བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་བཞི་པ།

Download this PDF

༡. རྒྱབ་ལྗོངས།

༡.༡ བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)་གི་སྐོར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)གིས། དངོས་གཞིའི་མཉམ་འབྲེལ་གཞིར་བཟུང་གི་སྒྲོམ་གཞི་ཞིག་གི་འོག་ཏུ། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུ་དང་། བོད་ནང་གི་དྲ་རྒྱ་བཀག་སྡོམ་དང་གསང་མྱུལ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་གནས་ཚུལ་སོགས་གཞི་ལ་བཞག་སྟེ།  བོད་མི་ཚོའི་འཕྲུལ་རིག་ཉམས་ཞིབ་ཀྱི་ནུས་པ་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན་ལ། མཐའ་དོན། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཚད་མཐོ་ བའི་དྲ་ཐོག་གི་རང་དབང་དང་བདེ་འཇགས་ཁག་ཐེག་བྱེད་རྒྱུ་དེ་ཡིན།

༡.༢ དམིགས་ཡུལ།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་སྤེལ་གྱི་དམིགས་ཡུལ་ནི། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་བརྒྱུད་སྤེལ་བྱེད་རྒྱུ་དང་། བོད་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་སྐོར་ལ་ལམ་སྟོན་གནང་རྒྱུ། འཛམ་གླིང་ཧྲིལ་པོར་ཏོག་དབྱིབས་རིམས་ནད་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་འདིར། བཙན་བྱོལ་བོད་མི་ཡོངས་ཀྱི་ལུས་སེམས་དང་དྲ་ཐོག་གི་བདེ་ཐང་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེད་དུ་རོགས་རམ་གང་ཡོང་གནང་རྒྱུ། དེ་བཞིན་བོད་མི་ཚོའི་ཏོག་དབྱིབས་ནད་དུག་སྐོར་གྱི་གོ་རྟོགས་སེལ་བའི་ཆེད་དུ། དེ་འབྲེལ་གྱི་རྒྱུ་ཆ་དང་རྒྱུན་ཤེས་སོགས་མཁོ་སྤྲོད་བྱེད་རྒྱུའི་དམིགས་འབེན་བཟུང་ཡོད། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་སྤེལ་གྱི་དམིགས་ཡུལ་ནི། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་བརྒྱུད་སྤེལ་བྱེད་རྒྱུ་དང་། བོད་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་སྐོར་ལ་ལམ་སྟོན་གནང་རྒྱུ། འཛམ་གླིང་ཧྲིལ་པོར་ཏོག་དབྱིབས་རིམས་ནད་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་འདིར། བཙན་བྱོལ་བོད་མི་ཡོངས་ཀྱི་ལུས་སེམས་དང་དྲ་ཐོག་གི་བདེ་ཐང་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེད་དུ་རོགས་རམ་གང་ཡོང་གནང་རྒྱུ། དེ་བཞིན་བོད་མི་ཚོའི་ཏོག་དབྱིབས་ནད་དུག་སྐོར་གྱི་གོ་རྟོགས་སེལ་བའི་ཆེད་དུ། དེ་འབྲེལ་གྱི་རྒྱུ་ཆ་དང་རྒྱུན་ཤེས་སོགས་མཁོ་སྤྲོད་བྱེད་རྒྱུའི་དམིགས་འབེན་བཟུང་ཡོད།

༡.༣ བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་ཁ་གསབ།

ཏོག་དབྱིབས་རིམས་ནད་ཀྱིས་མི་ཚང་མར་ཤུགས་རྐྱེན་སྤྲད་ཡོད། རྒྱ་གར་རྒྱལ་ཡོངས་ཁྱིམ་སྡོད་བཀག་རྒྱའི་འོག་ཏུ་ཡོད་སྟབས། སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་བྱུས་ལ་གུས་བརྩི་ཞུས་པའི་ཐོག་ནས། ང་ཚོས་རང་ཁྱིམ་ནས་ལས་ཀ་བྱེད་འགོ་བཙུགས་ཡོད་ལ། བོད་པའི་ཚོགས་སྡེ་ཁག་ལ་སྔར་བཞིན་འཕྲུལ་རིག་བདེ་འཇགས་ཐད་ཀྱི་རྒྱུ་ཆ་གསར་བསྐྲུན་དང་། དེ་འབྲེལ་གྱི་རོགས་རམ་མུ་མཐུད་ནས་བྱས་ཡོད། ད་ལྟའི་གནས་བབ་ལ་གཞིགས་ནས་གླེང་ན། ཁྱིམ་སྡོད་བཀའ་རྒྱ་ག་དུས་མཇུག་སྒྲིལ་མིན་བརྗོད་དཀའ་བས། ང་ཚོས་མུ་མཐུད་དུ་རང་ཁྱིམ་ནས་བོད་པའི་ཚོགས་སྡེ་ཁག་ལ་རོགས་རམ་བྱེད་ངེས་ལ་། དྲ་ལམ་ཟབ་སྦྱོང་དང་སྲིད་བྱུས་ལག་བསྟར་སོགས་ཀྱི་ལམ་ཁ་ཡང་འཚོལ་བཞིན་ཡོད། 

༡.༤ གནས་ཚུལ་སྙིང་བསྡུས།

 བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་བཞི་པའི་ཁོངས་སུ།

༡.༤.༡ གནས་ཚུལ་ནོར་བ་དང་གནས་ཚུལ་རྫུན་མ།

བསམ་བཞིན་དུ་མི་སྒེར་དང་། ཡང་ན། ཚོགས་སྡེ་གང་རུང་ཞིག་ལ་གནོད་པ་སྐྱེལ་བའི་ཆེད་དུ་བརྒྱུད་བསྐུར་བྱས་པའི་གནས་ཚུལ་རྫུན་མ་དང་། གཟབ་གཟབ་མ་བྱས་པར་བརྒྱུད་སྐུར་བྱས་པའི་གནས་ཚུལ་ནོར་བ་སོགས་ནི། མི་མང་ལམ་ལོག་ཏུ་ཁྲིད་ཏེ་གནོད་པ་སྐྱེལ་མཁན་གྱི་ཁུངས་ལྡན་མ་ཡིན་པའི་གནས་ཚུལ་(དཔེར་ན། ཟིན་བྲིས་དང་། ཡིག་ཚོགས། སྐད་འཕྲིན་ནང་གི་མཆན། པར་རིས་)གང་རུང་ཞིག་ལ་ཟེར། ཏོག་དབྱིབས་རིམས་ནད་ཀྱི་དུས་སྐབས་སུ། བོད་མི་ཚོ་བདེ་འཇགས་ངང་གནས་ཐུབ་པར་རོགས་པ་བྱེད་ཆེད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཤེས་བྱའི་གཏེར་མཛོད་ཀྱི་ཁོངས་སུ། ཁྱབ་བརྡལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་གང་རུང་ཞིག་བདེན་རྫུན་གང་ཡིན་ཁུངས་སྐྱེལ་བྱེད་སའི་སྡེ་ཚན་ཞིག་བཟོས་ཡོད། དེའི་སྐོར་གྱི་གནས་ཚུལ་རྒྱས་པ་འབྲེལ་ཐག་འདི་བརྒྱུད་ནས་གཟིགས། https://learn.tibcert.org/category/disinfo-misinfo/  ཁྱེད་ཀྱིས་དྲ་ཚིགས་གང་གི་སྟེང་དུའང་ད་དུང་ཐོན་མེད་པའི་གནས་ཚུལ་གང་རུང་ཞིག་བདེན་པ་ཡིན་མིན་ཁུངས་སྐྱེལ་བྱེད་འདོད་ཚེ།  ང་ཚོའི་ཡིག་ཟམ་ཁ་བྱང་འདིའི་ཐོག་ལ་འབྲེལ་བ་བྱེད་རོགས། support@tibcert.org

༡.༤.༢ ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་ཁ་གསབ།

ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་པའི་ཆེད་དུ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་མང་པོ་ཞིག་གིས་ཕན་ཚུན་ལ་རོགས་པ་བྱེད་ཀྱི་ཡོད། བོད་མི་ཚོར་འཕྲོད་བསྟེན་དང་འབྲེལ་བའི་སློབ་སྟོན་དང་། དྲ་ལམ་ཟབ་སྦྱོང་། ཐད་སྦྲེལ་ཞབས་ཞུའི་ཁ་པར། འཕྲུལ་རིག་གི་གསལ་འདེབས། ལོ་རྒན་པ་ཚོར་ལམ་སྟོན་ལ་སོགས་པའི་གནས་ཚུལ་དང་རྒྱུ་ཆ་ཁག་རག་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཐབས་སུ། ང་ཚོས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་དྲ་ཚིགས་གསར་པ་ཞིག་བཟོས་པ་ཡིན།  https://covid19.tibcert.org/. དུས་མཚུངས་སུ། རྒྱ་ནག་སྲིད་གཞུང་དང་རྒྱ་ནག་ནང་གི་བཟོ་ཚོང་ཁང་ཁག་གིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་མ་འགྲོ་བའི་ཕྱིར་དུ་ཁ་པར་ནང་གི་བཀོལ་ཆས་ཁ་ཤས་འདོན་སྤེལ་བྱས་ཏེ། མི་ཚོར་ནད་དུག་ཕོག་ཡོད་མེད་དང་རྗེས་འདེད་བྱེད་པའི་འབད་རྩོལ་བྱས་ཡོད།  འོན་ཀྱང་། བཀོལ་ཆས་དེ་དག་མི་ཚོས་ཁ་འབྱེད་ཐེངས་རེར། སྒེར་གྱི་གཞི་གྲངས་ཁག་ཁོང་ཚོས་ཤེས་རྟོགས་དང་མོས་མཐུན་གང་ཡང་མེད་པའི་ཐོག་ནས། གཞུང་གི་ཁྲིམས་ལུགས་ལག་བསྟར་ཚན་པར་བགོ་འགྲེམས་བྱས་ཏེ། དྲ་བའི་ཞབས་ཞུའི་མཛོད་ནང་དུ་ཉར་ཚགས་བྱེད་ཀྱི་ཡོད། བྱེད་ལས་འདིས་མི་སྒེར་གྱི་གསང་རྒྱའི་ཐད་ལ་སེམས་འཚབ་འཕར་མ་ཞིག་བསྐྲུན་ཡོད། གང་ཡིན་ཞེ་ན། ཉར་ཚགས་བྱས་པའི་གཞི་གྲངས་དེ་དག ཏོག་དབྱིབས་ནད་དུག་གི་དུས་སྐབས་མཇུག་བསྒྲིལ་བའི་རྗེས་སུའང་། སྤྱི་ཚོགས་ཚོད་འཛིན་བྱེད་སྤྱད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་ངེས་པའི་ཉེན་ཁ་ཞིག་སླེབས་ཡོད། 

༡.༤.༣ ཁེ་སི་ཕར་སི་ཀའེ(Kaspersky) སྙན་ཐོ།

དྲ་ཐོག་གི་གསང་རྒྱའི་ཚན་ཁག  ཁེ་སི་ཕིར་སི་ཁའེ་ཡི་ངོས་ནས། བོད་པའི་དྲ་ཚིགས་ཁག་དམིགས་འབེན་ཏུ་བཟུང་བའི་ཆུ་ཁུང་འཇབ་རྒོལ་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད། དྲ་ཐོག་གི་འཇབ་རྒོལ་འདིའི་རིགས་ཀྱིས་དྲ་ཚིགས་ཁག་ལ་ནད་འབུ་བགོས་ཏེ། དྲ་ཚིགས་དེ་དག་ལྟ་ཀློག་བྱེད་མཁན་ཚོར། Adobe Flash player ཐོན་གསར་ཤོས་དེ་ཕབ་ལེན་བྱེད་དགོས་པའི་རེ་སྐུལ་ཞུས་ཏེ་མི་ཚོར་མགོ་སྐོར་གཏོང་གི་ཡོད། གལ་ཏེ་ཕབ་ལེན་བྱས་ཚེ། མི་དེའི་རྩིས་འཁོར་གྱི་མ་ལག་གི་ཁོངས་སུ་ནད་འབུ་འཛུལ་གྱི་ཡོད། ཁེ་སི་ཕིར་སི་ཁའེ་ཡི་སྙན་ཐོ་དེ་ཧ་གོ་བའི་རྗེས་སུ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས།  ནད་འབུས་གནོད་སྐྱོན་ཐེབས་པའི་བོད་པའི་འབྲེལ་ཡོད་ཚོགས་སྡེ་ཁག་ལ་རོགས་པ་བྱས་ཏེ། འཇབ་རྒོལ་གྱི་དོན་རྐྱེན་ལ་དུས་ཐོག་ཏུ་ཡ་ལན་སྤྲད་ཡོད། 

༡.༤.༤ འཕྲུལ་རིག་བདེ་འཇགས་ཀྱི་གནས་ཚུལ་ཁ་སྐོང་།

ཏོག་དབྱིབས་ནད་དུག་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་སུ། ཁྲི་རོན་ཁྲོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་མི་སེར་ཚོད་ལྟ་ཁང་གིས། སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་གྱི་སྐོར་ལ་ཉམས་ཞིབ་བྱས་ཡོད། མ་དཔེའི་ཚོད་ལྟ་བརྒྱུད་དེ། ཉམས་ཞིབ་པ་ཚོས། སྐད་འཕྲིན་ནང་དུ་གནད་ཡོད་ཀྱི་ཐ་སྙད་རིགས་བཀག་སྡོམ་བྱས་པའི་ཐོག་ནས།  མི་ཚོས་སྤེལ་བའི་ཏོག་དབྱིབས་ནད་དུག་སྐོར་གྱི་བརྗོད་གཞི་དང་འབྲེལ་བའི་ནད་དོན་རིགས་ཆ་ཚང་བཀག་འགོག་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཉེ་ཆར། མི་སེར་ཚོད་ལྟ་ཁང་གིས། རྒྱ་ནག་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཁག་ལ་གསང་མྱུལ་བྱས་པའི་ཐོག་ནས། དེ་དག་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཁག་ནང་གི་གནས་ཚུལ་བཀག་སྡོམ་གྱི་བྱེད་ནུས་གོང་མཐོར་གཏོང་བྱེད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་ཀྱང་བཏོན་ཡོད། སྙན་ཐོ་དེའི་ཁོངས་སུ། སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་བྱེད་ཕྱོགས་སྐོར་ཧ་གོ་བར་རོགས་པ་བྱེད་ཐུབ་པའི་གནས་ཚུལ་གལ་ཆེན་པོ་དེ་འདྲ་ཡོད་པ་མ་ཟད། སྙན་ཐོ་དེ་ནི་གསང་མྱུལ་དང་འབྲེལ་བའི་ཉམས་ཞིབ་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་ཆགས་ཡོད། གང་ཡིན་ཞེ་ན། སྙན་ཐོ་དེ་ནི་བོད་དང་རྒྱ་ནག་ཕྱི་ཕྱོགས་ཀྱི་སྐད་འཕྲིན་ནང་གི་གསང་མྱུལ་སྐོར་གླེང་སློང་དང་གྲོས་བསྡུར་བྱེད་མཁན་ཐོག་མ་དེ་ཆགས་ཡོད། 

ཀ༽ རྒྱ་ནག་གི་བྷའེ་སྒྲན་སི(ByteDance)་བཟོ་ཚོང་ཁང་གིས་གཙོ་གཉེར་བྱེད་བཞིན་པའི་འདར་སྒྲ(TikTok)་བཀོལ་ཆས་ལ། བདེ་འཇགས་ངོས་ཐད་ཀྱི་ཉེན་ཁ་དང་སྐྱོན་ཆ་ཡོད་པ་དེས། དྲ་ཐོག་གི་འཇབ་རྒོལ་པ་ཚོར། འདར་སྒྲ(TikTok) བཀོལ་ཆས་ཀྱི་མིང་ཐོག་ནས། བཀོལ་ཆས་འཛད་སྤྱོད་པ་ཚོར་ཉེན་ཚབས་ཆེ་བའི་འབྲེལ་ཐག་གཏོང་ཐུབ་པའི་ནུས་པ་སྤྲད་ཡོད་ལ། མི་སྒེར་གྱི་འདར་སྒྲའི་ཁ་བྱང་ནང་འཛུལ་ཚར་བའི་རྗེས་སུ། འཇབ་རྒོལ་པས་འདར་སྒྲའི་ནང་གི་མི་སྒེར་གྱི་གནས་ཚུལ་དང་། ཡིག་ཟམ་ཁ་བྱང་སོགས་བཅོས་སྒྱུར་དང་། བརྙན་པར་རིགས་ཡར་འཇུག་དང་ཕྱིར་འདོན་་སོགས་བྱེད་ཐུབ་ཀྱི་ཡོད། འདར་སྒྲ(TikTok)་བཀོལ་ཆས་ཀྱི་ནང་དུ། ད་དུང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་སྡེབ་གསོད་དང་། བོད་རང་བཙན། ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ། སྐད་གྲགས་ཆེ་བའི་ཧོང་ཀོང་ནང་གི་ངོ་རྒོལ་སྐད་འབོད། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་མང་གི་ཐོག་ཏུ་བཙན་གནོན་བྱེད་ཀྱི་ཡོད་པའི་གནས་ཚུལ་སོགས། མདོར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལམ་ལུགས་དང་སྒྲོམ་གཞི་ལ་སྐྱོན་འཛུགས་བྱེད་པའི་གནད་དོན་ཡོངས་རྫོགས་ཀྱང་བཀག་སྡོམ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་མ་ཚད། འདར་སྒྲ(TikTok) བཟོ་ཚོང་ཁང་གིས་རྒྱ་གར་ནང་གི་འདར་སྒྲའི་ནང་དོན་དོ་དམ་རུ་ཁག་ལ། བོད་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བརྙན་པར་རིགས་བཀག་འགོག་དང་ཕྱིར་འདོན་བྱེད་དགོས་སྐོར་གྱི་བཀའ་རྒྱ་ཡིག་ཟམ་བརྒྱུད་ནས་བཏང་ཡོད། བྱེད་ལས་འདིས། འདར་སྒྲ(TikTok) བཀོལ་ཆས་ཀྱི་ངོས་ནས། རྒྱ་ནག་གི་ཕྱི་ལོགས་སུ་སྤེལ་བའི་ཡིག་ཆའི་ནང་དོན་ཁག་ཀྱང་སྟངས་འཛིན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད།  

