བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་ལྔ་པ།

1.     རྒྱབ་ལྗོངས།

1.1 བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)་གི་སྐོར།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་(TibCERT)གིས། དངོས་གཞིའི་མཉམ་འབྲེལ་གཞིར་བཟུང་གི་སྒྲོམ་གཞི་ཞིག་གི་འོག་ཏུ། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུ་དང་། བོད་ནང་གི་དྲ་རྒྱ་བཀག་སྡོམ་དང་གསང་མྱུལ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་གནས་ཚུལ་སོགས་གཞི་ལ་བཞག་སྟེ།  བོད་མི་ཚོའི་འཕྲུལ་རིག་ཉམས་ཞིབ་ཀྱི་ནུས་པ་རྒྱ་བསྐྱེད་གཏོང་རྒྱུ་དེ་ཡིན་ལ། མཐའ་དོན། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཚད་མཐོ་ བའི་དྲ་ཐོག་གི་རང་དབང་དང་བདེ་འཇགས་ཁག་ཐེག་བྱེད་རྒྱུ་དེ་ཡིན།

1.2 དམིགས་ཡུལ།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་ཚིགས་འདིའི་དུས་དེབ་འདོན་སྤེལ་གྱི་དམིགས་ཡུལ་ནི། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་བརྒྱུད་སྤེལ་བྱེད་རྒྱུ་དང་། བོད་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དྲ་ཐོག་གི་ཉེན་ཁའི་སྐོར་ལ་ལམ་སྟོན་གནང་རྒྱུ། འཛམ་གླིང་ཧྲིལ་པོར་ཏོག་དབྱིབས་རིམས་ནད་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་དུས་སྐབས་འདིར། བཙན་བྱོལ་བོད་མི་ཡོངས་ཀྱི་ལུས་སེམས་གཉིས་དང་དྲ་ཐོག་གི་བདེ་ཐང་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེད་དུ་རོགས་རམ་གང་ཡོང་གནང་རྒྱུ། དེ་བཞིན་བོད་མི་ཚོའི་ཏོག་དབྱིབས་ནད་དུག་སྐོར་གྱི་གོ་རྟོགས་སེལ་བའི་ཆེད་དུ། དེ་འབྲེལ་གྱི་རྒྱུ་ཆ་དང་རྒྱུན་ཤེས་སོགས་མཁོ་སྤྲོད་བྱེད་རྒྱུའི་དམིགས་འབེན་བཟུང་ཡོད། 

1.3 བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་གསར་བྱུང་གནས་ཚུལ་ཁ་གསབ།

རྒྱ་གར་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་བཀའ་རྒྱ་ཕྱིར་བསྡུ་བྱས་ཚར་བའི་རྗེས་ནས་བཟུང་། ང་ཚོས་སླར་ཡང་མི་ཚོར་ཟབ་སྦྱོང་སྤྲོད་འགོ་བཙུགས་ཡོད་པ་དང་། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཚོ་དང་ལྷན་དུ། དྲ་རྒྱའི་བདེ་འཇགས་ཀྱི་སྲིད་བྱུས་གསར་བཟོ་དང་ལག་བསྟར་གནང་ཡོད། འོན་ཀྱང་། ཏོག་དབྱིབས་ནད་དུག་གིས་ཟིན་པའི་ནད་པའི་གྲངས་འབོར་ཉིན་རེ་བཞིན་མུ་མཐུད་ནས་ཡར་འཕར་གྱི་ཡོད་སྟབས། ང་ཚོའི་དྲ་རྒྱའི་བདེ་འཇགས་ཀྱི་སྐུ་ཚབ་མི་སྣ་ཁག་གིས་མི་ཚོར་དྲ་ལམ་ནས་རོགས་པ་གང་ཐུབ་གནང་གི་ཡོད་ལ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་འབྲེལ་ཡོད་ཚོགས་སྡེ་ཁག་གི་ཚོགས་མི་ཚོ་དང་མཉམ་དུ་དངོས་སུ་ཐུག་སྟེ་ལས་ཀ་བྱེད་པའི་སྐབས་སུ། ནད་དུག་ལ་དོགས་ཟོན་དང་སྔོན་འགོག་གང་ཐུབ་བྱེད་ཀྱི་ཡོད། རྩིས་འཕྲུལ་(གློག་ཀླད)་དང་ལག་འཁྱེར་ཁ་པར་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་ཡར་འཕར་བ་དང་ལྷན་དུ། དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁའང་སྔར་ལས་ཆེ་རུ་འགྲོ་ཡི་ཡོད་པ་བཞིན། སྟབས་མ་ལེགས་པ་ཞིག་ལ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཁག་ཅིག་དྲ་ཐོག་གི་འཇབ་རྒོལ་གྱི་གནོད་འཚེ་ཕོག་ཡུལ་དུ་གྱུར་ཡོད། ཡིན་ནའང་། ང་ཚོའི་རུ་ཁག་གི་ངོས་ནས་གནོད་འཚེ་ཕོག་ཡུལ་གྱི་མི་ཚང་མར་ཁ་ཚ་དགོས་གཏུག་གི་རོགས་པ་བྱས་ཏེ། འཇབ་རྒོལ་དེ་ལ་དུས་ཐོག་ཏུ་ཡ་ལན་སྤྲད་ཡོད་པ་མ་ཟད། ང་ཚོའི་འབྲེལ་ཡོད་ཚོགས་སྡེའི་ཁག་གི་གནས་བབ་བདེ་ལེགས་ངང་ལེགས་བཅོས་དང་བརྟན་སྲུང་བྱེད་ཐུབ་ཡོད། 

1.4 གནས་ཚུལ་སྙིང་བསྡུས།

 བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་ལྔ་པའི་ཁོངས་སུ།:

1.4.1 ཀུ་ཤུའི་མཉེན་ཆས་བཀག་སྡོམ་ལ་རྒོལ་བའི་༢༠༢༠་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོའི་དཔྱད་གླེང་ཚོགས་འདུ། 

ཕྱི་ལོ་༢༠༢༠་ལོའི་ཟླ་༦་པའི་ཚེས་༢༣་ཉིན། བོད་དོན་ལས་འགུལ་བསྟི་གནས་ཁང་གིས། ཉིན་གཅིག་གི་རིང་དུ། ཀུ་ཤུ་བཟོ་ཚོང་ཁང་གི་མཉེན་ཆས་བཀག་སྡོམ་ལ་རྒོལ་བའི་འཛམ་གླིང་ཁྱོན་ཡོངས་ཀྱི་མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོའི་དཔྱད་གླེང་ཚོགས་འདུ་ཞིག་བཀོད་སྒྲིག་བྱས་ཡོད། ང་ཚོས་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནང་གི་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁེ་ལས་ཀྱི་འགན་འཁྲི་ལས་འགུལ་བ། ཉམས་ཞིབ་པ། གསར་འགོད་པ། འཕྲུལ་རིག་ཆེད་མཁས་མི་སྣ་སོགས་གདན་ཞུ་གནང་སྟེ། དྲ་ཐོག་གི་གྲོས་བསྡུར་ཐེངས་གསུམ་གཙོ་སྐྱོང་དང་ཐད་གཏོང་བྱས་ཡོད། གྲོས་བསྡུར་གྱི་ཁོངས་སུ། རྒྱ་ནག་ཁྱོན་ཡོངས་དང་། ལྷག་པར་བོད་ལྟ་བུའི་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་ས་ཁུལ་ཁག་ནང་གི་ཆ་འཕྲིན་བཀག་སྡོམ་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ། དེས་གཏམ་བརྗོད་རང་དབང་གི་ཐོག་ཏུ་ཐེབས་པའི་ཤུགས་རྐྱེན།  དེ་བཞིན་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་ནང་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་བཀོལ་ཆས་ཁག་བཀག་སྡོམ་བྱས་པ་དང་། དེས་བཀོལ་ཆས་བཟོ་སྐྲུན་བྱེད་མཁན་དང་། རྒྱ་ནག་གི་དྲ་རྒྱའི་ལྕགས་རིའི་ནང་ལོགས་སུ་ཡོད་པའི་ཀུ་ཤུའི་མ་ལག་བཀོལ་སྤྱོད་བྱེད་མཁན་ཚོར་གནོད་པ་དང་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་མེད་སོགས་ཚུད་ཡོད། 

