། འབྲེལ་ཐག་འདིའི་སྒང་དུ་ནོན། https://citizenlab.ca/
དྲ་ལམ་འཇབ་རྒོལ་གྱི་དམིགས་འབེན་དུ་གྱུར་བའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། གཅིག་ནས་ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་པའི་ཆེད་དང་། གཉིས་ནས་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕྲུལ་རིག་བདེ་འཇགས་ཀྱི་ཤེས་བྱ་གོང་འཕེལ་གཏོང་བའི་ཕྱིར་དུ། ནད་འབུ་བགོ་ཐབས་ཀྱི་བྱ་སྤྱོད་འདི་དག་ལམ་སེང་ཡང་ཞུ་དང་སྙན་ཐོ་འགོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ། ཁྱེད་རང་ལ་དྲི་བ་ཡོད་པའམ། ཡང་ན། ཁྱེད་རང་གི་གློག་ཆས་ཁག་ལ་དོགས་གཞི་ཅན་གྱི་གནས་ཚུལ་འདྲ་བྱུང་ཚེ། ཡིག་ཟམ་ཁ་བྱང་info@tibcert.org འདིའི་ཐོག་ཏུ་འབྲེལ་བ་གནང་རྒྱུ་མ་བརྗེད་རོགས། མཐའ་མར། ང་ཚོས་སྒོམ་བརྒྱབ་སྟེ་རང་ཉིད་ཀྱི་སེམས་ཁམས་གཙང་བཟོ་དང་དམིགས་པ་ཇེ་གསལ་ཏུ་གཏོང་བ་ནང་བཞིན། རང་ཉིད་ཀྱི་གློག་ཆས་རིགས་ཀྱང་དུས་ཐོག་ཏུ་ཐོན་གསར་བའི་ཐོག་ཏུ་བརྗེ་སྤོར་དང་གསར་སྣོན་བྱས་ཏེ། གནོད་ཚབས་ཆེ་བའི་ནད་འབུ་རིགས་དང་རྒྱང་བཀྱེད་ནས་བསྡད་ཆོག