ཁ༽ཏོག་དབྱིབས་ནད་དུག་གི་དུས་སྐབས་སུ།  སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་པའི་ཆེད་དུ། མི་མང་པོ་ཞིག་གིས་རང་ཁྱིམ་ནས་ལས་ཀ་བྱེད་འགོ་བཙུགས་ཡོད་ལ། དུས་མཚུངས་སུ། དྲ་ལམ་གཟུགས་མཐོང་གླེང་མོལ་གྱི་ཡོ་ཆས་ཁག་དར་ཁྱབ་ཆེན་པོ་ཕྱིན་ཡོད། དྲ་ལམ་གཟུགས་མཐོང་གླེང་མོལ་གྱི་ཡོ་ཆས་ཁག་གི་ནང་ནས་Zoom བཀོལ་ཆས་དེ། མི་མང་ཤོས་ཀྱིས་བཀོལ་སྤྱོད་བྱས་ཡོད་ལ། Zoom དེ་ལོ་ཤས་གོང་ལ་གྲགས་ཆེ་བའི་གཟུགས་མཐོང་གླེང་མོལ་བཀོལ་ཆས་Skype དང་ཆ་འདྲ་བོ་ཆགས་ཡོད། ཡིན་ནའང་། ཉེ་ཆར། ཉམས་ཞིབ་པ་ཚོས། Zoom བཀོལ་ཆས་ནང་གི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཁ་ཤས་ཤིག་གསར་རྙེད་བྱུང་ཡོད་ལ། དེ་དག་གི་ཁྲོད་ཀྱི་བོད་པ་དང་ཐད་ཀར་འབྲེལ་བ་ཆགས་པའི་གནད་དོན་ཞིག་ནི། Zoom ནང་གི་གཞི་གྲངས་ཁག་རྒྱ་ནག་བརྒྱུད་ནས་འགྲོ་ཡི་ཡོད་པ་དེ་རེད། དེ་དུས་མི་ཚོའི་སེམས་ནང་དུ། Zoom་བཀོལ་ཆས་མུ་མཐུད་དུ་བཀོལ་ན་བདེ་འཇགས་ཡོད་མེད་དང་། གལ་ཏེ་བདེ་འཇགས་མེད་ཚེ། ག་རེ་བྱེད་དགོས་མིན་སོགས་ཀྱི་དྲི་བ་སླེབས་ཡོད། གཤམ་དུ་དྲི་བ་འདི་འདྲའི་རིགས།  ཚོང་ལས་སྡེ་ཁག་གིས་བཟོས་པའི་ཁུངས་འབྱེད་མིན་པའི་མཉེན་ཆས་རིགས་ལ་ཡིད་ཆེས་ག་ཚོད་ཅིག་བྱེད་ཆོག་མིན་གྱི་གནད་དོན་དང་མཉམ་དུ་སྦྱར་ནས་དཔྱད་ཞིབ་བྱེད་རྒྱུ་ཡིན། 

༢.གནས་ཚུལ་ནོར་བ་དང་གནས་ཚུལ་རྫུན་མ།

གསར་འགྱུར་རྫུན་མ་ནི་ད་ལྟའི་དུས་ཀྱི་གནད་དོན་དང་དཀའ་ངལ་གཙོ་བོ་ཞིག་ཆགས་ཡོད། མི་སྒེར་དང་སྲིད་གཞུང་མང་པོ་ཞིག་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་དེ་བཞིན་འབྲེལ་མཐུད་ཀྱི་སྡིངས་ཆ་གཞན་དག་བེད་སྤྱད་དེ། གནས་ཚུལ་ནོར་བ་དང་རྫུན་མ་གཉིས་ཀ་ཁྱབ་སྤེལ་གཏོང་གི་ཡོད། གཟབ་གཟབ་དང་དོ་སྣང་མ་བྱས་པར་བརྒྱུད་སྐུར་བྱས་པའི་ཁུངས་མེད་ཀྱི་གསར་འགྱུར་རིགས་ལ་གནས་ཚུལ་ནོར་བ་ཟེར་ཞིང་། དེ་ལས་ལྡོག་སྟེ། བསམ་བཞིན་དུ་མི་སྒེར་དང་། ཡང་ན། ཚོགས་སྡེ། རྒྱལ་ཁབ་གང་རུང་ཞིག་ལ་གནོད་པ་སྐྱེལ་བའི་ཆེད་དུ་བརྒྱུད་སྐུར་བྱས་པའི་ཁུངས་མེད་ཀྱི་གསར་འགྱུར་རིགས་ལ་གནས་ཚུལ་རྫུན་མ་ཞེས་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་ཚེ། དེས་དོན་དངོས་དང་རྟོག་བཟོ་བར་གྱི་དབྱེ་མཚམས་ཁ་གསལ་མེད་པར་བཟོ་ཐུབ་ཀྱི་ཡོད་ལ། དེའི་དམིགས་ཡུལ་ནི་མི་མང་མགོ་འཐོམ་བཟོ་རྒྱུ་དེ་རེད། 

ཉེ་ཆར། ང་ཚོས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་རྫུན་མ་མང་པོ་ཞིག་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་གི་ནང་དུ་བརྒྱུད་སྐུར་བྱེད་ཀྱི་ཡོད་པ་དོ་སྣང་བྱུང་ཡོད། སྐབས་འགར། གང་ཞིག་གནས་ཚུལ་རྫུན་མ་དང་གང་ཞིག་གནས་ཚུལ་ངོ་མ་ཡིན་མིན་བརྗོད་དཀའ་ཡང་། མི་ཚོས་ཁུངས་ལྡན་མ་ཡིན་པའི་གནས་ཚུལ་ནོར་བའམ་རྫུན་མ་བརྒྱུད་སྐུར་བྱེད་པའི་བྱེད་ལས་དེས་སྔར་ཡོད་ཀྱི་དཀའ་ངལ་ཆེ་རུ་གཏོང་གི་ཡོད། གནས་ཚུལ་རྫུན་མ་དང་ནོར་བའི་རིགས་ཁྱབ་སྤེལ་བྱས་ན། དེས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་པ་བསྐྱེལ་སྲིད་ལ། དཀའ་ངལ་དེ་སེལ་བར་རོགས་པ་བྱེད་ཆེད། གསར་འགྱུར་རྫུན་མའི་སྐོར་ལ་དབྱེ་ཞིབ་བྱས་པའི་ཐོག་ནས། དངོས་ཡོད་ཀྱི་གནས་ཚུལ་ཁག་ང་ཚོའི་དྲ་ཚིགས་ཀྱི་ཤེས་བྱའི་གཏེར་མཛོད་ཁོངས་སུ་འདོན་སྤེལ་བྱས་ཡོད། https://learn.tibcert.org/category/disinfo-misinfo/

གཤམ་དུ་གནས་ཚུལ་ནོར་བ་དང་རྫུན་མའི་དཔེ་མཚོན་གལ་ཆེན་གསུམ་བཀོད་ཡོད།

ཕྱི་ལོ ༢༠༢༠་ལོའི་ཟླ་༣་པའི་ཚེས་༡༦་ཉིན།  “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇ་ནག་ཁུ་མཆོད་ན། ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཞེས་བཀའ་ཕབ་ཡོད་སྐོར་གྱི་”གནས་ཚུལ་རྫུན་མ་ཞིག་དྲ་ཐོག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད་ལ། མི་མང་པོ་ཞིག་དཀྲོག་གཏམ་དེ་ལ་ཡིད་ཆེས་ཡོད། དེ་ནས་ཡུན་རིང་མ་སོང་བར།  ༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་གི་ངོས་ནས་གནས་ཚུལ་དེ་བདེན་པ་མིན་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བསྐྱངས་པ་མ་ཟད། ༧གོང་ས་མཆོག་གིས་ཏོག་དབྱིབས་ནད་དུག་འགོག་པར་ཇ་ནག་ཁུ་བཏུང་དགོས་པའི་བཀའ་བསྩལ་མེད་སྐོར་གསལ་པོ་བཟོས་ཡོད། 

པར་རིས་དང་པོ།: སྐུ་སྒེར་ཡིག་ཚང་གི་གསལ་བཤད་ཡི་གེ

དེ་བཞིན་དུ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གྲྭ་བ་ཞིག་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་སྐོར་གྱི་གནས་ཚུལ་རྫུན་མ་ཞིག་རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཁྱབ་ཡོད། དོན་དངོས་ཐོག་གནས་ཚུལ་དེ་རྩ་བ་ནས་བདེན་པ་མིན། དགའ་ལྡན་དགོན་པའི་ཏྲེ་ཧོར་ཁང་ཚན་གྱིས་ “གསར་འགྱུར་དེ་རྫུན་མ་ཡིན་པ་དང་། གྲྭ་བ་དེར་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་གིས་བརྟག་དཔྱད་གནང་སྐབས་ནད་རྟགས་གང་ཡང་མངོན་མེད་སྐོར”འགྲེལ་བརྗོད་གནང་ཡོད།

པར་རིས་གཉིས་པ། : དགའ་ལྡན་ཏྲེ་ཧོར་ཁང་ཚན་གྱི་གསལ་བཤད་ཡི་གེ

བོད་པའི་སྤྱི་ཚོགས་ཁྲོད་དུ་ཁྱབ་བརྡལ་དུ་ཕྱིན་པའི་གནས་ཚུལ་རྫུན་མའི་དཔེ་མཚོན་མཐའ་མ་དེ་ནི། ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གིས་གནང་བའི་འཕགས་མ་རི་ཁྲོད་མའི་སྲུང་འཁོར་གྱིས་ཏོག་དབྱིབས་ནད་ཡམས་འགོག་ཐུབ་ཟེར་བའི་གནས་ཚུལ་རྫུན་མ་དེ་རེད། གནས་ཚུལ་དེ་ཡང་བདེན་པ་མིན་སྟབས། ས་སྐྱ་སྒྲོལ་མ་ཕོ་བྲང་གིས་སྲུང་འཁོར་དེ་ནད་ཡམས་སོགས་གང་ཅིར་ཕན་པའི་དགེ་མཚན་ཆེ་རུང་། ཏོག་དབྱིབས་ནད་དུག་འགོག་པར། དེ་གཅིག་པུར་བརྟེན་མི་རུང་བའི་གསལ་བསྒྲགས་སྤེལ་ཡོད།

པར་རིས་གསུམ་པ། : ས་སྐྱ་སྒྲོལ་མ་ཕོ་བྲང་གི་གསལ་བཤད་ཡི་གེ

དམག་འཁྲུག་ནི་གསར་བ་གང་ཡིན་མིན་ཞེས་བརྗོད་ཆོག་པ་བཞིན། གནས་ཚུལ་ནོར་བ་དང་གནས་ཚུལ་རྫུན་མ་ཡང་གསར་བ་གང་ཡིན་གང་མིན་པ་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་མ་འདྲ་སའི་ཆ་ནི། ད་ལྟ་ང་ཚོ་འཕྲུལ་རིག་གི་དུས་རབས་ཤིག་གི་ནང་དུ་ཡོད་ལ། གནས་ཚུལ་བརྒྱུད་སྐུར་གྱི་མགྱོགས་ཚད་སྐད་ཅིག་གི་གློག་འཁྱུག་པ་ལས་མྱུར་བ་ཡོད། མི་མང་པོ་ཞིག་གིས་མི་སེམས་འགུག་པའི་གསར་འགྱུར་གྱི་འགོ་བརྗོད་ཅིག་མཐོང་མ་ཐག་ཏུ། གནས་ཚུལ་དེ་བདེན་པ་ཡིན་མིན་དང་། ཞིབ་ཕྲའི་ནང་དོན་ག་རེ་ཡིན་མིན་མ་བལྟས་པར་ལམ་སེང་བརྒྱུད་བསྐུར་བྱེད་ཀྱི་ཡོད། གནས་ཚུལ་ནོར་བ་དང་གནས་ཚུལ་རྫུན་མ་དེ་ཚོར་སྤྱི་ཚོགས་ལ་གནོད་སྐྱོན་གཏོང་བའི་ནུས་པ་ཡོད་པར་བརྟེན། ཁྱབ་བརྡལ་འགྲོ་བཞིན་པའི་གནས་ཚུལ་རིགས་ཁུངས་ལྡན་ཡིན་མིན་བརྩད་གཅོད་དང་ཞིབ་འཇུག་བྱེད་རྒྱུ་དེ་མི་རེ་རེའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཆགས་ཡོད། དེ་མ་ཟད། གནས་ཚུལ་རྫུན་མའི་རིགས་མཐོང་ཚེ། དེ་དག་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་འབྲེལ་ཡོད་སྡེ་ཁག་དང་། ཡང་ན། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ལ་submit@tibcert.org ཡར་ཞུ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ།

བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས།

པར་རིས་བཞི་པ། “བརྒྱུད་སྐུར་མ་བྱས་གོང་ལ་བསམ་བློ་ཐོངས།”

ད་ལྟའི་དུས་སུ། མི་མང་ཆེ་བས་གསར་འགྱུར་རིགས་དྲ་ཐོག་གི་ཡོངས་ཁུངས་ཁོ་ནར་གཞི་བཅོལ་གྱི་ཡོད་ལ། མི་ཕན་ཚུན་བར་གྱི་འབྲེལ་གཏུགས་ཁག་ཤུགས་ཆེར་ཁ་པར་ལ་བརྟེན་ཡོད་པའི་རྒྱུ་མཚན་གྱིས། བསམ་ཡུལ་ལས་འདས་པའི་གནས་ཚུལ་རྫུན་མ་རིགས་མགྱོགས་མྱུར་ངང་ཁྱབ་སྤེལ་འགྲོ་ཡི་ཡོད་ལ། དེས་མང་ཚོགས་ཀྱི་ཁྲོད་དུ་བདེན་རྫུན་དབྱེ་བ་འབྱེད་དཀའ་བའི་དཀའ་ངལ་དང་མགོ་ཉོག་བཟོ་ཡི་ཡོད། དེར་བརྟེན། དཀའ་ངལ་འདིའི་ཁྲོད་ཀྱི་དྲ་ཐོག་གི་ལག་ལེན་ཡག་ཤོས་དེ་ནི། བརྒྱུད་བསྐུར་མ་བྱས་གོང་ལ་བསམ་བློ་གཏོང་རྒྱུ་དང་། ཁྱེད་ཀྱིས་སོ་སོའི་དྲ་གྲོགས་ཚོར་ཁུངས་ལྡན་མིན་པའི་གནས་ཚུལ་རིགས་ཁྱབ་སྤེལ་མི་བྱེད་རྒྱུ་དེ་རེད། དེ་ལྟར་བྱས་ན། ད་གཟོད་གནས་ཚུལ་རྫུན་མ་འབྱོར་བ་ལ་བརྟེན་ནས་བྱེད་ལས་འདྲ་མིན་རྩོམ་པའི་ཤུགས་རྐྱེན་ངན་པ་ཁག་བཀག་འགོག་བྱས་པའི་ཐོག་ནས། ང་ཚོའི་སྤྱི་ཚོགས་དེ་ཉེན་ཁའི་རིགས་ལས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད། ཟླ་ཁ་ཤས་ཀྱི་རྗེས་སུ། ང་ཚོའི་འོས་བསྡུ་སླེབས་ཀྱི་ཡོད་སྟབས། གནས་ཚུལ་རྫུན་མ་སྤེལ་བའི་ལས་འགུལ་ཁག་གཡོལ་རྒྱུ་དང་བཀག་འགོག་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད། གལ་ཏེ། ཁྱེད་ཀྱིས་དོགས་གཞི་ཅན་གྱི་གནས་ཚུལ་རིགས་མཐོང་ཚེ། ག་དུས་ཡིན་ཡང་། ང་ཚོར་submit@tibcert.org བརྒྱུད་སྐུར་བྱོས་དང་། ང་ཚོས་གནས་ཚུལ་དེ་དག་རྫུན་མ་ཡིན་མིན་ཁུངས་སྐྱེལ་བྱེད་ངེས། 

༣.ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་ཁ་གསབ།

༣.༡ བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཏོག་དབྱིབས་ནད་དུག་སྐོར་གྱི་དྲ་ཚིགས།

ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་པའི་ཆེད་དུ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་མང་པོས་ཏོག་དབྱིབས་ནད་དུག་སྐོར་གྱི་འབྲེལ་ཡོད་རྒྱུ་ཆ་གསར་སྐྲུན་དང་ཁྱབ་སྤེལ་བྱེད་ཀྱི་ཡོད་ལ། ཏོག་དབྱིབས་ནད་དུག་Covid-19་དང་འབྲེལ་བའི་མང་ཚོགས་ཀྱི་འཕྲོད་བསྟེན་སྐོར་གྱི་སྤྱོད་སྒོ་ཆེ་བའི་གནས་ཚུལ་རིགས་མཁོ་སྤྲོད་དང་ཞིབ་བསྡུར་བྱེད་ཆེད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་བོད་ཡིག་དང་ཨིན་ཡིག་གཉིས་ཀའི་ནང་དུ་ལྟ་ཀློག་བྱེད་ཆོག་པའི་ཏོག་དབྱིབས་ནད་དུག་སྐོར་གྱི་དྲ་ཚིགས་གསར་པ་ཞིག་བཟོས་ཡོད།  https://covid19.tibcert.org/.  