དྲ་ལམ་ཐད་གཏོང་གི་ལེ་ཚན་ཁག་ཕུད། གནས་ཚུལ་བཀག་སྡོམ་གྱི་གནོད་སྐྱོན་ཕོག་སའི་ཚོགས་སྡེ་ཁག་གི་ཁོངས་ཀྱི་སྒྱུ་རྩལ་པ་ཚོས་མཉམ་རུབ་ཀྱི་ཐོག་ནས་བསྒྲུབས་པའི་རོལ་དབྱངས་འདུ་འཛོམས་ཀྱི་ཐད་གཏོང་ལེ་ཚན་ཞིག་ཀྱང་བཀོད་སྒྲིག་གནང་ཡོད་པ་མ་ཟད།  ང་ཚོས་ཀུ་ཤུའི་གཞི་གྲངས་ས་གནས་རང་བཞིན་ཅན་དང་། ཀུ་ཤུའི་བིམ་མཛོད་ཀྱི་ནང་གི་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་གནད་དོན་གྱི་ཐོག་ཏུ། ཡོངས་ཁྱབ་མ་ཡིན་པའི་ཁེ་གཙང་གི་གྲོས་བསྡུར་རིམ་པ་གཉིས་ཀྱང་གནང་ཡོད། གྲོས་བསྡུར་ནང་མཉམ་ཞུགས་གནང་མཁན་ཚོས་ཉམས་ཞིབ་ཀྱི་དྲི་བ་སྣ་ཚོགས་བཏོན་ཡོད་ལ། དེ་དག་གི་ཐོག་ཏུ་མུ་མཐུད་དུ་དཔྱད་ཞིབ་བྱེད་པའི་ཆེད་དུ། མ་འོངས་པའི་ལས་འཆར་ཁག་གི་ཐོག་ལའང་འཆར་གཞི་བཏིངས་ཡོད། 

ཟླ་འདིའི་ནང་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། འཛམ་གླིང་ཡུ་གུར་མཐུན་ཚོགས།  ཁེ་ལས་ཀྱི་འགན་འཁྲིའི་སྐོར་ལ་ལས་འགུལ་སྤེལ་མཁན་གྱི་ང་ཚོ་འགའ་ཤས(SumOfUs)་ཟེར་བའི་ཚོགས་པ་བཅས་ཀྱིས་ཀུ་ཤུ་བཟོ་ཚོང་ཁང་གི་ཐོག་ཏུ་གནོན་ཤུགས་སྤྲོད་པའི་མཉམ་འབྲེལ་རང་བཞིན་གྱི་ལས་འགུལ་དེར། ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་ཆ་འཕྲིན་གྱི་རང་དབང་དང་། གཏམ་བརྗོད་རང་དབང་སོགས་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པར་ཁས་ལེན་གནང་སྟེ། ཐེངས་དང་པོར་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་གསར་བཟོ་དང་ཁྱབ་སྤེལ་གནང་ཡོད། 

1.4.2 ཨ་རི་དང་རྒྱ་གར་ནང་དུ་བཀོལ་ཆས་བཀག་སྡོམ། 

ཕྱི་ལོ་༢༠༢༠་ལོའི་ཟླ་༦་ནས་བཟུང་། རྒྱ་དཀར་ནག(བོད་)གཉིས་ཀྱི་ས་མཚམས་སུ་དྲག་པོའི་རྩོད་རྙོག་བྱུང་བ་དང་། དུས་མཚུངས་སུ། རྒྱ་གར་གཞུང་གིས། ཁ་པར་ནང་གི་རོལ་རྩེད་བཀོལ་ཆས་ ཕ་ཕུ་ཇི (PUBG) དང་། སྐད་འཕྲིན། འཁྱུག་དབྱངས(ཁྲིག་ཁྲོག)་སོགས་རྒྱ་ནག་གིས་བཟོས་པའི་དར་ཁྱབ་ཆེ་བའི་བཀོལ་ཆས་༢༠༠་ལྷག་བཀག་སྡོམ་བྱས་ཡོད། དེ་བཞིན་དུ། ཨ་རིའི་གཞུང་གིས་ཀྱང་། ཚོང་འབྲེལ་གྱི་དམག་འཁྲུག་བར་ནས་སྐད་འཕྲིན་དངའཁྱུག་དབྱངས་སོགས་རྒྱ་ནག་གི་བཀོལ་ཆས་ཁག་བཀག་འགོག་བྱེད་རྒྱུའི་ལས་ཀ་འགོ་བཙུགས་ཡོད། 

1.4.3 བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་ཁ་ཕྱོགས་པའི་དམིགས་གཏད་རང་བཞིན་གྱི་འཇབ་རྒོལ།

བོད་པའི་ཚོགས་སྡེ་ཁག་ལ་དམིགས་པའི་ཡིག་ཟམ་ནང་གི་འཇབ་རྒོལ་གྱི་གྲངས་འབོར་བསྐྱར་དུ་ཡར་འཕར་བ་ལ་བརྟེན་ནས། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མི་ཁག་དང་། གསར་འགྱུར་གྱི་ལས་ཁུངས་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་མི་སེར་ཚོགས་སྡེ་ཁག་ལ་ཚུར་རྒོལ་ཐེབས་ཡོད། འཇབ་རྒོལ་དེ་དག་གིས་ཡིག་ཟམ་ཁ་བྱང་རྫུན་མ་བེད་སྤྱད་དེ། དམིགས་འབེན་དུ་བཟུང་ཡུལ་གྱི་མི་མང་པོར་གནོད་འཚེ་ལྡན་པའི་ཡིག་ཟམ་བཏང་ཡོད། ཆ་འདྲ་བའི་འཇབ་རྒོལ་དེ་དག་གི་རྟགས་མཚན་ཁ་ཤས་བརྒྱུད་ནས་གསལ་སྟོན་བྱས་པ་ལྟར། འཇབ་རྒོལ་དེ་དག་ང་ཚོས་ཕྱི་ལོ་༢༠༡༩་ལོར་མཐོང་མྱོང་བའི་འཇབ་རྒོལ་པའི་རུ་ཁག་དེ་གའི་ཕྱོགས་ནས་སླེབས་ཡོད་པར་སྣང་། ལོ་དེར། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་འབྲེལ་ཡོད་ཚོགས་པ་ཞིག་གི་ལས་ཁུངས་ཀྱི་མ་ལག་ཡོངས་ལ་ཆུ་ཁུང་འཇབ་རྒོལ་ཟེར་བ་ཞིག་ཐེབས་ཡོད་པ་དེ། ཕྱི་ལོ་༢༠༢༠་ལོའི་ཟླ་༤་པའི་ནང་། ཁེ་སི་ཕར་སི་ཀའེ་(Kaspersky)ཟེར་བའི་རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་བཟོ་ཚོང་ཁང་གི་སྙན་ཐོའི་ནང་བཏོན་ཡོད། ང་ཚོའི་རུ་ཁག་གིས་དོན་རྐྱེན་དེ་དག་ལ་དུས་ཐོག་གི་ཆར་བའི་ཚུལ་དུ་གནད་ལ་འཁེལ་བའི་ཡ་ལན་སྤྲད་ཡོད། དྲ་ཐོག་གི་འཇབ་རྒོལ་དེ་རིགས་ལ་ཡ་ལན་ཇི་ལྟར་སྤྲོད་དགོས་མིན་གྱི་ཐབས་ལམ་ཁག་གཤམ་ལ་ཁ་གསལ་བཀོད་ཡོད། 

1.4.4 སའི་གོ་ལའི་ཨེམ་ཕོ་ས་འཇབ་རྒོལ་ཚན་ཁག་( Earth Empusa threat group)གིས། བོད་དང་ཏུར་ཀེ་ནང་གི་གྲངས་ཉུང་མི་རིགས་དམིགས་འབེན་དུ་བཟུང་སྟེ།  ཨན་ཌོ་ཡོ་ཆས་ཀྱི་ནང་དུ་ལས་འགུལ་གསང་མྱུལ(ActionSpy)ཟེར་བའི་མཉེན་འབུ་ཁྱབ་སྤེལ་གཏོང་གི་ཡོད། 