པར་རིས་ལྔ་པ། : བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྐོར་གྱི་དྲ་ཚིགས།

ལྷག་པར་དུ། དྲ་ཚིགས་འདིའི་ནང་དུ། དམིགས་བསལ་གྱི་རོགས་པ་དགོས་པའི་བོད་མི་ཚོར་དམིགས་པའི་ས་གནས་རང་བཞིན་གྱི་ཐད་སྦྲེལ་ཞབས་ཞུ་ཁ་པར་དང་། ནད་དུག་གི་སྐོར་ཞིབ་ཕྲ་ཧ་གོ་བའི་ཆེད་དུ་བཟོས་པའི་བདེ་ཐང་གི་ལམ་སྟོན་སྤྱི་དང་། ལྷག་པར་དུ། མི་རྒན་པ་ཚོར་ཕུལ་བའི་འཕྲོད་བསྟེན་སྐོར་གྱི་གསལ་འདེབས་རིགས། དེ་བཞིན། རང་ཉིད་བདེ་ཐང་ངང་གནས་ཐུབ་ཆེད་དང་། མི་གཞན་བདེ་ཐང་ངང་གནས་ཐུབ་པར་རོགས་པ་བྱེད་ཐུབ་པའི་ཆེད་དུ་བཏོན་པའི་གཞི་རྩའི་སྲུང་སྐྱོབ་ཀྱི་ཐབས་ལམ་ཁག་ཡོད། ང་ཚོས་བདེ་ལེགས་སྨན་ཁང་གི་སྨན་བཅོས་འགན་འཛིན་དང་། ༧གོང་ས་སྐྱབས་མགོན་མཆོག་གི་སྐུ་སྒེར་བླ་སྨན་ཨེམ་རྗེ་ཚེ་བརྟན་ལགས་ཀྱིས་གནང་བའི་ལམ་སྟོན་གྱི་བརྙན་པར་ཡང་བཅུག་ཡོད། ཚོགས་པ་དང་མི་སྒེར་མང་དག་ཅིག་གིས་སྤྱི་ཚོགས་རྒྱང་བཀྱེད་ལག་བསྟར་བྱེད་པའི་ཆེད་དུ། ད་ལྟ་ཁྱིམ་དུ་ལས་ཀ་བྱེད་ཀྱི་ཡོད་སྟབས། ཁྱེད་ཀྱིས་དྲ་ཐོག་གི་འཇབ་རྒོལ་རིགས་ལས་རང་ཉིད་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་སྐོར་གྱི་འཕྲུལ་རིག་གི་གསལ་འདེབས་ཁག་ཀྱང་རྙེད་ཐུབ། མཐའ་མར། གལ་ཏེ། ཁྱེད་ཀྱིས་ཏོག་དབྱིབས་ནད་དུག་སྐོར་ལ་ཕྱག་ལས་གནང་མཁན་གྱི་ཚོགས་པ་དང་མི་སྒེར་སོགས་འཚོལ་དགོས་ཀྱི་ཡོད་ཚེ། ང་ཚོའི་དྲ་ངོས་ཀྱི་“Connect”སྡེ་ཚན་ལ་གཟིགས་ཆོག

འབྱུང་འགྱུར་གྱི་གཟའ་འཁོར་ཁ་ཤས་ནང་དུ། ང་ཚོས་དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཁག་སྔར་ལས་ཇེ་ཕྱུག་ཏུ་གཏོང་བའི་འཆར་གཞི་འདིང་གི་ཡོད་ལ། དྲ་ཚིགས་ཀྱི་ཁོངས་སུ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་པ་ཚོ་དྲ་ཐོག་ཏུ་མཉམ་འཛོམས་བྱས་ཏེ། བགྲོ་གླེང་དང་གྲོས་བསྡུར་བྱ་སའི་སྡིངས་ཆ་ཞིག་བཟོ་འཆར་ཡོད། དེ་མ་ཟད། ང་ཚོས་བཟའ་ཆས་སོགས་ཉོ་རུ་འགྲོ་བར་དཀའ་ངལ་ཡོད་མཁན་དང་། ཁེར་རྐྱང་དུ་བསྡད་ཡོད་མཁན་གྱི་བོད་མི་ལོ་ན་རྒན་པ་ཚོར་དངོས་སུ་རོགས་པ་བྱེད་མཁན་གྱི་ཏོག་དབྱིབས་ནད་དུག་དང་བླངས་ལས་དོན་ཚོགས་ཆུང་ཞིག་གསར་འཛུགས་བྱེད་འཆར་ཡོད། དྲ་ཚིགས་འདི་མ་འོངས་པར་གཉན་འཕྲང་གི་དུས་སྐབས་ཀྱི་བོད་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གསལ་སྟོན་དང་ར་སྤྲོད་བྱེད་སའི་ཡིག་ཚགས་ཤིག་ཏུའང་འགྱུར་ངེས།

༣.༢ རྒྱ་ནག་གི་ཏོག་དབྱིབས་ནད་དུག་རྗེས་འདེད་ཀྱི་བཀོལ་ཆས་དང་། གསང་རྒྱའི་རྙོག་དྲ།

COVID-19 འམ་ཏོག་དབྱིབས་ནད་དུག་ནི། འཛམ་གླིང་ཡོངས་ཁྱབ་ཀྱི་རིམས་ནད་ཞིག་ཡིན། ཏོག་དབྱིབས་ནད་དུག་ཁྱབ་བརྡལ་མ་འགྲོ་བའི་ཆེད་དང་། ད་ལྟའི་གནས་བབ་ཞི་འཇམ་དུ་གཏོང་བའི་ཕྱིར་དུ། སྲིད་གཞུང་མང་པོ་ཞིག་གིས་འཕྲུལ་རིག་བཟོ་ཚོང་ཁང་ཁག་དང་མཉམ་འབྲེལ་བྱས་ཏེ། ཏོག་དབྱིབས་ནད་དུག་ཕོག་པའི་མི་དང་དེའི་འབྲེལ་འདྲིས་བྱེད་སའི་མི་རྣམས་རྗེས་འདེད་གཏོང་བྱེད་ཀྱི་བཀོལ་ཆས་གསར་བཟོ་བྱས་ཡོད། 

དེ་ཡང་ནིག་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འགའི་སྔོན་དུ་རྒྱ་ནག་སྲིད་གཞུང་གིས་མི་མང་རྣམས་ཕྱིར་ལས་གནས་སུ་ཞུགས་དགོས་པའི་སྐུལ་མ་བྱས་རྗེས། མང་ཚོགས་ཀྱི་ཁྲོད་དུ་སནད་དུག་འགོས་ཡོད་མེད་ངོས་འཛིན་བྱེད་སྤྱད་ཀྱི་བཀོལ་ཆས་ཤིག་ཁྱབ་སྤེལ་བཏང་ཡོད། རྒྱ་ནག་སྲིད་གཞུང་གིས་ཨ་ལི་བྷ་བྷ་(Alibaba)ཟེར་བའི་རྒྱ་ནག་གི་དྲ་ལམ་ཚོང་ལས་སྡེ་ཁག་ཆེ་ཤོས་དེར་དབང་བའི་གྲོག་མའི་དངུལ་རྩ་(Ant Financial)ཟེར་བའི་ཚོང་ལས་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱས་ནས་བཟོས་པའི་བཀོལ་ཆས་དེའི་མིང་ལ་ཨ་ལི་གཏོང་སྤྲོད་ནོར་མཛོད་ཀྱི་བདེ་ཐང་ཨང་ཚབ་(Alipay Health Code)ཟེར། རང་ཉིད་ཀྱི་ཁ་པར་བརྒྱུད་དེ་བཀོལ་ཆས་འདིའི་ནང་དུ་བཤེར་རིས་(QR codes)བཤེར་བ་ཡིན་ན། ཚོན་མདོག་དམར་པོ་དང་། ལྗང་ཁུ། སེར་པོ་བཅས་རིགས་མི་འདྲ་བ་གསུམ་སྟོན་གྱི་ཡོད་ལ། ཚོན་མདོག་དེ་དག་བརྒྱུད་ནས། མི་ཞིག་གི་བདེ་ཐང་གི་གནས་བབ་ག་འདྲ་ཡོད་མེད་དབྱེ་བ་བགར་གྱི་ཡོད། བྱེད་ཐབས་དེའི་གཞི་འཛིན་ས་གཙོ་བོ་གང་ཡིན་མིན་གསལ་པོ་མེད་ཀྱང་། བཙན་ཤེད་ཀྱི་ཐོག་ནས་བཀའ་རྒྱ་བཏང་སྟེ་མི་མང་པོ་ཞིག་ཁེར་གཙང་དུ་སྡོད་དུ་བཅུག་ཡོད་ལ། མི་དེ་དག་གིས་དེའི་རྒྱུ་མཚན་ག་རེ་ཡིན་མིན་ཧ་གོ་མེད། མགོ་ཉོག་གི་ཆ་དེ་ཙམ་མ་ཟད། ལམ་ལུགས་དེའི་ཁྲོད་དུ། སྲིད་གཞུང་གི་ངོས་ནས་མི་མང་གི་འགུལ་སྐྱོད་ཡོངས་རྫོགས་རྗེས་འདེད་གཏོང་གི་ཡོད་པ་དེས་མི་སྒེར་གྱི་གསང་རྒྱ་ལ་དོ་ཕོག་བཟོས་ཡོད། དཔེར་ན། མི་ཞིག་གིས་བཤེར་རིས་ཤིག་བཤེར་བའི་རྗེས་སུ། མ་ལག་རང་ངོས་ནས་མི་སྒེར་གྱི་གནས་ཚུལ་དང་གཞི་གྲངས་རིགས་ས་གནས་ཉེན་རྟོག་ལས་ཁུངས་ལ་མཁོ་སྤྲོད་བྱེད་ཀྱི་ཡོད། དེའི་ཁོངས་སུ། མི་སྒེར་གྱི་མིང་དང་། སྡོད་གནས། གྲོང་ཁྱེར་གྱི་མིང་། མི་དེ་ངོས་འཛིན་བྱེད་སྤྱད་ཀྱི་ཨང་ཚབ་བཅས་ཚུད་ཡོད། འོན་ཀྱང་། མི་ཞིག་གིས་བཤེར་རིས་དེ་བཤེར་ཐེངས་རེར། བཀོལ་ཆས་དེས་མི་སྒེར་གྱི་གཞི་གྲངས་དྲ་བའི་ཞབས་ཞུའི་མཛོད་ཁོངས་སུ་བརྒྱུད་གཏོང་བྱེད་ཀྱི་ཡོད་མེད།  ཁྲིམས་ལུགས་ལག་བསྟར་ཚན་པའི་ངོས་ནས་མི་མང་ལ་གསལ་བཤད་ཁ་གསལ་བྱས་མེད། མི་སྒེར་གྱི་གཞི་གྲངས་དང་རྗེས་འདེད་ཀྱི་མ་དཔེ་ཕྱོགས་བསྡུས་བྱེད་པ་དེས། རང་འགུལ་གྱི་ཐོག་ནས་སྤྱི་ཚོགས་དོ་དམ་དང་སྟངས་འཛིན་བྱེད་པའི་ལམ་ལུགས་གསར་པ་ཞིག་བསྐྲུན་ངེས་ལ། ལམ་ལུགས་གསར་པ་དེ་ཏོག་དབྱིབས་རིམས་ནད་ཀྱི་དུས་སྐབས་མཇུག་བསྒྲིལ་བའི་རྗེས་སུའང་མུ་མཐུད་ནས་རྒྱུན་སྐྱོང་དང་བརྟན་པོར་གནས་ངེས།  

རྒྱ་ནག་རྒྱལ་ཡོངས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རོགས་པ་ལ་བརྟེན་ནས། ཁྱད་ཆོས་དང་དམིགས་ཡུལ་སྣ་འཛོམས་ཅན་གྱི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་སྐད་འཕྲིན་གཙོ་གཉེར་བྱེད་མཁན་གྱི་ཐིན་ཞུན་བཟོ་ཚོང་ཁང་གིས་བཀོལ་ཆས་གསར་པ་ཞིག་བཟོས་ཡོད། ཐིན་ཞུན་འཕྲོད་བསྟེན་ལྟ་སྐྱོང་ཨང་ཚབ་(Tencent Healthcare Code)ཟེར་བའི་བཀོལ་ཆས་དེས་ཀྱང་བཤེར་ཆས་གཞིར་བཞག་གི་རྗེས་འདེད་མ་ལག་བརྒྱུད་ནས་ལས་ཀ་རྩོམ་གྱི་ཡོད་པ་དང་། མ་ལག་དེ་བཀོལ་སྤྱོད་བྱས་པའི་ཐོག་ནས་འཛད་སྤྱོད་པའི་བདེ་ཐང་གི་གནས་བབ་སྐོར་གྱི་གཞི་གྲངས་བསྡུ་རུབ་དང་རྗེས་འདེད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད།

དབུས་འཕྲོད་བསྟེན་ཨང་ཚབ་ཀྱི་བཀོལ་ཆས་འདི་དག་ཙམ་མ་ཟད། ས་གནས་རིམ་པའི་སྲིད་གཞུང་མང་པོས་ཀྱང་། མི་སྒེར་གྱི་གཟུགས་པོའི་བདེ་ཐང་གི་གནས་བབ་སྟོན་པའི་ཚོན་མདོག་དམར་པོ་དང་། ལྗང་ཁུ། སེར་པོ་ཅན་གྱི་མ་ལག་བཀོལ་སྤྱོད་བྱས་པའི་ཐོག་ནས་འཕྲོད་བསྟེན་ཨང་ཚབ་ཀྱི་མཉེན་ཆས་ཆུང་ཆུང་དེ་འདྲ་ཁྱབ་སྤེལ་བཏང་ཡོད། ཚོན་མདོག་གི་ཨང་ཚབ་ཀྱི་འབྲས་བུ་དེ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་མི་དང་། ནད་དུག་ཕོག་ཡོད་ངེས་པའི་དོགས་གཞིའི་འོག་ཡོད་པ། ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་མི་དང་འབྲེལ་འདྲིས་བྱུང་བ། སོ་སོ་རང་ངོས་ནས་ནད་རྟགས་ཡོད་པའི་གནས་ཚུལ་ཡར་ཞུ་བྱས་པ་བཅས་བརྒྱུད་ནས་སྤེལ་བ་ཞིག་ཡིན་སྐོར་བརྗོད་ཡོད་ལ། ཕྱོགས་བསྡུས་བྱས་པའི་གཞི་གྲངས་དེ་དག་སྤྱི་སྤྱོད་རླངས་འཁོར་དང་། མེ་འཁོར། གནམ་གྲུ་སོགས་འགྲུལ་བསྐྱོད་ཀྱི་ཁྱབ་ཁོངས་སུ་ཟླ་བསྒྲིལ་བཏང་ཡོད།

བཤེར་རིས་གཞིར་བཞག་གི་རྗེས་འདེད་བཀོལ་ཆས་ཀྱི་སྐོར་ལ། ཨ་རིའི་ཇོན་ཧོ་ཕི་ཁིན་གཙུག་ལག་སློབ་གྲྭ་ཆེན་མོའི་བྷི་ལུམ་བྷར་སློབ་གླིང་གི་མང་ཚོགས་ཀྱི་འཕྲོད་བསྟེན་སྐོར་གྱི་དགེ་རྒན་ཆེན་མོ་གཞོན་པ་ཨ་ལན ལ་བྷི་རེ་ཁིག(Alain Labrique)་གིས།  བཀོལ་ཆས་འདི་འདྲའི་རིགས་ཀྱིས་མི་སྒེར་གྱི་གསང་རྒྱའི་སྐོར་ལ་བློ་མི་བདེ་བའི་གནད་དོན་ཞིག་བསླངས་ཡོད། ། ལྷག་པར་དུ། མི་སྒེར་གྱི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་དེ་དག་ནད་དུག་འགོག་པར་དེ་ཙམ་སྤྱོད་སྒོ་ཆེན་པོ་ཡོད་མི་སྲིད་ཀྱང་། གཞི་གྲངས་དེ་དག་མི་སྒེར་གྱི་ཆོག་མཆན་མེད་པའི་ཐོག་ནས་བགོ་འགྲེམས་དང་བརྒྱུད་སྤེལ་བྱེད་པ་དེ་གནད་དོན་ཞིག་ཆགས་ཡོད་ཅེས་བརྗོད་ཡོད། 

གསང་མྱུལ་སྐོར་ལ་དབྱེ་ཞིབ་བྱེད་མཁན་གྱི་ཆེད་ལས་མཁས་པ་ཚོས་གནད་དོན་གཞན་པ་ཁ་ཤས་ཤིག་ཀྱང་ཚོད་དཔག་བྱས་ཡོད། སྟབས་མ་ལེགས་པ་ཞིག་ནི། མི་ཞིག་ལ་ཚོན་མདོག་སེར་པོའམ་དམར་པོ་རག་པའི་རྒྱུ་མཚན་གང་ཡིན་མིན་གྱི་ཐད་ལ་གསལ་ཁ་གང་ཡང་མེད་པ་དེས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ལས་ཀ་མང་པོ་སྣ་འདྲེན་བྱེད་ངེས་ལ། ལྷག་པར་དུ། ཆབ་སྲིད་ངོས་ཐད་ཀྱི་འགལ་ཟླའི་ལྟ་ཚུལ་ཅན་དང་། ལོ་རྒྱུས་ཀྱི་ཐོག་ནས་དབྱེ་འབྱེད་བྱས་པའི་གྲངས་ཉུང་མི་རིགས་ཁག་དམིགས་འབེན་དུ་བཟུང་སྟེ། ཁོང་ཚོ་མང་ཚོགས་ཀྱི་ཁྲོད་དུ་ཐོན་མ་བཅུག་པར་ཟུར་འཇོག་བྱས་ཏེ། ཉེས་ཆད་རང་བཞིན་གྱི་རིམས་ནད་འགོག་སྲུང་གྱི་བྱེད་ཐབས་ལག་བསྟར་བྱེད་སྲིད་ཅེས་གསང་མྱུལ་འཕྲུལ་རིག་ལྟ་སྐུལ་ལས་འཆར་གྱི་སྤྱི་ཁྱབ་འགན་འཛིན་ཨེལ་བྷེར་ཌི ཧྥོག་སི་གན་(Mr. Fox Cahn)་ལགས་ཀྱིས་ABC གསར་ཁང་ལ་བརྗོད་ཡོད། ཁོས་མུ་མཐུད་ནས། མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་ཁ་གཡང་གི་འོག་ནས།  རྒྱ་ནག་སྲིད་གཞུང་གིས་ཁྱབ་ཆེ་བའི་གསང་མྱུལ་གྱི་སྒྲོམ་གཞི་བཀོལ་སྤྱོད་བྱས་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཆབ་སྲིད་ལས་འགུལ་པ་ཚོ་དམིགས་འབེན་ཏུ་བཟུང་སྟེ། ཁོ་ཚོའི་སྐྱོན་བརྗོད་ཤུལ་མེད་བཟོས་ངེས་པ་དེ་ང་ཚོས་ཚོད་དཔག་བྱེད་མི་ཐུབ་པ་ཞིག་མ་རེད་ཅེས་བརྗོད་ཡོད།

ཀྲེ་ཁི་ནོ་ཌི་(TechNode) ཟེར་བའི་འཕྲུལ་རིག་སྡེ་ཁག་ཅིག་གི་སྙན་ཐོ་ལྟར་ན། བཀོལ་ཆས་དེ་བཀོལ་སྤྱོད་བྱེད་མཁན་ཁ་ཤས་ཤིག རང་ཉིད་ཀྱི་ནང་མི་ཚོ་དང་མཉམ་དུ་གཟའ་འཁོར་ཁ་ཤས་རིང་ལ་ཁེར་གཙང་དུ་བསྡད་ཡོད་རུང་། ཁོང་ཚོར་སོ་སོའི་ནང་མི་ཚོ་དང་གཅིག་པ་མིན་པའི་ཚོན་མདོག་གཞན་པ་ཞིག་རག་ཡོད། དེར་བརྟེན། བཀོལ་ཆས་ཀྱི་མ་ལག་དེས་འཕྲོད་བསྟེན་དང་འགྲུལ་བསྐྱོད་ཀྱི་གཞི་གྲངས་ཁག་ཇི་ལྟར་དབྱེ་ཞིབ་བྱེད་ཀྱི་ཡོད་མེད་སྐོར་ལ་དོགས་པ་བསླངས་ཡོད་ལ། བཀོལ་ཆས་དེར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་རྒྱུའང་ཁག་པོ་བཟོས་ཡོད།

ད་ལྟའི་ནད་ཡམས་འདིའི་འཕར་ཤུགས་བཀག་འགོག་བྱེད་པའི་ཆེད་དུ། འཛམ་གླིང་གི་རྒྱལ་ཁབ་གཞན་པ་ཁ་ཤས་ཤིག་གི་སྲིད་གཞུང་གི་ངོས་ནས་ཀྱང་། ཁ་པར་ནང་གི་འབྲེལ་གཏུག་རྗེས་འདེད་ཀྱི་བཀོལ་ཆས་བཀོལ་སྤྱོད་བྱེད་པའི་གདམ་ག་དེ་འདེམས་ཡོད་ལ། དེ་བཞིན། ཀོ་རི་ཡ་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་བཀག་འགོག་བྱེད་པའི་ཆེད་དུ་གསང་མྱུལ་གྱི་ཐབས་ལམ་གཞན་པ་ཞིག་ཀྱང་བཀོལ་སྤྱོད་བྱས་ཡོད། ཡིན་ནའང་། གསང་མྱུལ་དང་རྗེས་འདེད་ཀྱི་ཐམས་ལམ་དེ་དག་གིས་མི་སྒེར་གྱི་གསང་རྒྱའི་སྐོར་ལ་སེམས་འཚབ་བཟོས་ཡོད་ལ། དྲ་ཐོག་གི་འཇབ་རྒོལ་པས་འབྲེལ་གཏུག་རྗེས་འདེད་བྱེད་པའི་ཐབས་ལམ་བརྒྱུད་དེ། སྲིད་གཞུང་གིས་བསྡུ་རུབ་བྱས་ཡོད་པའི་གཞི་གྲངས་དེ་དག་བེད་སྤྱོད་ལོག་པར་གཏོང་ངེས། གང་ལྟར། འབྲེལ་ཡོད་སྲིད་གཞུང་ལ་གཞི་གྲངས་གང་དག་བརྒྱུད་གཏོང་བྱས་ཡོད་མེད་དང་། ཁོང་ཚོས་དེ་དག་ཇི་ལྟར་བཀོལ་སྤྱོད་བྱེད་ངེས་མིན་སོགས་ཀྱི་སྐོར་ཧ་གོ་རྒྱུ་དེ་གལ་ཆེན་པོ་ཡིན། 

ད་ལྟའི་ཆར། འབྲེལ་གཏུག་རྗེས་འདེད་ཀྱི་བཀོལ་ཆས་ཁག་གི་བྱེད་ལས་རྩོམ་སྟངས་སྐོར་གྱི་མ་དཔེ་མི་འདྲ་བ་གཉིས་ཁྱབ་སྤེལ་གཏོང་གི་ཡོད་པ་དེ་དག་ནི།  གཅིག་སྡུད་ཀྱི་སྒྲོམ་གཞི་དང་ཆ་བགོས་ཀྱི་སྒྲོམ་གཞི་གཉིས་ཡིན། གཤམ་དུ་བྷི་བྷི་སེ་(BBC)གསར་ཁང་གིས་སྒྲོམ་གཞི་དེ་གཉིས་དཔེ་རིས་ཀྱི་ལམ་ནས་གསལ་ཁ་བཏོན་ཡོད། སྒྲོམ་གཞི་འདི་གཉིས་བར་གྱི་རྩོད་གཞི་དེ་མི་སྒེར་གྱི་གསང་རྒྱ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་དང་། ཁྱབ་བརྡལ་འགྲོ་བཞིན་པའི་ནད་དུག་བཀག་འགོག་བྱེད་པར། ལམ་ཁ་གང་བརྒྱུད་དེ་གཞི་གྲངས་བསྡུ་རུབ་དང་གསོག་ཉར་བྱེད་དགོས་མིན་དང་། གཞི་གྲངས་ག་ཚོད་ཅིག་བསྡུ་རུབ་བྱེད་དགོས་མིན་སོགས་ཀྱི་སྐོར་རེད།  

པར་རིས་དྲུག་པ། : གཅིག་སྡུད་དང་ཆ་བགོས་ཀྱི་བཀོལ་ཆས།

༤. ཁེ་སི་ཕར་སི་ཀའེ(Kaspersky) སྙན་ཐོ།

༤.༡ སྙན་ཐོ།

ཆུ་ཁུང་འཇབ་རྒོལ་ཟེར་བ་དེའི་ཁྲོད་དུ། འཇབ་རྒོལ་པས་ཚོགས་སྡེ་གང་རུང་ཞིག་(དཔེར་ན་བོད་པའི་ཚོགས་སྡེ་ལྟ་བུ)གི་དྲ་ཚིགས་ཁག་ལ་ནད་འབུ་བགོས་པའི་ཐོག་ནས། དྲ་ཚིགས་དེ་དག་ལ་ལྟ་ཀློག་བྱེད་མཁན་གྱི་མི་མང་གི་ཡོ་ཆས་ཁག་གི་ནང་དུ་འཇབ་རྒོལ་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༩་ལོའི་ཟླ༡༢་པའི་ཚེས་༤་ཉིན། ཁེ་སི་ཕར་སི་ཀའེ་ཟེར་བའི་རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་བཟོ་ཚོང་ཁང་གི་ངོས་ནས། ལྷ་ཆབ། ཨ་ཤེ་ཡའི་ནང་གི་ད་ལྟའི་དམིགས་གཏད་ཀྱི་ཆུ་ཁུང་འཇབ་རྒོལ་(Holy Water: Ongoing Targeted Water-holing Attack in Asia)ཟེར་བའི་འགོ་བརྗོད་ཅན་གྱི་ཚད་མཐོ་བའི་རྒྱུན་མཐུད་ཀྱི་ཉེན་ཁའི་(APT)སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད། སྙན་ཐོ་དེའི་ནང་དུ། ཁེ་སི་ཕར་སི་ཀའེ་བཟོ་ཚོང་ཁང་གིས་དྲ་ཚིགས་མང་དག་ཅིག་ལ་ཆུ་ཁུང་གི་འཇབ་རྒོལ་ཐེབས་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། མཉེན་ཆས་ཕབ་ལེན་གྱི་ལམ་ཁ་བརྒྱུད་དེ་འཇབ་རྒོལ་བྱེད་པའི་ཐབས་ལམ་སྤྱད་ཡོད་པ་གསལ་སྟོན་བྱས་ཡོད། འཇབ་རྒོལ་དེ་ཇི་ལྟར་བརྩམས་ཡོད་པ་རེད་ཟེར་ན། དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་མཁན་ཚོར་Adobe Flash་མཉེན་ཆས་གསར་སྣོན་བྱེད་དགོས་པའི་ཉེན་བརྡ་རྫུན་མ་བཏང་ཡོད་པ་དང་། མཉེན་ཆས་དེ་ཕབ་ལེན་བྱས་ཚར་ན། དྲ་ཚིགས་ལྟ་ཀློག་བྱེད་མཁན་གྱི་མི་དེའི་ཡོ་ཆས་ཀྱི་ནང་དུ་ནད་འབུ་ཁྱབ་འགྲོ་ཡི་ཡོད། 

འཇབ་རྒོལ་གྱི་བྱེད་ལས་རྩོམ་སྟངས་དེ་འདི་འདྲ་རེད། དེ་སྔོན་འཇབ་རྒོལ་བྱས་ཚར་ཡང་། ཁྲིམས་མཐུན་གྱི་སྒོ་ནས་ནང་འཇུག་བྱས་པའི་རྒྱུ་ཆ་ཡིས། གནོད་འཚེ་ཐེབས་ཚར་བའི་དྲ་ཚིགས་ཀྱི་སྟེང་དུ། གནོད་ཚབས་ཆེ་བའི་JavaScript ཁ་སྣོན་བྱེད་ཀྱི་ཡོད། གལ་ཏེ་མི་ཞིག་གིས་ནད་འབུ་འགོས་ཡོད་པའི་དྲ་ཚིགས་གང་རུང་ལ་ལྟ་ཀློག་བྱས་ཚེ། ཕྱི་ཕྱོགས་ཀྱི་དྲ་བའི་ཞབས་ཞུ་ཞིག་གིས་མི་དེའི་IP ཁ་བྱང་ལ་བལྟས་ཏེ། ལྟ་ཀློག་བྱེད་མཁན་གྱི་མི་དེ་དམིགས་འབེན་ཏུ་བཟུང་བའི་མི་ཞིག་ཡིན་མིན་ཞིབ་བཤེར་བྱེད་ཀྱི་ཡོད། གལ་ཏེ་དམིགས་འབེན་ཏུ་བཟུང་བའི་མི་ཞིག་ཡིན་ན། གནོད་འཚེ་ཐེབས་ཡོད་པའི་དྲ་ཚིགས་དེའི་སྟེང་དུ་ཉར་ཚགས་བྱས་ཡོད་པའི་མི་དེའི་གནས་ཚུལ་ཡོངས་རྫོགས་བསྡུ་རུབ་བྱེད་ཀྱི་ཡོད། གལ་ཏེ་དྲ་ཚིགས་གང་དེར་ལྟ་ཀློག་བྱེད་མཁན་གྱི་མི་དེ་ཁོང་ཚོས་དམིགས་འབེན་ཏུ་གཟུང་སའི་མི་དེ་ཡིན་པ་ཁུངས་སྐྱེལ་ར་སྤྲོད་བྱས་ཚར་ན།  JavaScript ་རིམ་པ་དང་པོས།  script་རིམ་པ་གཉིས་པ་ཞིག་ཁ་སྣོན་བྱེད་དུ་འཇུག་གི་ཡོད་ལ། དེས་དྲ་ཚིགས་ལྟ་ཀློག་བྱེད་མཁན་གྱི་མི་དེར། གཤམ་གྱི་པར་རིས་བདུན་པའི་ནང་གསལ་ལྟར། མཉེན་ཆས་གསར་སྣོན་གྱི་ཉེན་བརྡ་རྫུན་མ་ཞིག་གཏོང་གི་ཡོད། དྲ་ཚིགས་ལྟ་ཀློག་བྱེད་མཁན་གྱི་མི་དེ་flash player་མཉེན་ཆས་གསར་སྣོན་བྱེད་པའི་དྲ་རྙི་ནང་དུ་ཚུད་དེ། སོ་སོའི་ཡོ་ཆས་ནང་དུ་གནོད་ཚབས་ཆེ་བའི་མཉེན་ཆས་ཤིག་ཕབ་ལེན་བྱེད་ངེས། གོ་རིམ་འདིའི་ཁྲོད་དུ་ལྟག་སྒོ་ཞིག་འབྱེད་ཐུབ་ཀྱི་ཡོད་ལ། ལྟག་སྒོ་དེའི་ནང་དུ་འཇབ་རྒོལ་པས་དྲ་ཚིགས་དེར་ལྟ་ཀློག་བྱེད་མཁན་གྱི་མི་དེའི་ཡོ་ཆས་(ཁ་པར)་རྒྱང་རིང་ནས་སྟངས་འཛིན་བྱེད་ཀྱི་ཡོད།

པར་རིས་བདུན་པ། : script་རིམ་པ་གཉིས་པ་ཞིག་ཁ་སྣོན་བྱེད་པའི་ཉེན་བརྡ།

ཕྱི་ལོ་༢༠༡༩་ལོའི་ཟླ་༥་པ་ནས་བཟུང་། ཨེ་ཤེ་ཡའི་ནང་གི་ཆོས་ལུགས་ཀྱི་ཚོགས་པ་དང་གྲངས་ཉུང་མི་རིགས་ཁག་དམིགས་འབེན་ཏུ་བཟུང་བའི་དྲ་ཐོག་གི་འཇབ་རྒོལ་ལས་འགུལ་གྱི་ཚ་རླབས་ཤིག་འཕྱུར་ཡོད། འཇབ་རྒོལ་དེའི་ཁྲོད་དུ་གནོད་འཚེ་ཐེབས་པའི་དྲ་ཚིགས་ཁག་གི་ཁོངས་སུ། བོད་པའི་དྲ་ཚིགས་ཁ་ཤས་ཤིག་ཀྱང་ཚུད་ཡོད། ཁེ་སི་ཕར་སི་ཀའེ(Kaspersky) སྙན་ཐོ་ལྟར་ན། གནོད་འཚེ་ཐེབས་པའི་དྲ་ཚིགས་དེ་དག་དམིགས་འབེན་ཏུ་གཟུང་སའི་མི་སྒེར་དང་། སྤྱི་པའི་སྒྲིག་འཛུགས། དགེ་རྩ་ཚོགས་པ་སོགས་ལ་དབང་བ་གསལ་སྟོན་བྱས་ཡོད། སྙན་ཐོ་དེ་ཕྱིར་ཐོན་པའི་སྐབས་སུ། དྲ་ཚིགས་འདི་དག་མང་ཆེ་བ་ད་དུང་ཡང་འཇབ་རྒོལ་འོག་གནས་ཡོད་པ་དང་། གདམ་གསེས་བྱས་པའི་དྲ་ཚིགས་ལྟ་ཀློག་བྱེད་མཁན་དག་ལ་མུ་མཐུད་ནས་Adobe Flash་གསར་སྣོན་བྱེད་ཆེད་གནོད་འཚེ་ལྡན་པའི་མཉེན་ཆས་ཕབ་ལེན་བྱེད་དུ་འཇུག་གི་ཡོད་པ་རེད། གནོད་འཚེ་ཐེབས་པའི་དྲ་ཚིགས་དེ་ཚོ་ཚང་མ་དྲ་བའི་ཞབས་ཞུ་གཅིག་གི་སྟེང་དུ་ཉར་ཡོད་ལ། གཤམ་དུ་དེ་དག་གི་དཔེ་མཚོན་ཁ་ཤས་དྲངས་ཡོད། སྒེར་གྱི་གསང་རྒྱ་ལ་བརྩི་བཀུར་བྱེད་པའི་ཆེད་དུ། ང་ཚོས་གནས་ཚུལ་ཁ་ཤས་སྦ་གསང་བྱས་ཡོད།