འཕེལ་ཕྱོགས་ཚན་རྩལ (Trend Micro )ཟེར་བའི་རྒྱལ་མང་རང་བཞིན་གྱི་དྲ་རྒྱའི་བདེ་འཇགས་ཀྱི་མཉེན་ཆས་བཟོ་ལས་ཁང་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ།  ལས་འགུལ་གསང་མྱུལ་ཟེར་བའི་མཉེན་འབུ་ཞིག་བཀོལ་སྤྱོད་བྱས་ཏེ། བོད་དང་ཤར་ཏུར་ཀི་སི་ཐན(ཡུ་གུར) སོགས་གྲངས་ཉུང་མི་རིགས་དང་། ཏུར་ཀེ  ཐེ་ཝན་བཅས་འཇབ་རྒོལ་གྱི་དམིགས་འབེན་དུ་བཟུང་ཡོད་པ་གསལ་སྟོན་བྱས་ཡོད།  མཉེན་འབུ་དེ་ནི་ཨན་ཌོ་ཡོ་ཆས་ཀྱི་ཁོངས་སུ་བཟོས་ཡོད་ལ། དེས་ཨན་ཌོ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོ་ངན་བསླུ་བྱས་ཏེ། ཁོང་ཚོར་ཉྭ་འཛིན་གྱི་ཁྱད་ཆོས་ལྡན་པའི་གནོད་འཚེ་ཅན་གྱི་དྲ་ཚིགས་ཤིག་ནས་བཀོལ་ཆས་ཕབ་ལེན་བྱེད་དུ་འཇུག་གི་ཡོད། མཉེན་འབུ་དེ་ནང་འཇུག་བྱས་ཚར་བའི་རྗེས་སུ། མཉེན་འབུ་དེས་ཁ་པར་ནང་དུ་ཉར་ཚགས་བྱས་ཡོད་པའི་ཡིག་ཆ་ཡོངས་རྫོགས་རྐུ་འཁྱེར་བྱས་ཏེ། དེ་དག་འཇབ་རྒོལ་རུ་ཁག་ལ་གཏོང་ཐུབ་ཀྱི་ཡོད། 

1.4.5 འཕྲུལ་རིག་བདེ་འཇགས་ཀྱི་གནས་ཚུལ་ཁ་སྐོང་།

ཀ༽ གཞི་གྲངས་དབང་སྒྱུར་ཚོས་འཛམ་གླིང་ཧྲིལ་པོ་དབང་སྒྱུར་བྱེད་ངེས་ཅེས་ཟེར་སྲོལ་ཡོད་པ་བཞིན།  ད་ཆ་5G ཚན་རྩལ་གྱི་གསར་གཏོད་ཁག་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པའི་བཟོ་ཚོང་ཁང་གིས་བསྐྲུན་གྱི་ཡོད། (དཔེར་ན། རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཟབ་མོ་ཡོད་པའི་ཧྭ་ཝེ་བཟོ་ཚོང་ཁང་ལྟ་བུ།) དེར་བརྟེན། 5G ཚན་རྩལ་གྱི་ཐོན་རིམ་གསར་པ་ཞིག་དངོས་སུ་ལེགས་འགྲུབ་བྱུང་ཟེར་དུས། མི་སྒེར་གྱི་གཞི་གྲངས་དང་གསང་རྒྱ་གཞན་གྱི་ལག་འོག་ཏུ་ཤོར་བ་མཚོན་གྱི་ཡོད། 

ཁ༽ ཕྱི་ལོ་༢༠༢༠་ལོའི་ཟླ་༦་ཚེས་༣༠་ཉིན། རྒྱ་ནག་སྲིད་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཡོད། དེ་སྔོན། ཧོང་ཀོང་རྒྱ་ནག་གི་སྲིད་གཞུང་གི་འོག་ཏུ་ཡོད་རུང་། གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་སོགས་གང་འཚམ་རྒྱུན་སྐྱོང་གནང་ཐུབ་ཡོད། འོན་ཀྱང་། བདེ་འཇགས་ཀྱི་བཅའ་ཁྲིམས་གསར་པ་དེའི་དབང་གིས། དབང་འཛིན་མི་སྣས་སྲིད་གཞུང་ལ་ངོ་རྒོལ་བྱས་པར་ངོས་འཛིན་བྱས་པའི་བྱེད་སྒོ་མཐའ་དག་དང་། ཐ་ན། སྨྲ་བརྗོད་རང་དབང་ཡང་དམ་དྲག་བྱེད་ཆོག་གི་ཡོད་སྟབས། ད་ཆ་ཧོང་ཀོང་བ་ཚོ་འཇིགས་སྣང་གི་ཁྲོད་དུ་གནས་ཡོད་ལ། རང་ངོས་ནས་སོ་སོའི་རང་དབང་བཀག་སྡོམ་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཚར་ཡོད། དེ་མ་ཟད། ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་ཧོང་ཀོང་ནས་ཕྱིར་ཐོན་གྱི་ཡོད་ལ། འཛམ་གླིང་གི་སྲིད་གཞུང་ཁག་གིས་ཀྱང་ཧོང་ཀོང་དང་མཉམ་དུ་བཞག་ཡོད་པའི་སྲོལ་རྒྱུན་གྱི་འབྲེལ་བར་འགྱུར་བ་གཏོང་འགོ་བཙུགས་ཡོད། 

ག༽ དྲ་རྒྱར་མཐུད་པར་ལས་སླ་པོ་ཡོད་པ་དང་། དྲ་བའི་མགྱོགས་ཚད་ཧ་ཅང་མྱུར་བའི་དུས་སྐབས་འདིར། རྒྱ་ནག་གིས་ཆ་འཕྲིན་རྫུན་མའི་ལས་འགུལ་བེད་སྤྱད་དེ་གསར་འགྱུར་རྫུན་མ་སྤེལ་གྱི་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་མཐུན་སྒྲིལ་གཏོར་བརླག་བཏང་སྟེ་མི་ཚོགས་དུམ་བུར་བཟོ་ཡི་ཡོད། གཤམ་དུ་ང་ཚོས་པེ་ཅིན་སྲིད་གཞུང་གིས་གནས་ཚུལ་རྫུན་མ་སྤེལ་བའི་སྐོར་གྱི་གནད་དོན་ཁག་དང་། སོ་སོ་རང་ཉིད་གསར་འགྱུར་རྫུན་མ་དེ་འདྲའི་གནོད་འཚེ་ཕོག་ཡུལ་མ་གྱུར་བའི་ཆེད་དུ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ངོས་ནས་བཏོན་པའི་འཐབ་བྱུས་ཁག་གི་སྐོར་ལ་གླེང་སློང་བྱེད་རྒྱུ་ཡིན། 

ང་།༽ ཨོ་སི་ཁྲོ་ལི་ཡའི་སྲིད་བློན་སི་ཁོ་ཁྲི མོ་རེ་སིན་ལགས་ཀྱིས། ཨོ་སི་ཁྲོ་ལི་ཡའི་རྒྱལ་ཁབ་ཀྱི་གཞུང་གི་སྒྲིག་འཛུགས་རིམ་པ་ཁག་དང་།  གཞུང་གི་ལས་ཁུངས་ཁག དེ་བཞིན་ཚོགས་པ་ཁག་དམིགས་འབེན་དུ་བཟུང་བའི། སྲིད་གཞུང་གང་རུང་གི་རྒྱབ་སྐྱོར་བྱས་པའི་དྲ་ཐོག་གི་འཇབ་རྒོལ་སྐོར་གླེང་སློང་བྱས་ཡོད། སྲིད་བློན་ཁོང་གིས་འཇབ་རྒོལ་དེ་གང་ནས་སླེབས་ཡོད་མེད་གསལ་ཁ་བཏོད་མེད་ཀྱང་། དབྱེ་ཞིབ་པ་ཚོས་རྒྱ་ནག་དང་། ཨུ་རུ་སུ། ཨེ་རན། བྱང་ཀོ་རི་ཡ་བཅས་ཁོ་ནར་འཇབ་རྒོལ་འདི་འདྲ་རྩོམ་པའི་འདུན་པ་དང་ནུས་པ་ཡོད་པའི་སྡོམ་ཚིག་བཀོད་ཡོད་ལ། དྲ་ཐོག་གི་འཇབ་རྒོལ་སྔོན་མ་ཁག་དང་འབྲེལ་བ་རྒྱུན་རིང་པོ་ཡོད་པའི་དྲ་རྒྱའི་བདེ་འཇགས་ཀྱི་ཉམས་ཞིབ་པ་ཚོས་འཇབ་རྒོལ་དེ་རྩོམ་མཁན་རྒྱ་ནག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། 