ཁོངས་མིང་། (Domain) འགྲེལ་བཤད།
*****corps.org དང་བླངས་ཞབས་ཞུའི་ལས་འཆར།
*****ct.org ཆོས་ལུགས་མི་སྣའི་དགེ་སྒྲུབ། 
*****policy.net སྲིད་བྱུས་ཉམས་ཞིབ་ཁང་། 
*****che.com ཆོས་ལུགས་མི་སྣ།
*****parliament.org སྤྱི་པའི་སྒྲིག་འཛུགས།
*****ialwork.org དགེ་རྩ།
*****nature.net ཁོར་ཡུག་སྲུང་སྐྱོབ་དྲ་བ།
*****airtrade.com ཉོ་ཚོང་དྲང་བཞག་གི་རྩ་འཛུགས།

ཁེ་སི་ཕར་སི་ཀའེ་ཡིས་བརྗོད་གསལ་ལྟར་ན། འཇབ་རྒོལ་པས་ཁྱབ་ཆེ་བ་གང་ཞིག་ལ་གདམ་གསེས་རང་བཞིན་གྱི་ཆུ་ཁུང་འཇབ་རྒོལ་ཞིག་སྒྲིག་འགོད་བྱས་ཏེ། དྲ་ཚིགས་དང་དྲ་འཇུག་གཙོ་འཁོར་མང་པོར་ནད་འབུ་བགོས་ཡོད་འདུག  འཇབ་རྒོལ་པ་དེ་ཁྱབ་ཆུང་རུང་ཚགས་ཚུད་པོ་ཡོད་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན་པ་དང་། ཚོགས་པ་དེའི་འཕྲུལ་རིག་གི་ལག་ཆ་ཡང་དེ་འདྲ་སྔོན་ཐོན་དང་ཡར་རྒྱས་ཕྱིན་མེད་པ་བསྟན་ཡོད། འོན་ཀྱང་། ཁོང་ཚོས་ཟླ་བ་ཁ་ཤས་ཀྱི་ནང་དུ། འཇབ་རྒོལ་གྱི་ཐབས་ལམ་ཐེངས་ཁ་ཤས་བཟོ་བཅོས་བྱེད་ཐུབ་ཡོད། ཁེ་སི་ཕར་སི་ཀའེ་ཡིས་ད་དུང་མུ་མཐུད་ནས། ང་ཚོས་འཇབ་རྒོལ་པའི་ངོས་ནས་དཀོན་ཅོག་ལྟ་བའི་ལྟག་སྒོ་༡༢་སྒྲིག་འགོད་བྱས་ཡོད་པ་དེ་དག་མྱུལ་ཞིབ་དང་། གཞི་གྲངས་ཕྱིར་འདྲེན་ནམ་རྐུ་འཁྱེར་བྱེད་པའི་ཆེད་དུ་བཀོལ་སྤྱོད་བྱས་ཡོད་ངེས་པའི་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་འཇབ་རྒོལ་གྱི་ལས་འགུལ་དེ་ཚད་མཐོ་བའི་རྒྱུན་མཐུད་ཀྱི་ཉེན་ཁ་(APT)་ཟེར་བའི་ཚོགས་པ་གང་རུང་ལ་འབྲེལ་བ་ཡོད་པ་བདེན་དཔང་བྱེད་ཐུབ་མེད།

 ***ཚད་མཐོ་བའི་རྒྱུན་མཐུད་ཀྱི་ཉེན་ཁ་(APT)་ཟེར་བ་ནི། སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་དངུལ་ལ་བརྟེན་ནས། རྩིས་འཁོར་གྱི་དྲ་བའི་ནང་དུ་འཇབ་རྒོལ་བྱས་ཏེ། མི་སྒེར་དང་ཚོགས་པ་གང་རུང་གི་རྩིས་འཁོར་ནང་དུ་གསང་མྱུལ་བྱེད་པ་མ་ཟད། དེ་དག་གི་ཁོངས་ནས་ཡིག་ཆ་རྐུ་འཁྱེར་བྱེད་མཁན་གྱི་ཚོགས་པ་ཞིག་ལ་ཟེར།

༤.༢ དོན་རྐྱེན་ལ་ཡ་ལན་སྤྲད་ཕྱོགས་སྐོར་གྱི་གནས་ཚུལ་ཁ་གསབ།

ཁེ་སི་ཕར་སི་ཀའེ་ཡི་སྙན་ཐོ་དེ་ཕྱིར་ཐོན་པའི་རྗེས་སུ། བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་གིས་བོད་པའི་ཚོགས་སྡེ་གང་དག་ལ་འཇབ་རྒོལ་འདིའི་ཁྲོད་དུ་གནོད་འཚེ་ཕོག་ཡོད་མེད་ཤེས་རྟོགས་བྱུང་ཡོད། དེར་བརྟེན། ང་ཚོས་ནད་འབུ་འགོས་ཡོད་པའི་བོད་པའི་ཚོགས་པ་དེ་དག་ལ་འབྲེལ་བ་བྱས་པ་མ་ཟད། ང་ཚོའི་ལས་བྱེད་ཁག་གིས་ཚོགས་པ་དེ་དག་དང་མཉམ་རུབ་ཀྱི་ཐོག་ནས། མཉེན་འབུ་དེ་དག་མ་ལག་གི་ཁོངས་གང་དུ་འཛུལ་ཡོད་མེད་ཞིབ་བཤེར་བྱས་ཤིང་། དེའི་རྗེས་སུ་རྙེད་སོན་བྱུང་བའི་མཉེན་འབུ་ཁག་རེ་རེ་བཞིན་ཕྱིར་འདོན་བྱས་ཡོད། ང་ཚོས་ད་དུང་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཁྱབ་ཁོངས་སུ་ཡོད་པའི་སྒྲིག་འཛུགས་ཁག་གི་ལས་ཁུངས་ཀྱི་མ་ལག་དང་དྲ་བའི་ཞབས་ཞུ་ཁག་ནད་འབུ་འགོས་ཡོད་པའི་དྲ་ཚིགས་དང་འབྲེལ་བ་བྱུང་སྟེ། འཇབ་རྒོལ་པའི་སྟངས་འཛིན་འོག་ཤོར་ཡོད་པ་དེ་དག་གི་དཀའ་བའི་སེལ་བའི་ཆེད་དུའང་གོས་སྨྲོས་ལྟར་ལས་དོན་སྒྲུབ་བཞིན་ཡོད། ད་ཆ་རྒྱ་གར་རྒྱལ་ཡོངས་ད་དུང་ཡང་ཁྱིམ་སྡོད་བཀའ་རྒྱའི་འོག་ཏུ་ཡོད་པར་བརྟེན། དོན་རྐྱེན་ལ་ཡ་ལན་སྤྲོད་ཕྱོགས་ཀྱི་ཐབས་ལམ་ཁག་རྒྱང་རིང་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། གནོད་འཚེ་ཐེབས་པའི་ཚོགས་པ་དེ་དག་གི་གསང་བ་ཉར་བའི་ཆེད་དུ། ང་ཚོས་དོན་རྐྱེན་དེའི་སྐོར་གྱི་གནས་ཚུལ་འདི་ལས་མང་བ་ཕྱིར་བསྒྲགས་བྱེད་མི་ཐུབ།

ཤེས་དགོས་པའི་གནད་དོན་ཞིག་ནི། འཇབ་རྒོལ་འདིའི་ཁྲོད་དུ་གནོད་འཚེ་ཐེབས་པར། ནད་འབུ་འགོས་ཡོད་པའི་དྲ་ཚིགས་ལ་ཕྱིན་པ་ཙམ་མ་ཡིན་པར། དྲ་ཚིགས་དེའི་སྟེང་ནས་ Adobe Flash player མཉེན་ཆས་གསར་སྣོན་དེ་ཕབ་ལེན་བྱེད་དགོས་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་སོ་སོའི་ཡོ་ཆས་ལའང་ནད་འབུ་འགོས་ཡོད་པའི་དོགས་པ་ཡོད་ཚེ།  ང་ཚོར་support@tibcert.org འབྲེལ་གཏུགས་གནང་རོགས། སེམས་ལ་དྲན་དགོས་པ་ཞིག་ནི། དྲ་ཐོག་ཏུ་གཞན་གྱི་འཇབ་རྒོལ་མ་ཐེབས་པར་བྱེད་པའི་ལག་ལེན་ཡག་ཤོས་དེ་ནི། མ་བསྣུན་གོང་ལ་བསམ་བློ་གཏོང་(https://tibetaction.net/digitalsecurity/onlinesecurity/) རྒྱུ་དེ་རེད། 

༥.འཕྲུལ་རིག་བདེ་འཇགས་ཀྱི་གནས་ཚུལ་ཁ་གསབ།

༥.༡ མི་སེར་ཚོད་ལྟ་ཁང་གི་སྐད་འཕྲིན་ནང་གི་ཏོག་དབྱིབས་ནད་དུག་སྐོར་གྱི་ཉམས་ཞིབ།

ཕྱི་ལོ ༢༠༡༩ ལོའི་ཟླ་༡༢་པའི་ཟླ་མགོར། རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་རིམས་ནད་ཅིག་ཆགས་ཡོད་ལ། ནད་ཡམས་དེའི་རྐྱེན་གྱིས། རྒྱ་ནག་སྲིད་གཞུང་གིས་དེ་འབྲེལ་གྱི་བརྗོད་གཞི་དང་ནང་དོན་་ཡོངས་རྫོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་སྡིངས་ཆ་ཁག་ནས་དོ་དམ་བྱེད་པའི་གཞི་རྒྱ་ཆེ་རུ་བཏང་ཡོད། རྒྱ་ནག་གི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་གྱི་ཚད་གཞི་གཞིར་བཟུང་སྟེ། ཁ་ན་ཌའི་ཁྲི་རོན་ཁྲོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་“མི་སེར་ཚོད་ལྟ་ཁང”་( The Citizen Lab)་གིས་བཀག་སྡོམ་བྱས་པའི་གནད་ཡོད་ཀྱི་ཐ་སྙད་ཁག་འཚོལ་ཞིབ་བྱས་ཡོད།  སྐད་འཕྲིན་ཨང་གྲངས་ཤིག་གིས་སྟེང་ནས་སྐད་འཕྲིན་ཨང་གྲངས་གཞན་པ་ཞིག་གི་སྟེང་དུ་འཕྲིན་ཐུང་ཞིག་གཏོང་བའི་སྐབས་སུ། འཕྲིན་ཐུང་དེ་སྐད་འཕྲིན་སྤྱི་གཉེར་ཁང་གི་བཟོ་ཚོང་ཁང་ལྟེ་བ་ཐིན་ཞུན་གྱི་དྲ་བའི་ཞབས་ཞུ་བརྒྱུད་དགོས་ཀྱི་ཡོད་པ་དང་། དེས་འཕྲིན་ཐུང་དེའི་ནང་དུ་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་ཡོད་པའི་གནད་ཡོད་ཀྱི་ཐ་སྙད་ཡོད་མེད་འཚག་སེལ་དང་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་གང་དག་བཀག་སྡོམ་བྱེད་ཀྱི་ཡོད་མེད་གཏན་འཁེལ་དང་ཐག་གཅོད་བྱེད་པའི་ཆེད་དུ། མི་སེར་ཚོད་ལྟ་ཁང་གིས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་གི་གླེང་མོལ་བེད་སྤྱད་དེ། ཐ་སྙད་ཁག་ཅིག་ཚོད་ལྟ་བྱས་ཡོད་ལ། ཁོང་ཚོའི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་སྙན་ཐོའི་ནང་དུ་འདོན་སྤེལ་བྱས་ཡོད། སྙན་ཐོ་དེའི་ནང་དུ་ཏོག་དབྱིབས་ནད་དུག་གི་དུས་སྐབས་ཀྱི་སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་སྐོར་ཞིབ་ཕྲ་བཀོད་ཡོད། 

པར་རིས་བརྒྱད་པ། : འཛད་སྤྱོད་པའི་ངོས་ཐད་དང་དྲ་བའི་ཞབས་ཞུ་ངོས་ཐད་ཀྱི་གནས་ཚུལ་བཀག་སྡོམ་གསལ་སྟོན།

མི་སེར་ཚོད་ལྟ་ཁང་གི་ཉམས་ཞིབ་ཀྱི་ཁྲོད་དུ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྐད་འཕྲིན་ཨང་གྲངས་ཤིག་གི་ཐོག་ནས། སྐད་འཕྲིན་ཚོགས་པའི་ནང་དུ་བཏང་བའི་ཆ་འཕྲིན་ཁག་སྐད་འཕྲིན་སྤྱི་གཉེར་ཁང་གིས་ཞིབ་བཤེར་དང་འཚག་སེལ་བྱེད་ཀྱི་ཡོད་མེད་ཞིབ་འཇུག་བྱས་ཡོད། ཁོང་ཚོས་ཚོད་ལྟའི་སྐད་འཕྲིན་ཨང་གྲངས་མི་འདྲ་བ་གསུམ་བཀོལ་སྤྱོད་བྱས་ཡོད། སྐད་འཕྲིན་ཨང་གྲངས་དང་པོ་དེ་རྒྱ་ནག་གི་ཁ་པར་ཨང་གྲངས་ཤིག་གི་སྟེང་དུ་ཐོ་འགོད་བྱས་ཡོད་ལ། སྐད་འཕྲིན་ཨང་གྲངས་གཞན་པ་དེ་གཉིས་ཕྱི་རྒྱལ་དུ་ཐོ་འགོད་བྱས་ཡོད། སྐད་འཕྲིན་ཨང་གྲངས་དེ་གསུམ་ཀ་འཚོ་བ་དངོས་ཀྱི་ནང་དུ་བཀོལ་སྤྱོད་བྱེད་མཁན་མེད། གལ་ཏེ། རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་དེའི་ཐོག་ཏུ། སྐད་འཕྲིན་ཨང་གྲངས་གཞན་པའི་ཐོག་ནས་བཏང་བའི་འཕྲིན་ཐུང་མ་འབྱོར་ཚེ། མི་སེར་ཚོད་ལྟ་ཁང་གིས་འཕྲིན་ཐུང་དེའི་ནང་དུ་གནད་ཡོད་ཀྱི་ཐ་སྙད་གཅིག་དང་ཡང་ན། ཁ་ཤས་ཡོད་པར་ངོས་འཛིན་བྱས་ཏེ་རྟགས་བརྒྱབ་ཡོད་ལ། འཕྲིན་ཐུང་དེས་སྐད་འཕྲིན་ནང་གི་འཕྲིན་ཐུང་བཀག་སྡོམ་གྱི་རྐྱེན་བསླངས་ཡོད། སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མི་གཞན་པ་ཚོའི་བདེ་འཇགས་ལ་དམིགས་ཏེ། མི་སེར་ཚོད་ལྟ་ཁང་གིས་ཁོང་ཚོའི་ཚོད་ལྟའི་སྐད་འཕྲིན་ཨང་གྲངས་ཁག་གི་ཐོག་ནས་སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མི་གཞན་དག་དང་འབྲེལ་འདྲིས་བྱེད་རྒྱུ་ཚོད་འཛིན་བྱས་ཡོད་ལ། སྐད་འཕྲིན་གྱི་སྡིངས་ཆའི་ཐོག་ཏུ་འཛད་སྤྱོད་པ་ངོ་མ་ཞིག་དང་མཉམ་དུ་འབྲེལ་བ་རྩ་བ་ནས་བྱས་མེད།

པར་རིས་དགུ་པ། : རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་དུ་གནད་ཡོད་ཀྱི་ཐ་སྙད་བཀག་སྡོམ་བྱས་པའི་དཔེ་མཚོན།

ཕྱི་ལོ་༢༠༢༠་ལོའི་ཟླ་༡་པའི་ཚེས་༡་ནས་ཟླ་༢་པའི་ཚེས་༡༥་བར། མི་སེར་ཚོད་ལྟ་ཁང་གིས་ཁོང་ཚོའི་སྐད་འཕྲིན་ཚོགས་པ་དེའི་ནང་དུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནད་ཡོད་ཀྱི་ཐ་སྙད་༥༡༦་ཙམ་བཀག་སྡོམ་བྱས་པ་ཤེས་རྟོགས་བྱུང་ཡོད། ཕྱི་ལོ་༢༠༢༠་ལོའི་ཟླ་༡་པོའི་ཚེས་༡་ནས་ཚེས་༣༡་བར།  གནད་ཡོད་ཀྱི་ཐ་སྙད་༡༣༢་བཀག་འགོག་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༠་ལོའི་ཟླ་༢་པའི་ནང་གི་གཟའ་འཁོར་གཉིས་ཀྱི་རིང་དུ། གནད་ཡོད་ཀྱི་ཐ་སྙད་གསར་པ་༣༨༤ བཀག་འགོག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། 