2. ཀུ་ཤུའི་མཉེན་ཆས་བཀག་སྡོམ་ལ་རྒོལ་བའི་༢༠༢༠་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོའི་དཔྱད་གླེང་ཚོགས་འདུ། 

འཛམ་གླིང་ནང་དུ་མི་ཚོས་ཡིད་ཆེས་ཆེས་མང་ཤོས་བྱེད་སའི་ཀུ་ཤུ་ཚན་རྩལ་བཟོ་ལས་ཁང་གིས། གསང་རྒྱ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པ་གཞུང་འབྲེལ་གྱི་ཐོག་ནས་བསྒྲགས་ཡོད་ཀྱང་། དོན་དངོས་ཐོག  ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་གི་ཆ་འཕྲིན་བཀག་སྡོམ་དང་གསང་མྱུལ་གྱི་ལས་གཞིར་ངན་པ་ལག་འབྲེལ་བྱས་ཡོད་དེ། རྒྱ་ནག་ནང་གི་ཀུ་ཤུའི་འཛད་སྤྱོད་པ་ཚོའི་གཞི་གྲངས་རྒྱ་ནག་ནང་དུ་གནས་སྤོར་བྱས་པ་དང་། རྒྱ་ནག་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་གསང་རྒྱ་ལྡན་པའི་བཀོལ་ཆས་རིགས་བཀག་སྡོམ་བྱས་པ་དེ་དག་གིས་རྒྱ་ནག་གཞུང་གི་དྲག་གནོན་ལ་རོགས་འདེགས་བྱས་ཡོད། 

ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་སྲིད་གཞུང་གི་རེ་སྐུལ་དང་ལེན་དང་། མཚམས་རེར་དང་བླངས་ཀྱི་ཐོག་ནས། རྒྱ་ནག་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་བཀོལ་ཆས་༣༠༠༠་ལྷག་བཀག་སྡོམ་བྱས་ཡོད་ལ། དེའི་ཁོངས་སུ་རྟོག་བཟོས་མི་སྒེར་དྲ་བ(VPN) ༡༠༠༠་ལྷག་ཡོད།  ཕྱི་ལོ་༢༠༡༩་ལོའི་ཟླ་༡༠་ནང་། ཀུ་ཤུ་བཟོ་ཚོང་ཁང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་ཧོང་ཀོང་ཐད་གཏོང་ས་ཁྲ་་(HKmap.live) ཟེར་བའི་བཀོལ་ཆས་དེ་མེད་པར་བཟོས་ཡོད། ས་ཁྲ་སྟོན་བྱེད་ཀྱི་བཀོལ་ཆས་དེ་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་བ་ཚོས་རང་ཉིད་སྲུང་སྐྱོབ་བྱེད་པའི་ཆེད་དུ་བཀོལ་ཡོད། ཕྱི་ལོ་༢༠༢༠་ལོའི་ཟླ་༣་ནང་།  རྒྱ་ནག་མི་སེར་ཚོས་རྒྱ་ནག་གི་དྲ་རྒྱའི་ལྕགས་རི་བརྒལ་ཆེད་དང་། ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་པའི་ཆེད་དུ་བཀོལ་སྤྱོད་བྱེད་བཞིན་པའི་གསང་སྡོམ་མཐེབ་གཞོང་གོང་སྤེལ་(Boom the Encryption Keyboard)ཟེར་བའི་བཀོལ་ཆས་དེ་ཡང་བཀག་སྡོམ་བྱས་ཡོད། དཔེ་མཚོན་འདི་དག་གིས། ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས་རྒྱ་ནག་སྲིད་གཞུང་གི་ཆ་འཕྲིན་བཀག་སྡོམ་དང་གསང་མྱུལ་གྱི་ལས་གཞི་ཁག་ལ་ཕྱར་གྲུ་མཉམ་འདེགས་བྱས་ཏེ། མི་སྒེར་གྱི་གསར་རྒྱ་དང་། ཆ་འཕྲིན་གྱི་རང་དབང་། གཏམ་བརྗོད་རང་དབང་སོགས་རྡོག་རོལ་གཏོང་དུ་འཇུག་གི་ཡོད་པ་གསལ་སྟོན་བྱས་ཡོད། 

ཕྱི་ལོ་༢༠༢༠་ལོའི་ཟླ་༦་པའི་ཚེས་༢༢་ཉིན། ཀུ་ཤུ་བཟོ་ཚོང་ཁང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་མཉེན་ཆས་གསར་སྤེལ་བྱེད་མཁན་ཚོའི་ལོ་འཁོར་ཚོགས་ཆེན་དེ་དྲ་ལམ་ནས་སྐོང་བའི་སྐབས་སུ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཀུ་ཤུའི་མཉེན་ཆས་བཀག་སྡོམ་ལ་རྒོལ་བའི་༢༠༢༠་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོའི་དྲ་ཐོག་གི་དཔྱད་གླེང་ཚོགས་འདུ་ཞིག་བསྐོངས་ཡོད། ཉིན་གཅིག་རིང་གི་དྲ་ལམ་གྱི་ལས་རིམ་དེའི་ཁོངས་སུ། འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནང་གི་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁེ་ལས་འགན་འཁྲིའི་ལས་འགུལ་བ། ཉམས་ཞིབ་པ། གསར་འགོད་པ། འཕྲུལ་རིག་ཆེད་མཁས་མི་སྣ་སོགས་ཡོད་པ་མ་ཟད། བོད་པ་དང་ཡུ་གུར་བ།་ཧོང་ཀོང་བ། དེ་བཞིན་ཀུ་ཤུ་བཟོ་ཚོང་ཁང་གི་བྱེད་ལས་ཀྱིས་ཤུགས་རྐྱེན་ཐེབས་སའི་མི་ཚང་མ་ཚུད་ཡོད། ད་དུང་མི་སེར་ཚོད་ལྟ་ཁང་(Citizen Lab)དང་། ང་ཚོ་འགའ་ཤས (SumOfUs)་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། (Human Rights Watch) མེ་གྱང་(GreatFire) ་ཚོགས་པ་བཅས་ཀྱི་གཏམ་བཤད་པའང་ཡོད། ཉིན་གསུམ་རིང་གི་དྲ་ལམ་གོ་བསྡུར་གྱི་ཁོངས་སུ། རྒྱ་ནག་ནང་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་བཀོལ་ཆས་ཁག་བཀག་སྡོམ་བྱས་པ་དང་། དེས་བཀོལ་ཆས་བཟོ་སྐྲུན་བྱེད་མཁན་དང་། རྒྱ་ནག་གི་དྲ་རྒྱའི་ལྕགས་རིའི་ནང་ལོགས་སུ་ཡོད་པའི་ཀུ་ཤུའི་མ་ལག་བཀོལ་སྤྱོད་བྱེད་མཁན་ཚོར་གནོད་པ་དང་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་མེད་སོགས་ཚུད་ཡོད། དེ་མ་ཚད། ཀུ་ཤུའི་ཆ་འཕྲིན་བཀག་སྡོམ་གྱི་ཤུགས་རྐྱེན་ཐེབས་སའི་ཁོངས་ཀྱི་སྒྱུ་རྩལ་པ་ཁག་ཅིག་གིས་སྔོན་འགྲོའི་རོལ་དབྱངས་འདུ་འཛོམས་ཤིག་ཀྱང་སྐོང་འཚོགས་གནང་སྟེ། སྲོལ་རྒྱུན་དང་དེང་རབས་ཀྱི་གླུ་གཞས་སྣ་ཚོགས་གཟིགས་འབུལ་ཞུས་ཡོད་ལ། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་གདུག་རྩུབ་ཀྱི་རེ་སྐུལ་ཁག་དང་ལེན་བྱས་པའི་ཤུགས་རྐྱེན་སྐོར་ལ་གྲོས་བསྡུར་བྱས་ཡོད། 

གོ་བསྡུར་གྱི་ལས་རིམ་དང་པོའི་བརྗོད་གཞི་ནི། རྒྱ་ནག་དང་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་ས་ཁུལ་ཁག་ནང་གི་ཆ་འཕྲིན་བཀག་སྡོམ་སྐོར་གྱི་འདས་པ་དང་ད་ལྟའི་སྐོར་ཡིན། ལམ་རིམ་དེ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་ལ། གོ་བསྡུར་གྱི་ལས་རིམ་དེའི་ཁྲོད་དུ། རྒྱ་ནག་གི་སྐོར་ལ་ཉམས་ཞིབ་བྱེད་མཁན་དང་། ཆེད་མཁས་པ། གསར་འགོད་པ། དེ་བཞིན་རྒྱ་ནག་གི་གནས་ཚུལ་བཀག་སྡོམ་གྱི་སྒྲོམ་གཞི་སྐོར་ལ་ལོ་མང་རིང་སློབ་སྦྱོང་དང་ཉམས་མྱོང་ཡོད་མཁན་གྱི་འཕྲུལ་རིག་ལག་རྩལ་ཆེད་མཁས་པ་སོགས།  ཤེས་ཡོན་གྱི་རྒྱབ་ལྗོངས་མི་འདྲ་བའི་མཁས་དབང་ཁག་ཅིག་གདན་ཞུ་གནང་ཡོད། ཁོང་ཚོས་ཆ་འཕྲིན་བཀག་སྡོམ་གྱི་ལོ་རྒྱུས་དང་དེའི་ཤུགས་རྐྱེན། དེ་བཞིན་སྐད་འཕྲིན་དང་། ཁྲིག་ཁྲོག  ཀུ་ཤུ་སོགས་དེང་དུས་ཀྱི་བཟོ་ལས་ཁང་དང་ཆ་འཕྲིན་གྱི་སྡིངས་ཆ་ཁག་གིས། རྒྱ་ནག་སྲིད་གཞུང་གི་ངོས་ནས་རྒྱལ་སྤྱིའི་གཏམ་བརྗོད་རང་དབང་གི་ཚད་གཞི་ལ་འགྱུར་བ་གཏོང་བར་ཤུགས་སྣོན་རྒྱག་བཞིན་པའི་ལས་ཀར་རམ་འདེགས་བྱེད་ཀྱི་ཡོད་པ་དེའི་ཤུགས་རྐྱེན་སྐོར་ལ་གླེང་སློང་བྱས་ཡོད། 

ལས་རིམ་འདིའི་ཁྲོད་ཀྱི་བརྗོད་དོན་གལ་ཆེན་ཞིག་ནི། གསར་འགོད་པ་སེམ་བྷེ་ཌིལ (Sam Biddle)ལགས་ཀྱིས་བར་གཅོད(Intercept) གསར་ཁང་གི་དྲ་ངོས་སུ་བཏོན་པའི་རྩོམ་ཡིག་གཞི་ལ་བཞག་སྟེ། ཁྲིག་ཁྲོག་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཆ་འཕྲིན་བཀག་སྡོམ་གྱི་བྱེད་ལས་ཁག་འཛམ་གླིང་ཡོངས་སུ་ཕྱིར་འདྲེན་བྱེད་ཀྱི་ཡོད་པའི་གནད་དོན་སྐོར་གོ་བསྡུར་བྱས་ཡོད། དེ་ཡང་ཁྲིག་ཁྲོག་བཀོལ་ཆས་ཀྱི་བདག་པོ་ནི་རྒྱ་ནག་གི་བཟོ་ལས་ཁང་བྷ་ཁྲི་སྒྲའང་སི (ByteDance)ཟེར་བ་དེ་ཡིན་པ་བཞིན། སེམ་བྷེ་ཌིལ་ལགས་ཀྱིས། ཁྲིག་ཁྲོག་བཀོལ་ཆས་ཀྱི་ནང་དུ་ཆབ་སྲིད་ཀྱི་བརྗོད་དོན་བཀག་སྡོམ་བྱེད་སྟངས་དེ།  འཛད་སྤྱོད་པས་རྒྱ་ནག་སྲིད་གཞུང་གི་ཆེ་མཐོང་ལ་གནོད་པའི་བསམ་ཚུལ་སྤེལ་བ་དང་། ཉེན་རྟོག་ལས་ཁུངས་ལྟ་བུའི་གཞུང་གི་སྒྲིག་འཛུགས་ཁག་གི་སྐོར་ལ་གླེང་བ་ཡིན་ན། དེ་དག་གཞུང་གིས་བཀག་སྡོམ་བྱེད་ཀྱི་ཡོད་པ་དེ་དང་འདྲ་བོ་ཡོད་པར་ངོས་འཛིན་བྱེད་ཀྱི་མེད་པའི་འགྲེལ་བརྗོད་གནང་ཡོད། དེ་མ་ཟད། ཁྲིག་ཁྲོག་ནང་གི་ཆ་འཕྲིན་གྱི་ནང་དོན་བཅོས་སྒྱུར་གཏོང་མཁན་གྱི་སྡེ་ཁག་གི་ངོས་ནས། རྒྱུན་ལྡན་མིན་པའི་གཟུགས་དབྱིབས་དང་། གདོང་དབྱིབས་མདོག་ཉེས་པོ། གཉེར་མ་མང་པོ། དབུལ་གྲོང་དང་གྲོང་གསེབ་ཀྱི་ཞིང་ཁ། རྙིང་ཧྲུལ་དུ་གྱུར་བའི་ཁང་པ་སོགས་མི་མཐོང་བ་བཟོ་བའི་རྩ་འཛིན་ལམ་སྟོན་ཁག་བརྒྱུད་དེ། བཀོལ་ཆས་འཛད་སྤྱོད་པ་ཚོ་འབུར་འཇོམས་བྱེད་ཀྱི་ཡོད་པ་དེ་ལ་སེམ་བྷེ་ཌིལ་ལགས་ཀྱིས་ཁྲིག་ཁྲོག་ནང་གི་མི་མངོན་པའི་གསང་སྡོམ་བྱེད་ལུགས་ཅེས་འགྲེལ་བརྗོད་བྱས་ཡོད། གལ་ཡིན་ཞེ་ན། མིག་ལ་མཛེས་པོ་མེད་པའི་བརྙན་ཐུང་རིགས་ཁྲིག་ཁྲོག་བཀོལ་ཆས་ནང་མཐའ་གཅིག་ཏུ་བཀག་འགོག་བྱེད་ཀྱི་མེད་རུང་། དེ་མི་གཞན་གྱིས་གཏན་ནས་མཐོང་མ་ཐུབ་པ་བཟོ་ཡི་ཡོད། དེས་རྒྱ་ནག་སྒེར་འཛིན་སྲིད་གཞུང་གི་ངོས་ནས་སྨྲ་བརྗོད་རང་དབང་དམ་དྲག་བྱེད་ཀྱི་ཡོད་པའི་ལས་གཞི་ཁག ད་ཆ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་འགོ་བཙུགས་ཡོད་པའི་དཔེ་མཚོན་གསར་ཤོས་ཤིག་ཡིན། 