རྒྱ་ནག་གཞུང་གི་དྲ་རྒྱ་བཀག་སྡོམ་བྱེད་སྟངས་དེ་ག་འདྲ་རེད་ཟེར་ན། སྤྱིར་རྒྱ་ནག་གི་གནས་ཚུལ་བཀག་སྡོམ་གྱི་དམིགས་ཡུལ་ནི། དམར་ཤོག་སྲིད་གཞུང་གི་འོག་ཏུ་ཡོད་པའི་མི་རིགས་འདྲ་མིན་ཁག་མུ་མཐུད་ནས་སྟངས་འཛིན་བྱེད་རྒྱུ་དེ་ཡིན་རུང་།  སྲིད་གཞུང་གི་ངོས་ནས་གནས་ཚུལ་གང་རུང་ཞིག་གིིས་རྒྱལ་ཁབ་ལ་གནོད་པ་སྐྱེལ་གྱི་ཡོད་པར་ངོས་འཛིན་བྱས་ཚེ། དེ་དག་ཀྱང་བཀག་སྡོམ་བྱེད་ཀྱི་ཡོད། དེ་མ་ཟད། རྒྱ་ནག་སྲིད་གཞུང་གི་གནས་ཚུལ་བཀག་སྡོམ་བྱེད་སྟངས་ཀྱང་གནས་སྟངས་ལ་གཞིགས་པའི་ཐོག་ནས་འགྱུར་བ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད། དཔེར་ན། དུག་དབྱིབས་ནད་དུག་གི་དུས་སྐབས་ལྟ་བུ། 

དཔེར་ན། འདས་པའི་ཟླ་བ་༡༢་པའི་ནང་དུ། རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནད་ཡོད་ཀྱི་ཐ་སྙད་༤༥་བཀག་འགོག་བྱེད་འགོ་བཙུགས་ཡོད་ལ། ནད་དུག་གི་དུས་ཡུན་མུ་མཐུད་ནས་རྒྱུན་བསྲིངས་པས། བཀག་འགོག་བྱས་པའི་གནད་ཡོད་ཐ་སྙད་ཀྱི་གྲངས་ཀ་ཡང་མགྱོགས་མྱུར་ངང་ཡར་འཕར་ཡོད། གནས་ཚུལ་བཀག་སྡོམ་གྱི་ཁོངས་སུ། རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་གཞུང་གི་བཀོད་འདོམས་ལྟར། གནོད་འཚེ་ལྡན་པའི་གནས་ཚུལ་རིགས། དཔེར་ན།  ཚུལ་མིན་གྱི་མཆན་དང་།  རང་བྱུང་གི་གོད་ཆག་སྐོར་གྱི་འགྲེལ་བཤད། གཞི་རྒྱ་ཆེ་བའི་དོན་རྐྱེན་སོགས་བཀག་འགོག་བྱེད་མ་ཐུབ་པར་དེ་དག་ཁྱབ་བརྡལ་ཕྱིན་པའི་དབང་གིས།  སྲིད་གཞུང་གི་ཕྱོགས་ནས་ཕོག་སྲིད་པའི་དྲ་རྒྱའི་བཅའ་ཁྲིམས་དང་འབྲེལ་བའི་ཁྲིམས་ཐོག་གི་ཉེས་ཆད་རིགས་ལ་གཡོལ་བའི་ཆེད་དུ་བཀག་སྡོམ་བྱས་པའི་གནས་ཚུལ་ཡང་ཚུད་ཡོད།  

༥.༢ སྐད་འཕྲིན་ནང་གི་གསང་མྱུལ་སྐོར་གྱི་ཉམས་ཞིབ།

དུས་ད་ལྟའི་བར། ང་ཚོས་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་དང་གསང་མྱུལ་སྐོར་གཅིག་པུ་མ་གཏོགས་ཤེས་ཀྱི་མེད། མི་སེར་ཚོད་ལྟ་ཁང་གིས་ཉེ་ཆར་བཏོན་པའི་སྙན་ཐོ་དེ་བརྒྱུད་ནས། ང་ཚོས་རྒྱ་ནག་གི་ཕྱི་ཕྱོགས་སུ་ཐོ་འགོད་བྱས་པའི་སྐད་འཕྲིན་གྱི་ནང་དུའང་ཆབ་སྲིད་ངོས་ཐད་ནས་གནད་འགག་ཡོད་པའི་ཆ་འཕྲིན་གྱི་ནང་དོན་ལ་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཆ་འཕྲིན་དེ་དག་གི་MD5 hash་འམ་མཛུབ་རིས་བསྡུ་རུབ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། MD5་མཛུབ་རིས་ཀྱི་གཞི་གྲངས་མཛོད་དེས་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་དུ་བཏང་བའི་ཆ་འཕྲིན་གྱི་ནང་དོན་སྟངས་འཛིན་དང་བཀག་སྡོམ་བྱེད་པར་རོགས་པ་བྱེད་ཀྱི་ཡོད། དཔེར་ན། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་གཉིས་བར་དུ་གཏོང་རེས་བྱས་པའི་པར་རིས་དང་ཡིག་ཆ་ཁག་གི་ནང་དུ་གནད་ཡོད་ཀྱི་ཐ་སྙད་ཡོད་མེད་འཚག་སེལ་བྱེད་ཀྱི་ཡོད་ལ། དུས་སྐད་ཅིག་མ་དེར། པར་རིས་དེ་དག་སྤྱི་ཡོངས་ཀྱི་མཐོང་སྣང་གི་ཐོག་ནས། གནད་ཡོད་ཀྱི་པར་རིས་སུ་ངོས་འཛིན་བྱས་ཡོད་པའི་ཐོ་གཞུང་ནག་པོའི་ཁོངས་ཀྱི་པར་རིས་གཞན་ཁག་དང་མཉམ་དུ་ཞིབ་བསྡུར་བྱེད་ཀྱི་ཡོད། གལ་ཏེ་ཡིག་ཆ་དེ་དག་ཆབ་སྲིད་ངོས་ཐད་ནས་གནད་ཡོད་ཅན་དུ་ངོས་འཛིན་དང་ཐག་གཅོད་བྱུང་ཚེ། MD5 hash ཟེར་བའི་ཡིག་ཆ་དེའི་མཛུབ་རིས་ལ་རྟགས་རྒྱག་གི་ཡོད།  དེའི་དོན་ནི།  སྐད་འཕྲིན་སྤྱི་གཉེར་ཁང་གི་ངོས་ནས་ཡིག་ཆ་དེའི་མཛུབ་རིས་ཉར་ཚགས་བྱེད་ཀྱི་ཡོད་ལ། དེ་མ་འོངས་པར་ཡིག་ཆ་འདི་དག་དང་ཆ་འདྲ་བའི་ཡིག་ཆ་གཞན་པའི་རིགས་ནུས་ལྡན་གྱི་ཐོག་ནས་བཀག་སྡོམ་བྱེད་སྤྱད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་ཀྱི་ཡོད། 

པར་རིས་བཅུ་པ། ཡིག་ཆ་ངོས་འཛིན་གྱི་བརྒྱུད་རིམ།

དེ་ཡང་པར་རིས་བཅུ་པ་ནང་གསལ་ལྟར། hash འམ་མཛུབ་རིས་ནི་བཅུ་དྲུག་གོང་འགྲིལ་ལུགས་གྲངས་ཤིག་ཡིན། གཞུང་ལུགས་ངོས་ཐད་ནས་གླེང་ན། hash་འམ་མཛུབ་རིས་གཅིག་པ་འདོན་སྤེལ་བྱེད་མཁན་གྱི་ཡིག་ཆའི་རིགས་རྙེད་སོན་དང་གསར་སྐྲུན་བྱེད་རྒྱུ་ཧ་ཅང་དཀའ། འོན་ཀྱང་། ཡིག་ཆ་མི་འདྲ་བ་གཉིས་ལ་ hash་མཛུབ་རིས་གཅིག་པ་བཟོས་པའི་ཐོག་ནས། (པར་གཅིག་ལ་ཆབ་སྲིད་ངོས་ཐད་ཀྱི་གནད་འགག་ཡོད་ལ། པར་གཞན་དེར་མེད། ) སྐད་འཕྲིན་ནང་གི་་མྱུལ་ཞིབ་མ་ལག་གིས་བྱེད ལས་ཇི་ལྟར་རྩོམ་གྱི་ཡོད་མེད་སྐོར་དབྱེ་ཞིབ་བྱེད་ཐུབ་ཀྱི་ཡོད། མི་སེར་ཚོད་ལྟ་ཁང་གི་ཉམས་ཞིབ་གཞིར་བཞག་ན།

ཆབ་སྲིད་དང་འབྲེལ་བའི་གནད་ཡོད་ཀྱི་པར་རིས་ཁག་ཕྱི་རྒྱལ་དུ་ཐོ་འགོད་བྱས་ཡོད་པའི་སྐད་འཕྲིན་ཨང་གྲངས་ཕན་ཚུན་བར་བཏང་ཡོད་པ་དང་། ཆབ་སྲིད་དང་འབྲེལ་བའི་གནད་ཡོད་པར་རིས་ཀྱི་མཛུབ་རིས(hash)་དང་གཅིག་པ་ཡིན་པའི་གནད་འགག་མེད་པའི་པར་རིས་ཁག་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་གྲངས་ཕན་ཚུན་བར་གཏོང་བའི་སྐབས་སུ་བཀག་སྡོམ་བྱས་འདུག ཆབ་སྲིད་ངོས་ཐད་ནས་གནད་འགག་མེད་པའི་པར་རིས་དེ་དག་རྩ་བའི་ཆ་ནས་གནད་ཡོད་ཀྱི་པར་རིས་ཡིན་པའི་རྟགས་བརྒྱབ་མེད། དེའི་རྒྱུ་མཚན་གྱིས། པར་རིས་ཀྱི་མཛུབ་རིས(hash)་་སྟངས་འཛིན་བྱས་པའི་ཐོག་ནས། དུས་མཉམ་གཅིག་ཏུ་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད། དེར་བརྟེན། མི་སེར་ཚོད་ལྟ་ཁང་གི་ཉམས་ཞིབ་ཀྱི་ཁོངས་སུ། རྒྱལ་སྤྱིའི་ནང་གི་སྐད་འཕྲིན་འཛད་སྤྱོད་པ་ཚོས་བཏང་བའི་པར་རིས་དང་ཡིག་ཚགས་སོགས་ཆབ་སྲིད་མྱུལ་ཞིབ་ཀྱི་འོག་ཏུ་ཡོད་པ་མ་ཟད། སྐད་འཕྲིན་སྤྱི་གཉེར་ཁང་གིས་དེ་དག་གི་ནང་དོན་ཁག་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་ནང་གི་གནས་ཚུལ་བཀག་སྡོམ་གྱི་མ་ལག་གསར་སྐྲུན་དང་སྦྱོང་བརྡར་གྱི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད། དེ་བས། རྒྱལ་སྤྱིའི་ནང་གི་སྐད་འཕྲིན་འཛད་སྤྱོད་པ་ཚོའི་བར་གྱི་འབྲེལ་མཐུད་ཁག་གིས་རྒྱ་ནག་ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲིན་འཛད་སྤྱོད་པ་ཚོས་སྐད་འཕྲིན་གྱི་ནང་དུ་བཏང་བའི་གནས་ཚུལ་རིགས་བཀག་སྡོམ་བྱེད་སྤྱད་ཀྱི་ཞིབ་བཤེར་མ་ལག་བཟོ་སྐྲུན་ཐད་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད། ཐིན་ཞུན་བཟོ་ཚོང་ཁང་གིས་རྒྱལ་སྤྱིའི་ནང་གི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ཚོའི་འབྲེལ་མཐུད་ཁག་རྒྱ་ནག་སྲིད་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་ད་དུང་གསལ་པོ་ཤེས་མེད། འོན་ཀྱང་། མི་སེར་ཚོད་ལྟ་ཁང་གི་ཉམས་ཞིབ་དེ། སྐད་འཕྲིན་ནང་གི་མྱུལ་ཞིབ་མ་ལག་གིས་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་རིགས་ཤིག་གིས་བཏང་བའི་ཡིག་ཆའི་ནང་དོན་ཁག་སྟངས་འཛིན་བྱས་པའི་ཐོག་ནས། མཉེན་ཆས་དེ་རང་བཀོལ་སྤྱོད་བྱེད་མཁན་གྱི་རིགས་གཞན་པ་ཞིག་གི་ཐོག་ཏུ་གསང་མྱུལ་དང་གནས་ཚུལ་བཀག་སྡོམ་གྱི་ཚད་གཞི་མཐོ་རུ་གཏོང་གི་ཡོད་པ་དམར་རྗེན་དུ་སྟོན་མཁན་ཐོག་མ་དེ་ཆགས་ཡོད།

པར་རིས་བཅུ་གཅིག་པ། :༧གོང་ས་མཆོག་གི་པར་རིས་ཤིག་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྐད་འཕྲི ན་ཨང་གྲངས་ཕན་ཚུན་བར་གཏོང་བའི་སྐབས་སུ། ཐིན་ཞུན་བཟོ་ཚོང་ཁང་གིས་པར་རིས་དེའི་ MD5 hash་ འམ་་མཛུབ་རིས་དབྱེ་ཞིབ་དང་ཉར་ཚགས་བྱས་རྗེས། དེར་ཆབ་སྲིད་ངོས་ཐད་ནས་གནད་འགག་ཡོད་པར་ངོས་འཛིན་བྱས་ཡོད། ཉར་ཚགས་བྱས་པའི་MD5 hash དེ་བེད་སྤྱད་དེ། དུས་སྐད་ཅིག་མ་དེར་བོད་ ནང་དུ་ཐོ་འགོད་བྱས་པའི་སྐད་འཕྲི ན་ཨང་གྲངས་ཕན་ཚུན་བར་བཏང་བའི་༧གོང་ས་མཆོག་གི་པར་དེ་རང་བཀག་འགོག་བྱས་ཡོད།

༥.༣ འདར་སྒྲའི(TikTok) བདེ་འཇགས་ཀྱི་གནད་དོན།

ཕྱི་ལོ་༢༠༡༧་ལོར།  རྒྱ་ནག་གི་དྲ་བའི་བཟོ་ཚོང་ཁང་བྷ་ཁྲི་སྒྲན་སི་(ByteDance)་ཟེར་བས།  Musical.ly་ཟེར་བའི་བཀོལ་ཆས་དེ་ཉོས་ཡོད། བཀོལ་ཆས་དེའི་བཟོ་ཚོང་ཁང་ཧྲང་ཧེའི་ནང་དུ་ཡོད་ཀྱང་། བཀོལ་ཆས་དེ་བཀོལ་སྤྱོད་བྱེད་མཁན་མང་ཆེ་བ་ཨ་རིའི་ནང་དུ་ཡོད། Musical.ly་ཟེར་བའི་བཀོལ་ཆས་དེའི་བདག་དབང་ཐོབ་ཚར་བའི་རྗེས་སུ། བྷ་ཁྲི་སྒྲན་སི་བཟོ་ཚོང་ཁང་གིས་(ད་ལྟའི་དུས་ཀྱི་འཛམ་གླིང་ནང་གི་ལས་རིགས་གསར་གཏོད་སྤྱི་གཉེར་ཁང་) Musical.ly་ཟེར་བའི་བཀོལ་ཆས་དེ་བསྐྱར་དུ་འདར་སྒྲའི་(TikTok)མིང་ཐོག་ནས་འདོན་སྤེལ་བྱས་པ་དང་། ཕྱི་ལོ་༢༠༡༨་ལོའི་ཟླ་༨་པའི་ནང་དུ། Musical.ly ནང་གི་འཛད་སྤྱོད་པ་ཡོངས་རྫོགས་འདར་སྒྲ་བཀོལ་ཆས་ཀྱི་ནང་དུ་གནས་སྤོར་བྱས་ཡོད།

 གྷར་ཌིན་(Guardian)་གསར་ཁང་གིས་ཡིག་ཆ་ཁག་ལ་བསྐྱར་ཞིབ་བྱས་པ་ལྟར་ན། བྷ་ཁྲི་སྒྲན་སི་བཟོ་ཚོང་ཁང་གིས་འདར་སྒྲ་བཀོལ་ཆས་བེད་སྤྱད་དེ་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་རྩོལ་བ་ཁག་ལ་རོགས་པ་བྱེད་ཀྱི་ཡོད་འདུག   དཔེར་ན། འདར་སྒྲའི་ཞི་འཇམ་གྱི་སྲིད་བྱུས་ཁོངས་སུ། འདར་སྒྲ་བཀོལ་ཆས་ནང་དུ་རྒྱ་ནག་སྲིད་གཞུང་ཁ་སྐྱེངས་པོ་བཟོ་བའི་ནང་དོན་རིགས་བཀག་འགོག་བྱེད་ཀྱི་ཡོད་པ་གསལ་ཡོད། མཚམས་རེར། འདར་སྒྲ་བཀོལ་ཆས་ནང་གི་བརྙན་པར་རིགས། དེ་དག་ཡར་འཇུག་བྱེད་མཁན་གྱི་མི་གཅིག་པུས་མ་གཏོགས་མཐོང་མི་ཐུབ་པ་བཟོ་བ་དང་། ཡང་ན། བརྙན་པར་དེ་དག་ “འོས་སྦྱོར་མི་བྱེད་པ”་དང་། “ཁྱབ་སྤེལ་མི་བྱེད་པའི”་ཁོངས་སུ་བཅུག་སྟེ། དེ་དག་མི་གཞན་གྱིས་མཐོང་བར་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད། དེ་འདྲའི་གནས་ཚུལ་བཀག་སྡོམ་གྱི་ཁོངས་སུ། ཧ་ཅང་རྩོད་རྙོག་ཆེ་བའི་གནད་དོན་རིགས། དཔེར་ན། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་སྡེབ་གསོད་དང་། བོད་རང་བཙན། ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ། སྐད་གྲགས་ཆེ་བའི་ཧོང་ཀོང་ནང་གི་ངོ་རྒོལ་སྐད་འབོད། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་མང་གི་ཐོག་ཏུ་བཙན་གནོན་བྱེད་ཀྱི་ཡོད་པའི་གནས་ཚུལ་སོགས། མདོར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྒྲོམ་གཞི་ལ་སྐྱོན་འཛུགས་བྱེད་པའི་གནད་དོན་ཡོངས་རྫོགས་ཚུད་ཡོད།