གོ་བསྡུར་གྱི་ལམ་རིམ་གཉིས་པའི་བརྗོད་གཞི་ནི། ཀུ་ཤུ་བཟོ་ཚོང་ཁང་དང་སྨྲ་བརྗོད་རང་དབང་། རྒྱ་ནག་དང་བོད། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་གི་དྲང་བདེན་མིན་པའི་རྩ་འཛིན་སྐོར་ཡིན། ཉེ་ལམ་ཀུ་ཤུ་བཟོ་ཚོང་ཁང་གི་འགན་འཛིན་ཁྲིམ་ཁོ་ཁིག་ལགས་ཀྱིས། ཀུ་ཤུ་བཟོ་ཚོང་ཁང་གི་ལས་བྱེད་ཅིག་ལ་བཏང་བའི་ཡི་གེ་ཞིག་གི་ནང་དུ། ང་ཚོས་དབུགས་འབྱིན་ཐེངས་རེར། མི་ཚང་མར་སྔར་ལས་བཟང་ཞིང་། དྲང་བདེན་ཡིན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་དམ་བཅའ་འཇོག་དགོས་ཞེས་བྲིས་ཡོད། འོན་ཀྱང་། རྒྱ་ནག་སྲིད་གཞུང་ལ་ཐུག་དུས་མི་ཚང་མ་ཟེར་བའི་ཐ་སྙད་དེས་དོན་དངོས་ཐོག་མི་ཚང་མ་མཚོན་གྱི་མེད།  དྲང་མོར་བརྗོད་ན།  ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་སྲིད་གཞུང་གི་ཁྲིམས་སྒྲིག་འོག་ཏུ་མགོ་གཉིས་འཁྲབས་ཏེ། རྒྱ་ནག་གི་ས་ཁོངས་ཀྱི་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོའི་ཐོག་ཏུ་དྲང་བདེན་མིན་པའི་རྩ་འཛིན་ལག་བསྟར་བྱེད་ཀྱི་ཡོད། གོ་བསྡུར་གྱི་ལེ་ཚན་ནང་མཉམ་ཞུགས་བྱེད་མཁན་ཚོས། ཀུ་ཤུ་བཟོ་ཚོང་ཁང་གིས་སྲིད་གཞུང་གི་དགོས་འདུན་ཁག་ལ་གདམ་གསེས་རང་བཞིན་གྱི་ཐོག་ནས་གདོང་ལེན་བྱེད་ཀྱི་ཡོད་པའི་གནད་དོན་སྐོར་ལ་གླེང་སློང་བྱས་ཡོད། དཔེར་ན། ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱིས(FBI) ཉེས་ཅན་པའི་ཀུ་ཤུ་ཁ་པར་ནང་འཛུལ་དགོས་པའི་དགོས་འདུན་འདོན་པའི་སྐབས་སུ། ཀུ་ཤུ་བཟོ་ཚོང་ཁང་གིས་མི་སྒེར་གྱི་གསང་རྒྱའི་གནད་དོན་ལ་མནོ་བསམ་བཞེས་པའི་ཐོག་ནས། ཨ་རིའི་གཞུང་གི་རེ་སྐུལ་དང་ལེན་གནང་མེད།  དེ་ལས་ལྡོག་སྟེ། རྒྱ་ནག་སྲིད་གཞུང་ལ་ཐུག་དུས། ཀུ་ཤུ་བཟོ་ཚོང་ཁང་གིས་དུས་ནས་དུས་སུ་དམར་ཤོག་གཞུང་གི་དགོས་འདུན་ཁག་དང་ལེན་བྱེད་ཀྱི་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་གིས་མཐོང་འདོད་མེད་པའི་རྟོག་བཟོས་མི་སྒེར་དྲ་བའི་(VPN) བཀོལ་ཆས་རིགས་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་མེད་པར་བཟོས་ཡོད་པ་དེས་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོ་ཉེན་ཁའི་གནས་སུ་བསྐྱལ་ཡོད། གནས་ཚུལ་འདི་དག་དངོས་ཡོད་ཡིན་ལ། ལྷག་པར་དུ། ཕྱི་ལོ་༢༠༡༧་ལོར། རྒྱ་ནག་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་ཀུ་ཤུ་ཡོ་ཆས་འཛད་སྤྱོད་པ་ཚོའི་སྤྲིན་མཛོད་ཀྱི་གཞི་གྲངས་རྒྱ་ནག་ལ་གནས་སྤོར་བྱས་པ་དེས། རྒྱ་ནག་སྲིད་གཞུང་ལ་ཀུ་ཤུ་ཡོ་ཆས་འཛད་སྤྱོད་པ་ཚོའི་གནས་ཚུལ་དང་གཞི་གྲངས་ཁག་ལས་སླ་པོའི་ཐོག་ནས་རག་ཐུབ་པ་བཟོས་ཡོད། 

འཛམ་གླིང་ནང་གི་འཕྲུལ་རིག་ཚན་རྩལ་བཟོ་ལས་ཁང་ཆེ་ཤོས་ཀྱི་གྲས་སུ་ཡོད་པའི་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་སྲིད་གཞུང་གི་བཀའ་བརྩི་དང་ལེན་བྱས་ཏེ། ཀུ་ཤུའི་བིམ་མཛོད་ནང་གི་བཀོལ་ཆས་མང་དག་ཅིག་བཀག་སྡོམ་བྱས་པ་དེས། བོད་པ་དང་། ཡུ་གུར་བ། རྒྱ་རིགས། ཧོང་ཀོང་བ་སོགས་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་མི་གྲངས་ས་ཡ་མང་པོའི་མི་ཚེར་ཤུགས་རྐྱེན་སྤྲད་ཡོད་ལ། གོ་བསྡུར་གྱི་ལེ་ཚན་འདིའི་ནང་དུ་ཚོགས་སྡེ་དེ་དག་ཡོངས་རྫོགས་ཀྱི་འཐུས་ཚབ་མི་སྣ་འདུས་ཡོད། གོ་བསྡུར་བྱེད་མཁན་ཚོས། འགྲོ་བ་མིའི་རིགས་ཡོངས་དང་། ལྷག་པར་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་འོག་ཏུ་འཚོ་བཞིན་པའི་མི་རྣམས་ཀྱི་འཕྲུལ་ཆས་ཀྱི་གསང་རྒྱ་སྲུང་ཐུབ་པའི་ཆེད་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་སྨྲ་བརྗོད་རང་དབང་དང་གསང་རྒྱའི་གནད་དོན་གྱི་ཐོག་ཏུ་བཞག་པའི་སོ་སོའི་དམ་བཅའ་བརྟན་སྲུང་དང་འགན་འཁྲི་དང་ལེན་བྱེད་དགོས་སྐོར་གྱི་གནད་དོན་ཁག་གླེང་སློང་བྱས་ཡོད། གོ་བསྡུར་གྱི་བརྗོད་གཞིའི་ཁོངས་སུ། ད་དུང་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པའི་སྐབས་སུ་འཛིན་བཟུང་བྱས་པའི་གྱོད་དོན་གྱི་རིགས། དཔེར་ན། བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། བོད་སྐད་ཡིག་སྲུང་སྐྱོབ་ཀྱི་གནས་བབ་ཉམས་རྒུད་ཕྱིན་པའི་སྐོར་ལ་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ཐོག་བསམ་ཚུལ་སྤེལ་དུས་འཛིན་བཟུང་བྱས་པའི་གནད་དོན་གྱི་རིགས་གླེང་སློང་བྱས་ཡོད། དེ་མ་ཟད། གོ་བསྡུར་ནང་མཉམ་ཞུགས་བྱེད་མཁན་ཚོས། ཕྱི་ལོ་༢༠༢༠་ལོའི་ཟླ་༢་ནང་གི་ཀུ་ཤུའི་མ་རྐང་བདག་པོ་ཚོའི་འོས་འཕེན་གྱི་ལས་འགུལ་དེའི་སྐོར་བསྐྱར་དུ་གླེང་ཡོད། གོ་བསྡུར་ལས་རིམ་ནང་མཉམ་ཞུགས་བྱེད་མཁན་ཁོངས་ཀྱི་མི་ཁ་ཤས་ཀྱིས། ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས་སྨྲ་བརྗོད་རང་དབང་སྐོར་གྱི་སྲིད་བྱུས་དང་། རྒྱ་ནག་གི་ཀུ་ཤུ་བིམ་མཛོད་ནས་བཀོལ་ཆས་བཀག་སྡོམ་བྱས་པའི་སྐོར་གྱི་གནས་ཚུལ་ཁག་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཀུ་ཤུའི་མ་རྐང་བདག་པོ་ཚོར་གསལ་འགྲེལ་བྱེད་དགོས་པའི་རེ་སྐུལ་བཏོན་ཡོད། འོས་འཕེན་གྱི་ལས་འགུལ་དེར་ཀུ་ཤུའི་མ་རྐང་བདག་པོའི་བརྒྱ་ཆ་༤༠.༦%རྒྱབ་སྐྱོར་མ་གཏོགས་ཐོབ་མེད་པས། ཁྲིམས་ཀྱི་ངོ་བོར་འགྱུར་ཐུབ་མེད་ལ། དེའི་རྐྱེན་གྱིས་ཀུ་ཤུ་བཟོ་ཚོང་ཁང་གིས་དེའི་སྐོར་ལ་འགྲེལ་བཤད་རྒྱག་དགོས་བྱུང་མེད། འོན་ཀྱང་།  དེས་ཀུ་ཤུ་མ་རྐང་བདག་པོ་ཚོར། ཀུ་ཤུ་བཟོ་ཚོང་ཁང་ལ་ཡོད་པའི་འགན་འཁྲི་ཁག་དང་ལེན་བྱེད་དུ་འཇུག་རྒྱུའི་འདུན་པ་ཆེན་པོ་ཡོད་པ་གསལ་སྟོན་བྱས་ཡོད་པ་གོ་བསྡུར་ལེ་ཚན་ནང་མཉམ་ཞུགས་བྱེད་མཁན་ཚོས་གཅིག་མཐུན་གྱི་ཐོག་ནས་ཁས་ལེན་གནང་ཡོད་ལ། རྗེས་ཕྱོགས་མུ་མཐུད་ནས་ཀུ་ཤུ་བཟོ་ཚོང་ཁང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་དུ་འཇུག་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད། 

གོ་བསྡུར་གྱི་ལམ་རིམ་གསུམ་པའི་བརྗོད་གཞི་ནི། ཀུ་ཤུའི་བཀོལ་ཆས་འདོན་སྤེལ་དང་བཀག་སྡོམ་སྐོར་ཡིན། གོ་བསྡུར་གྱི་ལས་རིམ་འདིའི་ནང་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་དང་། གྷར་ཌིན་ལས་འཆར།(Guardian Project) མེ་གྱང་(GreatFire) ཚོགས་པ། བོད་པའི་བཀོལ་ཆས་བཟོ་མཁན། ཧོང་ཀོང་ཐད་གཏོང་ས་ཁྲ་(HKmap.live)་བཀོལ་ཆས་(ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་འདི་ཉེ་ལམ་གྱི་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་གྱི་སྐབས་སུ། འཛམ་གླིང་ཁྱོན་ཡོངས་ཀྱི་ཀུ་ཤུའི་བིམ་མཛོད་ནས་བཀག་སྡོམ་བྱས་པའི་གནས་ཚུལ་དེ། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཚ་ཚ་འུར་འུར་ངང་སྤེལ་ཡོད་པ་དང་། ཨ་རིའི་གཞུང་གི་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀུ་ཤུ་བཟོ་ཚོང་ལ་སྐྱོན་བརྗོད་ཀྱི་ཡི་གེ་ནན་པོ་ཞིག་བཏང་ཡོད།)བཟོ་མཁན་སོགས་འཕྲུལ་རིག་ལས་རྩལ་ཆེད་མཁས་པ་དང་རང་དབང་འཐབ་རྩོད་པ་འགའ་ཤས་མཉམ་ཞུགས་གནང་ཡོད། གོ་བསྡུར་ནང་མཉམ་ཞུགས་བྱེད་མཁན་གྱི་ཆེད་མཁས་པ་ཚོས། ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས་རྒྱ་ནག་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་བཀོལ་ཆས་བཀག་སྡོམ་བྱས་པ་དེས་མི་ཚོར་ཁུངས་ལྡན་གྱི་གནས་ཚུལ་རག་པར་དཀའ་ངལ་བཟོས་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་བཟོས་ཡོད་ཚུལ་ནན་བརྗོད་བྱས་ཡོད། ཁོང་ཚོས་གསང་ཨང(Code)་ནི་སྨྲ་བརྗོད་རང་དབང་ཡིན་པར་བརྗོད་ཡོད་པ་མ་ཟད། ཀུ་ཤུའི་བིམ་མཛོད་ནང་དུ་བཀོལ་ཆས་འདོན་སྤེལ་བྱེད་དུས། ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་ཀྱི་མ་ལག་བོད་ཡིག་ནང་ཡོད་པར་ཁག་འཇོག་བྱས་ཏེ་བཀག་སྡོམ་བྱས་པའི་སྐོར་གྱི་རང་རང་གི་ཉམས་མྱོང་གླེང་ཡོད།  བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་མེ་གྱང་ཚོགས་པ་དང་མཉམ་དུ་ཉམས་ཞིབ་བྱེད་པའི་སྐབས་སུ། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱུ་མཚན་དང་འགྲེལ་བཤད་ཁ་གསལ་གང་ཡང་མེད་པའི་ཐོག་ནས། བོད་པའི་བཀོལ་ཆས་གྲངས་༢༩་ཙམ་ཞིག་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས་བཀག་སྡོམ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད།  རྩ་བའི་ཆ་ནས། ཀུ་ཤུ་བཟོ་ཚོང་ཁང་གི་ཁ་གསལ་སྙན་ཐོའི་ཁོངས་སུ། བཀག་སྡོམ་བྱས་པའི་བཀོལ་ཆས་རིགས་ཁྲིམས་འགལ་རྒྱན་འཇོག་དང་ཆགས་སྲེད་རིགས་ཁོ་ན་ཡིན་པ་གསལ་སྟོན་བྱས་ཡོད། འོན་ཀྱང་། དོན་དངོས་ཐོག  བཀག་སྡོམ་བྱས་པའི་བཀོལ་ཆས་མང་པོ་ཞིག་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པའི་རྟོག་བཟོས་མི་སྒེར་དྲ་བའི(VPN) བཀོལ་ཆས་དང་། བོད་པ་དང་འབྲེལ་བའི་བཀོལ་ཆས་ཁག་ཆགས་ཀྱི་ཡོད།  གོ་བསྡུར་ནང་མཉམ་ཞུགས་བྱེད་མཁན་གྱི་ཆེད་མཁས་པ་ཚོས། རྒྱ་ནག་སྲིད་གཞུང་དང་ཀུ་ཤུའི་བཟོ་ཚོང་ཁང་གཉིས་ཀྱིས་བཀོལ་ཆས་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་སྟངས་ཀྱི་ཁྲོད་དུ། རང་ཉིད་ཀྱི་བཀོལ་ཆས་ཇི་ལྟར་འདོན་སྤེལ་བྱེད་དགོས་ཀྱི་ཡོད་མེད་སྐོར་ལ་བསམ་ཚུལ་སྣ་ཚོགས་སྤུངས་ཡོད། 

དྲ་ལམ་ཐད་གཏོང་གི་ལེ་ཚན་ཁག་ཕུད། ང་ཚོས་ཡོངས་ཁྱབ་མ་ཡིན་པའི་ཁེ་གཙང་གི་གྲོས་བསྡུར་རིམ་པ་(hackathon)གཉིས་ཀྱང་བཀོད་སྒྲིག་གནང་ཡོད། གྲོས་བསྡུར་དེའི་ཁོངས་སུ། ཉམས་ཞིབ་པ་དང་། བཀོལ་ཆས་བཟོ་སྐྲུན་མཁན། ལས་འགུལ་བ། འཕྲུལ་རིག་ལགརྩལ་ཆེད་མཁས་པ་༡༥་ཙམ་འདུས་ཡོད། ཧེ་ཁ་ཐོན(hackathon) ནི། འཕྲུལ་རིག་ལག་རྩལ་ཆེད་མཁས་པ་ཚོས་འཕྲུལ་རིག་དང་འབྲེལ་བའི་དྲི་བ་ཞིག་གི་དྲིས་ལན་འཚོལ་འདོད་ཡོད་རུང་། གནས་སྐབས་རིང་དྲིས་ལན་ཤེས་ཀྱི་མེད་ཚེ། དྲི་བ་དེའི་སྐོར་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་བཀོལ་བའི་ལག་ཆ་ཞིག་ཡིན། གནས་སྟངས་འདིའི་ཁྲོད་དུ། དྲི་གཞིའི་དམིགས་ཁ་གཏོད་ས་དེ་ཀུ་ཤུ་བཟོ་ཚོང་ཁང་གི་བོད་དང་རྒྱ་ནག་ནང་གི་བྱེད་ལས་ཀྱི་སྐོར་ཡིན། 