འདར་སྒྲ་བཀོལ་ཆས་ཀྱི་ནང་གི་གསང་མྱུལ་དང་བཀག་སྡོམ་གྱི་དོན་རྐྱེན་དམིགས་བསལ་ཞིག་ཧྥེ་རོ་ཛ  ཨ་ཛི་ཛི་(Feroza Aziz) ཟེར་བའི་ཨ་རིའི་ནེ་ཡོ་ཇར་སེ་མངའ་སྡེའི་ནང་གི་ཨ་རིའི་མི་སེར་ཡིན་པའི་ཁ་ཆེ་ན་ཆུང་བུ་མོ་ཞིག་གི་ཐོག་ཏུ་བྱུང་ཡོད། བུ་མོ་དེས་འདར་སྒྲའི་ནང་དུ་སྨིན་མ་མཛེས་བཟོ་བྱེད་ཕྱོགས་སྐོར་གྱི་དྲ་ལམ་འཆད་ཁྲིད་བྱེད་ཞོར་དུ། ཞིན་ཅང་ནང་གི་ཁ་ཆེའི་ཡུ་གུར་བའི་གནད་དོན་སྐོར་གླེང་སློང་བྱེད་དུས། མོ་རང་གི་འདར་སྒྲའི་ཁ་བྱང་སྒོ་བརྒྱབ་ཡོད། རྩ་བའི་ཆ་ནས་འདར་སྒྲ་བཀོལ་ཆས་དེ་རྒྱ་ནག་གི་ཕྱི་ལོགས་གཅིག་པུར་མ་གཏོགས་མེད་རུང། བཀོལ་ཆས་དེས་བོད་དང་རྒྱ་ནག་ནང་དུ་བཀག་སྡོམ་བྱེད་ཀྱི་ཡོད་པའི་བརྙན་པར་རིགས་ཀྱང་འཛད་སྤྱོད་པའི་སྡོད་གནས་བྱེད་སའི་རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་ཁྲིམས་འཛིན་དོ་དམ་བྱེད་ཕྱོགས་ལྟར་བཀག་སྡོམ་བྱེད་ཀྱི་ཡོད་ངེས། གནད་དོན་འདིས། རྒྱ་ནག་གི་གནས་ཚུལ་བཀག་སྡོམ་གྱི་འདྲེ་ལག་རྒྱལ་སྤྱིའི་རང་དབང་གི་སྤྱི་ཚོགས་ཁྲོད་དུ་བརྐྱངས་ཚར་བའི་ཚབས་ཆེ་བའི་གནད་དོན་དེ་གསལ་བཤད་བྱས་ཡོད། 

ང་ཚོས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ནི། རྒྱ་ནག་གི་གཞི་གྲངས་གསང་རྒྱའི་བཅའ་ཁྲིམས་ལྟར་ན།  རྒྱ་ནག་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཁང་གིས་ཕྱོགས་བསྡུས་བྱས་པའི་འཛད་སྤྱོད་པའི་གཞི་གྲངས་ཁག་སྲིད་གཞུང་གི་རེ་སྐུལ་ལྟར་ཡར་གོང་རིམ་ལ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད། རྒྱ་ནག་སྲིད་གཞུང་གིས་འཛད་སྤྱོད་པའི་གཞི་གྲངས་ཁག་དུས་རྟག་ཏུ་དོ་དམ་བྱེད་སྲིད་ཀྱི་མེད་ཀྱང་། སྲིད་གཞུང་གིས་མི་སྒེར་གྱི་གཞི་གྲངས་ཁག་རྩིས་སྤྲོད་བྱེད་དགོས་པའི་བཀའ་བཏང་ཚེ། རྒྱ་ནག་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་ཅི་གསུང་བཀའ་སྒྲུབ་བྱེད་རྒྱུ་མ་གཏོགས། དེ་ལས་གཞན་པའི་གདམ་ག་གང་ཡང་མེད། ད་ལྟ་འདར་སྒྲ་བཀོལ་ཆས་དེ་རྒྱ་ནག་གི་བྷའེ་ཁྲི་སྒྲན་སི་འཕྲུལ་རིག་བཟོ་ཚོང་ཁང་ལ་དབང་གི་ཡོད་སྟབས། དེས་མི་ཚོར་བློ་འཚབ་ཆེན་པོ་བསྐྲུན་ཡོད། གང་ཡིན་ཞེ་ན། འདར་སྒྲ་བཀོལ་ཆས་ཀྱིས་མི་སྒེར་གྱི་གཞི་གྲངས་མང་པོ་བསྡུ་ལེན་བྱེད་ཀྱི་ཡོད་ལ། དེ་དག་གི་ཁོངས་སུ། འཛད་སྤྱོད་པའི་ཐོ་འགོད་མིང་དང་། དགའ་ཕྱོགས། སྡོད་གནས། དེ་བཞིན་ཁ་པར་གྱི་སྐད་སྦུག་དང་པར་ཆས་བརྒྱུད་ནས་བླངས་པའི་བརྙན་དང་སྐད་སོགས་ཚུད་ཡོད། 

ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་ངོས་ནས་ཨ་རིའི་ནང་དུ་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནད་དོན་གྱི་ཐད་ལ་དོ་ཁུར་བྱས་པའི་ཐོག་ནས། ཕྱི་ལོ་༢༠༡༩་ལོའི་སྟོན་ཀར། ཨ་རིའི་ནང་གི་ཕྱི་རྒྱལ་མ་དངུལ་འཇོག་མཁན་གྱི་ཐོག་ཏུ་བཙུགས་པའི་ལྷན་ཁང་གི་སྣེ་ཁྲིད་འོག  གཞུང་གི་དཔོན་རིགས་ཁང་གིས་འདར་སྒྲ་བཀོལ་ཆས་དང་འབྲེལ་བའི་ཨ་རིའི་རྒྱལ་སྲུང་བདེ་འཇགས་ཀྱི་གནད་དོན་སྐོར་ལ་ཞིབ་དཔྱོད་བྱེད་འགོ་བཙུགས་ཡོད། ཞིབ་དཔྱོད་ཀྱི་ལྷན་ཁང་དེས་ཨ་རིའི་ནང་གི་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཚོའི་ལས་གཞི་དང་། ས་ཁང་བདག་ཁོངས་ཉོ་ཚོང་ཁག་གིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་མེད་སྐོར་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད། འདར་སྒྲ་བཟོ་ཚོང་ཁང་གིས་Musical.ly བཀོལ་ཆས་ཉོས་ཚར་བའི་རྗེས་སུ།  ཨ་རིའི་ནང་གི་ཕྱི་རྒྱལ་མ་དངུལ་འཇོག་མཁན་གྱི་ཐོག་ཏུ་བཙུགས་ཡོད་པའི་ལྷན་ཁང་དེའི་ཆོག་མཆན་ཞུས་མེད་སྟབས། ཨ་རིའི་བདེ་འཇགས་ལྷན་ཁང་ལ་ཚོང་འབྲེལ་དེའི་སྐོར་ལ་ཞིབ་དཔྱོད་བྱེད་སའི་གཞི་རྩ་རག་ཡོད།

དེ་མ་ཟད། ཉེ་ལམ་འདར་སྒྲ(TikTok) བཟོ་ཚོང་ཁང་གིས་རྒྱ་གར་ནང་གི་འདར་སྒྲའི་ལས་བྱེད་མི་སྣར་བོད་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག དེ་བཞིན་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་བརྙན་པར་གྱི་ནང་དོན་ཡོངས་རྫོགས་བཀག་འགོག་དང་ཕྱིར་འདོན་བྱེད་དགོས་སྐོར་གྱི་བཀའ་རྒྱ་ཡིག་ཟམ་བརྒྱུད་ནས་བཏང་ཡོད། རྒྱུ་མཚན་དེའི་དབང་གིས། འཛད་སྤྱོད་པར་རང་ཉིད་ཀྱི་ཡར་འཇུག་བྱས་པའི་བརྙན་པར་ཁག་དོ་དམ་བྱེད་པའི་ནུས་པ་ཆུང་དུ་ཕྱིན་ཡོད། གང་ཡིན་ཞེ་ན། འདར་སྒྲ་སྤྱི་གཉེར་ཁང་གིས་བརྙན་དེ་དག་ག་དུས་ཡིན་ཡང་མེད་པར་བཟོ་སྲིད།  གནད་དོན་འདིས། འདར་སྒྲ(TikTok) བཀོལ་ཆས་ཀྱི་ངོས་ནས། རྒྱ་ནག་གི་ཕྱི་ལོགས་སུ་སྤེལ་བའི་ཡིག་ཆའི་ནང་དོན་ཁག་ཀྱང་སྟངས་འཛིན་བྱེད་ཀྱི་་ཡོད་པ་གསལ་སྟོན་བྱས་པ་མ་ཟད།  རྒྱ་ནག་སྲིད་གཞུང་གིས་འཕྲུལ་རིག་བཟོ་ཚོང་ཁང་ཁག་གི་སྟེང་དུ་གནོན་ཤུགས་སྤྲད་པའི་ཐོག་ནས། གཞུང་གི་སྟངས་འཛིན་གྱི་དམིགས་ཡུལ་རྒྱ་བསྐྱེད་གཏོང་གི་ཡོད་པའང་གསལ་སྟོན་བྱས་ཡོད། 

པར་རིས་བཅུག་གཉིས་པ། : འདར་སྒྲ་སྤྱི་གཉེར་ཁང་གིས་རྒྱ་གར་ལས་བྱེད་ལ་བཏང་བའི་ཡིག་ཟམ།

ཐའ་མར། དྲ་རྒྱའི་བདེ་འཇགས་ཁེ་ལས་བཟོ་ཚོང་ཁང་”ཞིབ་བཤེར་ས་ཚིགས”(Check Point)་ཟེར་བས། འདར་སྒྲའི་ཁོངས་སུ་བདེ་འཇགས་ཀྱི་སྐྱོན་ཆ་ཡང་མང་དག་ཅིག་ཡོད་པ་ཤེས་རྟོགས་བྱུང་ཡོད། དཔེར་ན། དྲ་ཐོག་གི་འཇབ་རྒོལ་པས་འདར་སྒྲ(TikTok) སྤྱི་གཉེར་ཁང་གི་མིང་ཐོག་ནས། མི་སྒེར་ལ་ཉེན་ཚབས་ཆེ་བའི་འབྲེལ་ཐག་ཡོད་པའི་འཕྲིན་ཐུང་རྫུན་མ་གཏོང་ཐུབ་ཀྱི་ཡོད། འཛད་སྤྱོད་པ་གང་རུང་གིས་འཕྲིན་ཐུང་ནང་གི་འབྲེལ་ཐག་དེའི་སྒང་དུ་མནན་ཚེ། འཇབ་རྒོལ་པས་མི་དེའི་འདར་སྒྲའི་བཀོལ་ཆས་སྟངས་འཛིན་བྱས་པའི་ཐོག་ནས།  བརྙན་པར་རིགས་ཡར་འཇུག་དང་ཕྱིར་འདོན་སོགས་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། མི་སྒེར་གྱི་ཡིག་ཟམ་ཁ་བྱང་སོགས་ཀྱང་ཁྲོམ་བསྒྲགས་བྱེད་ཐུབ་ཀྱི་ཡོད། འདར་སྒྲའི་སྐོར་ལ་འགྲེལ་བརྗོད་བྱེད་པའི་སྐབས་སུ། ཨ་རིའི་རེ་སྒྲེ་ཁྲི་(Reddit) གསར་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་བརྗོད་དོན། “ངས་འདར་སྒྲ་དེ་གཞན་རྟེན་གྱི་བཀོལ་ཆས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། བཀོལ་ཆས་དེས་རྟག་ཏུ་ལྐོག་ཉན་བྱེད་ཀྱི་ཡོད། ད་དུང་། ཁོང་ཚོས་མཛུབ་རིས་ཀྱི་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དེ་དོན་དངོས་ཐོག་འཇིགས་སུ་རུང་བ་ཞིག་རེད་འདུག་པས། ངས་བཀོལ་ཆས་དེ་འདྲ་ཞིག་རང་ཉིད་ཀྱི་ཁ་པར་སྟེང་དུ་ནང་འཇུག་བྱེད་ཐུབ་ས་མ་རེད་”ཅེས་དང་། ཡང་དེའི་རྗེས་སུ་ཁོས་མུ་མཐུད་ནས། “ངས་ག་དུས་ཡིན་ཡང་མི་ཚོར་མཉེན་འབུ་དེ་རང་ཉིད་ཀྱི་ཁ་པར་སྟེང་དུ་ནང་འཇུག་མ་བྱེད་ཅེས་སྐུལ་མ་བྱེད་ཀྱི་ཡོད་”ཅེས་བརྗོད་ཡོད།

༥.༤ Zoom བཀོལ་ཆས།

ཏོག་དབྱིབས་རིམས་ནད་འཛམ་གླིང་གང་སར་ཁྱབ་བརྡལ་ཕྱིན་པར་བརྟེན། རྒྱལ་ཁབ་སོ་སོས་འགྲོ་འོང་བཀག་སྡོམ་དང་རིམས་བཤེར་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ནད་དུག་བཀག་འགོག་བྱེད་པར་འབད་བརྩོན་གནང་ཡོད། སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྲིད་ཇུས་ཤུགས་ཆེར་ལག་བསྟར་བྱས་པ་ལ་བརྟེན་ནས། འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནང་དུ་གནས་པའི་མི་མང་པོ་ཞིག་གིས། སོ་སོའི་སྒེར་དང་གཞུང་འབྲེལ་གྱི་ལས་ཀའི་ཆེད་དུ་གཟུགས་མཐོང་གླེང་མོལ་གྱི་སྡིངས་ཆ་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད། མི་མང་ཤོས་ཀྱིས་བཀོལ་སྤྱོད་བྱས་པའི་གཟུགས་མཐོང་གླེང་མོལ་གྱི་བཀོལ་ཆས་དེ་ Zoom ཆགས་ཡོད། ཕྱི་ལོ་༢༠༡༩་ལོའི་ཟླ་༡༢་པ་ནས་ཕྱི་ལོ་༢༠༢༠་ལོའི་ཟླ་༤་པའི་བར་དུ། Zoom བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་གྱི་ཉིན་རེའི་གྲངས་འབོར་ས་ཡ་༡༠་ནས་ས་ཡ་༣༠༠་ལ་ཡར་འཕར་ཡོད། Zoomབཀོལ་ཆས་དེ་འཛམ་གླིང་གི་མི་མང་ཧ་ཅང་མང་པོར་རྒྱ་ཆེར་འགྲེམས་སྤེལ་བྱེད་དུས་མགྱོགས་མྱུར་ངང་སྐད་གྲགས་ཆགས་ཡོད་ལ། དུས་མཚུངས་སུ།  སྒེར་གྱི་གསང་རྒྱ་དང་འབྲེལ་བའི་ཉེན་ཁ་མང་དག་ཅིག་ཀྱང་བཀོལ་ཆས་དེའི་ཁོངས་ནས་རྙེད་སོན་བྱུང་ཡོད། 

Zoomབཀོལ་ཆས་དང་འབྲེལ་བའི་བདེ་འཇགས་ཀྱི་གནད་དོན་སྐོར་(མི་སེར་ཚོད་ལྟ་ཁང་ཉམས་ཞིབ་ཀྱི་ཆ་ཤས།)ལ་གླེང་སློང་མ་བྱས་པའི་སྔོན་དུ། ཚོང་ལས་སྡེ་ཁག་གིས་བཟོས་པའི་ཁུངས་འབྱེད་མིན་པའི་མཉེན་ཆས་དང་ཞབས་ཞུའི་(Zoom གཅིག་པུ་ཙམ་མ་ཡིན་པར)རིགས་གང་ཞིག་ང་ཚོས་བཀོལ་སྤྱོད་བྱེད་རྒྱུ་ཡིན་མིན་ཐག་གཅོད་བྱེད་སྐབས། ལག་ལེན་ཡག་ཤོས་དང་དེ་བཞིན་དྲི་བ་ཁ་ཤས་ཤིག་གི་ཐོག་ལ་བསམ་བློ་གཏོང་རྒྱུ་གལ་ཆེ། དཔེར་ན། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁང་གིས་ཁུངས་འབྱེད་ཀྱི་ཡོ་ཆས་རིགས་ཁྱབ་སྤེལ་བྱེད་ཀྱི་ཡོད། འོན་ཀྱང་། མི་མང་པོ་ཞིག་གིས་རིན་མེད་ཡིན་མིན་ལ་མ་ལྟོས་པར། སྤྱོད་བདེ་ཞིང་ཁྱད་ཆོས་སྣ་མང་ལྡན་པའི་ཚོང་ལས་སྡེ་ཁག་གི་བཀོལ་ཆས་རིགས་མཐའ་གཅིག་ཏུ་ཡག་པོ་ཡོད་པར་ངོས་འཛིན་བྱས་ཏེ། དེ་དག་མུ་མཐུད་ནས་བཀོལ་སྤྱོད་བྱེད་ངེས་པ་དེ་དངོས་ཡོད་གནས་སྟངས་ཆགས་ཡོད། དེར་བརྟེན། ཁུངས་འབྱེད་མཉེན་ཆས་བཀོལ་སྤྱོད་བྱེད་པའི་ནུས་པ་ནམ་ཡང་མེད་པར་ལྷག་ཡོད། 

  • མཉེན་ཆས་ཤིག་དང་ཞབས་ཞུ་ཞིག་འདེམས་པའི་སྐབས་སུ། བཟོ་ཚོང་ཁང་དེའི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་ལྟ་ཞིབ་བྱེད་དགོས། གང་ཡིན་ཞེ་ན། དེ་ནི་བཟོ་ཚོང་ཁང་དེའི་ཕྱག་ལས་གནང་སྟངས་སྐོར་ཧ་གོ་བར་བྱེད་པའི་ལམ་ཁ་གལ་ཆེན་ཞིག་ཡིན།  འདས་པའི་ལོ་ཟླའི་ཁྲོད་དུ་བཟོ་ཚོང་ཁང་དེས་མི་མང་ལམ་ལོག་ཏུ་ཁྲིད་ཡོད་དམ། ཡང་ན། བཟོ་ཚོང་ཁང་དེར་མི་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་རྙོག་གླེང་ཡོད་དམ། 
  • ཁྱེད་ཀྱིས་ཞབས་ཞུ་་ཞིག་དང་། ཡང་ན། མཉེན་ཆས་ཤིག་བཀོལ་སྤྱོད་བྱེད་ཀྱི་ཡོད་ཚེ།  དེ་ཚོ་རང་དབང་གི་ཐོག་ནས་དབྱེ་ཞིབ་དང་ཁུངས་སྐྱེལ་བྱས་ཡོད་དམ། བཟོ་ཚོང་ཁང་དེས་མི་སྒེར་གྱི་གནས་ཚུལ་བརྒྱུད་གཏོང་དང་ཕྱིར་བསྒྲགས་བྱས་པའི་ལོ་རྒྱུས་དེ་འདྲ་འདུག་གམ།  བཟོ་ཚོང་ཁང་དེས་སོ་སོའི་་ལས་ཀ་དང་ཐོན་རྫས་ཁག་ལ་འཕྲད་པའི་དཀའ་ངལ་དང་ནོར་འཛོལ་ཁག་ལ་ཡ་ལན་ཇི་ལྟར་སློག་འདུག་གམ། 
  • ཁྱེད་རང་གིས་ཞབས་ཞུ་དེ་ག་རེའི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་དམ། སྤྱི་པའི་འཛད་སྤྱོད(དཔེར་ན། དྲ་ཐོག་གི་བྱེད་སྒོ་དང་གླེང་མོལ་རིགས། ཁྱེད་རང་གི་ལྟད་མོ་བ་ཙམ་མ་ཟད། དེ་མིན་གྱི་མི་གང་རུང་གིས་ཉན་རུང་གནོད་པ་མེད་པ། )་ཀྱི་ཆེད་དུ་ཡིན་ནམ། ཡང་ན། གསང་རྒྱར་དམིགས་ཁ་གཏད་པའི་ལས་ཀའི་(དཔེར་ན།འཆར་འགོད་རིགས་དང་འབྲེལ་བའི་གྲོས་བསྡུར་དང་། གནད་ཡོད་ཀྱི་གནས་ཚུལ་རིགས་བགོ་འགྲེམས)ཆེད་དུ་ཡིན། 
  • སུ་དག་གིས་ཁྱེད་རང་དང་ཁྱེད་རང་གི་ལས་ཀར་ཉེན་ཁ་བཟོ་སྲིད་དམ། འོ་ན། དེ་དག་ཁྱེད་རང་གིས་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་མཉེན་ཆས་བཟོ་ཚོང་ཁང་དེར་འབྲེལ་འདྲིས་བྱུང་འདུག་གམ། འབྲེལ་འདྲིས་བྱུང་ཡོད་པ་ཡིན་ན། དེས་ཁྱེད་རང་དང་ཁྱེད་རང་གི་ཚོགས་པར་གནོད་པ་བསྐྱེལ་སྲིད་དམ། 

ཁྱེད་ཀྱིས་སོ་སོ་རང་ཉིད་ལ་དྲི་བ་འདི་དག་འདྲི་བའི་སྐབས་སུ། འཕྲུལ་རིག་གི་བཀོལ་ཆས་གང་བཀོལ་སྤྱོད་བྱེད་རྒྱུ་ཡིན་མིན་དེ་ཐབས་ལམ་ཞིག་མིན་པ་སེམས་ལ་དྲན་རྒྱུ་དེ་ཧ་ཅང་གལ་ཆེ། གང་ཡིན་ཞེ་ན། བཀོལ་ཆས་དེ་དག་ལ་དགེ་སྐྱོན་གཉིས་ཀ་ཡོད། འཕྲུལ་རིག་གི་ཡོ་ཆས་གང་ཞིག་བཀོལ་སྤྱོད་བྱེད་མིན་ཐག་གཅོད་བྱེད་པའི་སྐབས་སུ། དེའི་བཟང་ཆ་དང་སྐྱོན་ཆ་གཅིག་པའི་ཐོག་ཏུ་དམིགས་ཁ་གཏོད་པ་ཙམ་མ་ཡིན་པར། དམིགས་ཡུལ་གང་གི་ཆེད་དུ་འཕྲུལ་རིག་ཡོ་ཆས་གང་བཀོལ་སྤྱོད་བྱེད་རྒྱུ་ཡིན་མིན་དེ་གསལ་པོ་བཟོ་དགོས། གལ་ཏེ། ཁྱེད་ཀྱིས་མཉེན་ཆས་རིགས་ཤིག་བཀོལ་སྤྱོད་མི་བྱེད་པའི་ཐག་གཅོད་བྱུང་ཚེ། གོང་གི་སྒྲོམ་གཞི་དེའི་སྐོར་ལ་བསམ་ཞིབ་དང་དབྱེ་ཞིབ་ཞིབ་ཚགས་མ་བྱས་པར། ལམ་སེང་མཉེན་ཆས་རིགས་གཞན་པ་ཞིག་གི་སྟེང་དུ་ཧོལ་རྒྱུག་བྱེད་མི་རུང་། 

དེའི་རྒྱུ་མཚན་གྱིས། མི་ཚང་མའི་སེམས་སུ་ཡོད་པའི་དྲི་བ་ཞིག་ནི།  Zoom བཀོལ་ཆས་བཀོལ་སྤྱོད་བྱེད་དགོས་སམ་ཞེས་པ་དེ་རེད། དོན་དངོས་ཐོག  བཀོལ་ཆས་དེ་བཀོལ་སྤྱོད་བྱེད་མིན་ནི། མི་སོ་སོའི་ཉེན་ཁ་དང་། དེ་བཞིན་བཀོལ་ཆས་དེ་ཇི་ལྟར་བཀོལ་སྤྱོད་བྱེད་མིན་གཞིར་བཟུང་སྟེ་ཐག་གཅོད་བྱེད་རྒྱུ་ཞིག་རེད། གོང་གི་རྒྱུ་མཚན་དེ་དག་ལ་གཞིགས་ནས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ངོས་ནས། Zoom བཀོལ་ཆས་དེ་བོད་དོན་ལས་འགུལ་དང་འབྲེལ་བའི་ནང་ཁུལ་གྱི་བགྲོ་གླེང་དང་གྲོས་བསྡུར་ཁག་གི་ཆེད་དུ་བཀོལ་སྤྱོད་མི་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད།  ཡིན་ན་འང་། Zoom བཀོལ་ཆས་ཀྱི་སྤྱོད་སྒོ་དང་ཁྱབ་རྒྱ་ལ་གཞིར་བཞག་ནས་གླེང་ན། ང་ཚོའི་བསམ་པར། སྤྱིར་བཏང་གི་ཡོངས་བསྒྲགས་དང་དྲ་ཐོག་གི་གཏམ་གླེང་སོགས་ཀྱི་ཆེད་དུ།  བཀོལ་ཆས་དེ་བཀོལ་སྤྱོད་བྱས་རུང་། དེ་ལ་ཉེན་ཁ་ཆུང་བ་ཡོད་སྙམ། གང་ཡིན་ཞེ་ན།   སྤྱིར་བཏང་གི་གཏམ་གླེང་དེ་རིགས་ལ་གསང་བ་མེད་པས་མི་ཚང་མས་ཉན་ཆོག་གི་ཡོད་ལ། གལ་ཏེ་རྒྱ་ནག་སྲིད་གཞུང་ལ་གཏམ་གླེང་གི་ནང་དོན་ཁག་རག་པའི་དབང་དུ་བཏང་ཡང་། དེས་ཉེན་ཁ་གང་ཡང་བཟོ་མི་སྲིད། 

ཕྱི་ལོ་༢༠༢༠་ལོའི་ཟླ་༤་པའི་ཚེས་༣་ཉིན། ཁྲི་རོན་ཁྲོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་“མི་སེར་ཚོད་ལྟ་ཁང”་གིས། གོང་དུ་བརྗོད་པའི་གནད་དོན་དེ་དག་གི་སྐོར་གླེང་སློང་བྱས་པའི་Zoom བཀོལ་ཆས་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད། སྙན་ཐོ་དེའི་ཁོངས་ཀྱི་གཙོ་གནད་ཁག་གཤམ་གསལ་ལྟར། 

  • Zoom བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་སུ་གང་ཡང་རྒྱ་ནག་ནང་དུ་མེད་རུང་། བཀོལ་ཆས་དེའི་གཞི་གྲངས་བཞུར་རྒྱུན་གྱི་ལམ་ཁ་རྒྱ་ནག་བརྒྱུད་ནས་འགྲོ་ཡི་ཡོད་པ་ཤེས་རྟོགས་བྱུང་ཡོད། རྒྱ་ནག་གི་དྲ་བའི་ཞབས་ཞུ་བརྒྱུད་ནས་གཞི་གྲངས་བརྒྱུད་གཏོང་བྱེད་ཀྱི་ཡོད་པ་དེས། བདེ་འཇགས་དང་། གསང་མྱུལ། དེ་བཞིན་རྒྱ་ནག་སྲིད་གཞུང་གིས་Zoom བཀོལ་ཆས་ཀྱི་སྤྱི་གཉེར་ཁང་ལ་གཞི་གྲངས་རྩིས་སྤྲོད་དང་ཕྱིར་བསྒྲགས་བྱེད་དགོས་པའི་བཙན་སྐུལ་བྱས་ཡོད་ངེས་པ་ལ་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་ལ་དྲི་བ་དང་དོགས་འདྲི་བསླངས་ཡོད། 
  • Zoom བཟོ་ཚོང་ཁང་གིས། བཀོལ་ཆས་ནང་གི་གླེང་མོལ་ཡོངས་ལ་“AES-256” ཟེར་བའི་གསང་སྡོམ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད་ཀྱང་། “མི་སེར་ཚོད་ལྟ་ཁང”་གི་ཉམས་ཞིབ་ཀྱི་ཁོངས་སུ། Zoom བཀོལ་ཆས་ཀྱི་གླེང་མོལ་རེ་རེའི་ནང་དུ། ECB རྣམ་པའི་ནང་གི་AES-128 ལྡེ་མིག་རེ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དེར་སྔར་ཡོད་ཀྱི་ཞན་ཆ་ཡོད་པ་གསལ་སྟོན་བྱས་ཡོད།  གང་ཡིན་ཞེ་ན།  རྣམ་པ་འདིའི་ཁྲོད་དུ་ནང་འཇུག་གི་མ་དཔེ་ཉར་ཚགས་བྱེད་ཀྱི་ཡོད། 
  • དེ་སྔོན་Zoom བཀོལ་ཆས་བཟོ་ཚོང་ཁང་གིས།  Zoom བཀོལ་ཆས་ཀྱི་གླེང་མོལ་ཁག་གི་ཁྲོད་དུ་སྣེ་གཉིས་བར་གྱི་གསང་སྡོམ་(end to end encryption)བཀོལ་སྤྱོད་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་ཀྱང་། དོན་དངོས་ཐོག   Zoom གླེང་མོལ་གྱི་ནང་དུ་སྐྱེལ་འདྲེན་གསང་སྡོམ་མ་གཏོགས་ལག་བསྟར་བྱེད་ཀྱི་མེད།  དེའི་དོན་ནི།  འཛད་སྤྱོད་པ་དང་Zoom་དྲ་བའི་ཞབས་ཞུ་གཉིས་བར་དུ་མ་གཏོགས། སྣེ་གཉིས་བར་གྱི་གསང་སྡོམ་ངོ་མའམ།  འཛད་སྤྱོད་པ་ཕན་ཚུན་བར་གྱི་གླེང་མོལ་གྱི་ནང་དོན་ལ་གསང་སྡོམ་བྱེད་ཀྱི་མེད། 

ཉམས་ཞིབ་ཀྱི་སྙན་ཐོ་དེ་ཕྱིར་ཐོན་པའི་རྗེས་སུ།  Zoom བཀོལ་ཆས་བཟོ་ཚོང་ཁང་གིས་གནད་དོན་དེ་དག་གི་སྟེང་དུ་ལས་ཀ་བྱེད་འགོ་བཙུགས་ཏེ།  བཀོལ་ཆས་གསར་སྣོན་བྱས་པའི་ཐོག་ནས། དེའི་ཁོངས་ཀྱི་བདེ་འཇགས་ཀྱི་སྐྱོན་ཆ་ཁག་དག་སེལ་བྱས་ཡོད་པའི་ཁག་ཐེག་བྱས་ཡོད་རུང་།  ང་ཚོས་ཤེས་དགོས་པ་ཞིག་ལ།  མི་སེར་ཚོད་ལྟ་ཁང་གིས་མང་ཚོགས་ཀྱི་ངོས་ནས་དོན་དངོས་ཧ་གོ་བའི་ཆེད་དུ་བརྩམས་པའི་ཉམས་ཞིབ་འདི་བརྒྱུད་ནས། ད་གཟོད་ང་ཚོས་གནད་དོན་འདི་དག་གི་སྐོར་ཤེས་རྟོགས་བྱུང་ཐུབ་ཡོད།   Zoom བཀོལ་ཆས་བཟོ་ཚོང་ཁང་གིས། སོ་སོའི་ཐོན་རྫས་ཀྱི་བདེ་འཇགས་སྐོར་ལ་ཡང་དག་མིན་པའི་བརྗོད་དོན་སྤེལ་བ་དང་། དེ་བཞིན་མི་སྒེར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་འདས་པའི་ལོ་རྒྱུས་ཁག་ལ་གཞིར་བཞག་སྟེ། ང་ཚོའི་ངོས་ནས། བོད་པའི་ཚོགས་སྡེ་ཁག་ལ།  Zoom བཀོལ་ཆས་ཀྱི་ནང་དུ་བོད་དོན་དང་འབྲེལ་བའི་གནད་ཡོད་ཀྱི་བརྗོད་གཞི་ཁག་གླེང་སློང་དང་གྲོས་བསྡུར་མི་བྱེད་པའི་རེ་སྐུལ་ཞུ་ཡི་ཡོད།  

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས།  Zoom བཀོལ་ཆས་ཀྱི་ཚབ་ཏུ་ཁུངས་འབྱེད་མཉེན་ཆས་ཡིན་པའི་གཟུགས་མཐོང་གླེང་མོལ་གྱི་མ་ལག་ཇེ་ཐི་སེ(Jitsi)བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། དྲ་ཐོག་གི་ཐད་གཏོང་ལེ་ཚན་ཁག་གི་ཆེད་དུ། ང་ཚོས་ཁུངས་འབྱེད་ཐད་གཏོང་གླེང་མོལ་བཀོལ་ཆས་OBS་ཟེར་བ་དེ་བཀོལ་གྱི་ཡོད།  

མཇུག་སྡོམ་བྱས་ན།  ཁྱེད་རང་གི་ཉེན་ཁ་དང་དམིགས་ཡུལ་གཞིར་བཟུང་བའི་ཐོག་ནས་མཉེན་ཆས་དང་ཞབས་ཞུ་འདེམས་སྟངས་སྐོར་གྱི་ཁྱད་པར་ཧ་གོ་རྒྱུ་ཧ་ཅང་གལ་ཆེ། ད་དུང་། ཁྱེད་ཀྱིས་དམིགས་ཡུལ་གང་གི་ཆེད་དུ་འཕྲུལ་རིག་ཡོ་ཆས་གང་བཀོལ་སྤྱོད་བྱེད་རྒྱུ་ཡིན་མིན་དེ་ཡང་ཤེས་དགོས་ལ། གལ་ཏེ། ཁྱེད་ཀྱིས་མཉེན་ཆས་རིགས་ཤིག་བཀོལ་སྤྱོད་མི་བྱེད་པའི་ཐག་གཅོད་བྱུང་ཚེ། གོང་གི་སྒྲོམ་གཞི་དེའི་སྐོར་ལ་བསམ་ཞིབ་དང་དབྱེ་ཞིབ་ཞིབ་ཚགས་མ་བྱས་པར། ལམ་སེང་མཉེན་ཆས་རིགས་གཞན་པ་ཞིག་གི་སྟེང་དུ་ཧོལ་རྒྱུག་བྱེད་མི་རུང་། 

Back to Top