          ལས་རིམ་དང་པོའི་ནང་དུ། ཀུ་ཤུའི་སྤྲིན་མཛོད(Icloud)་དམིགས་སུ་བཟུང་ཡོད། གང་ཡིན་ཞེ་ན། ཕྱི་ལོ་༢༠༡༨་ནས་བཟུང་། ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུའི་སྤྲིན་མཛོད་ཀྱི་བྱེད་ལས་ཁག སྤྲིན་མཛོད་གསང་སྡོམ་གྱི་ལྡེ་མིག་དང་མཉམ་དུ། རྒྱ་ནག་གི་ཀོས་ཀྲུག་སྤྲིན་མཛོད་གཞི་གྲངས་ཆེན་པོའི་ལག་ཏུ་རྩིས་སྤྲོད་བྱས་ཡོད། དེར་བརྟེན། སྤྲིན་མཛོད་བཀག་སྡོམ་གྱི་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད་མེད་དང་། བོད་དང་རྒྱ་ནག་ནང་དུ་གསང་མྱུལ་དང་ཆ་འཕྲིན་བཀག་སྡོམ་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར་ལ་གོ་བསྡུར་གནང་ཡོད། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས། བཀོལ་ཆས་སྟོང་ཕྲག་མང་པོ་བཀག་སྡོམ་བྱས་ཡོད་པར་བརྟེན། ལས་རིམ་གཉིས་པ་དེའི་ནང་དུ། ཀུ་ཤུ་བཟོ་ཚོང་ཁང་གི་བིམ་མཛོད་ནང་གི་བཀོལ་ཆས་བཀག་སྡོམ་གྱི་གནད་དོན་སྐོར་གཙིགས་སུ་བཟུང་ཡོད། གོ་བསྡུར་གྱི་སྐབས་སུ། མཉམ་ཞུགས་པ་ཚོས། རྒྱ་ནག་གི་ཀུ་ཤུའི་བིམ་མཛོད་ཀྱི་ཁོངས་ནས། Viber དང་། Line བཀོལ་ཆས། དེ་བཞིན་Wire་སོགས་བཀག་སྡོམ་བྱས་ཡོད་པ་གང་ཞིག་ལ། བརྡ་རྟགས་བཀོལ་ཆས་བཀག་སྡོམ་བྱས་མེད་པའི་གནད་དོན་སྐོར་ལ་དྲི་བ་བཏོན་ཡོད། སྤྱི་ཡོངས་ཀྱི་ཐོག་ནས་ལས་རིམ་དེ་བག་ཆགས་ཟབ་ཅིང་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད། 

འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ཀྱི་ནང་དུ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་ཚོགས་སྡེ་གཞན་པ་དང་། དེ་བཞིན་ཁེ་གཙང་གི་ཚོགས་འདུའི་ཁྲོད་དུ་མཉམ་ཞུགས་བྱེད་མཁན་རྣམས་དང་ལྷན་དུ། གྲོས་བསྡུར་གྱི་ལས་རིམ་ཁྲོད་ནས་བྱུང་བའི་བསམ་ཚུལ་གསར་པའི་རིགས་ཀྱི་ཐོག་ཏུ་ལས་གཞི་བརྩམ་རྒྱུ་ཡིན། དཔེར་ན། ཕྱི་ལོ་༢༠༡༦་ལོའི་རྗེས་ཀྱི་ཀུ་ཤུའི་བཟོ་ཚོང་ཁང་གི་ཕྱི་གསལ་ནང་གསལ་གྱི་གཞི་གྲངས་གྱི་སྐོར་ལ་ཉམས་ཞིབ་དང་དབྱེ་ཞིབ་བྱས་པ་བརྒྱུད་དེ། ཀུ་ཤུའི་བཟོ་ཚོང་ཁང་དེ་ཕྱི་གསལ་ནང་གསལ་ཡོང་བའི་ཐད་དུ་ལས་འགུལ་སྤེལ་རྒྱུ་ཡིན་ལ། ཀུ་ཤུའི་བཟོ་ཚོང་ཁང་གིས་བཀོལ་ཆས་རིགས་བཀག་སྡོམ་བྱེད་དགོས་པའི་རྩ་བ་གང་ལ་ཐུག་ཡོད་མེད་འཚོལ་ཞིབ་མཐིལ་ཕྱིན་པ་ཞིག་བྱེད་རྒྱུ་ཡིན། 

ད་དུང་། དེ་མ་ཟད། ང་ཚོས་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་ཀུ་ཤུ་ཁ་པར་ནང་གི་གཟུགས་མཐོང་གླེང་མོལ་བཀོལ་ཆས(iMessage) བརྡ་རྟགས་(Signal)བཀོལ་ཆས་སོགས་བོད་དང་རྒྱ་ནག་ནང་དུ་ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད་མེད་ཞིབ་ཕྲ་ཧ་གོ་ཐུབ་པ་བྱེད་པའི་འབད་བརྩོན་བྱེད་རྒྱུ་ཡིན། ཚོགས་པ་གཞན་དག་དང་མཉམ་འབྲེལ་བྱེད་པའི་ལས་གཞི་འདི་ལ། རྒྱ་ནག་ནང་གི་ཀུ་ཤུའི་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོར་སྨྲ་བརྗོད་རང་དབང་དང་། དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་ཐུབ་པར་ཞབས་འདེགས་བསྒྲུབ་པའི་ནུས་པ་ལྡན་ངེས་པའི་ཡིད་ཆེས་དང་དགའ་སྤོབས་སྐྱེས་ཀྱི་ཡོད། 

ཀུ་ཤུའི་མཉེན་ཆས་བཀག་སྡོམ་ལ་རྒོལ་བའི༢༠༢༠་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་མཉེན་ཆས་བཟོ་སྐྲུན་བྱེད་མཁན་ཚོའི་དྲ་ཐོག་གི་དཔྱད་གླེང་ཚོགས་འདུ་དེ་སེམས་ཤུགས་འཕེལ་བའི་འདུ་འཛོམས་ཤིག་ཆགས་ཡོད། གང་ཡིན་ཞེ་ན། འདུ་འཛོམས་དེའི་ཁྲོད་དུ། རྒྱ་ནག་གི་ཆ་འཕྲིན་བཀག་སྡོམ་ལ་རམ་འདེགས་བྱེད་བཞིན་པའི་ཀུ་ཤུ་བཟོ་ཚོང་ཁང་གི་ལས་གཞི་ལ་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་ཁག  ཀུ་ཤུའི་བཀོལ་ཆས་བཀག་སྡོམ་མཚམས་འཇོག་( #StopAppleCensorship) ཟེར་བའི་མཉམ་རུབ་ཀྱི་ལས་འགུལ་དེའི་ཁྲོད་དུ་བསྐོངས་ཐུབ་ཡོད་ལ།  དུས་མཚུངས་སུ། འཛམ་གླིང་ཡོངས་ཁྱབ་ཀྱི་སྨྲ་བརྗོད་རང་དབང་གི་ཚད་གཞི་ལ་འགྱུར་བ་གཏོང་བར་འབད་རྩོལ་བྱེད་བཞིན་པའི་རྒྱ་ནག་གཞུང་གི་བྱེད་ལས་ཁག་མུ་མཐུད་ནས་བཀག་འགོག་བྱེད་མཁན་གྱི་མཐུན་གྲོགས་གསར་པ་བསྒྲིག་ཡོད་ལ། དེ་འབྲེལ་གྱི་དགོངས་ཚུལ་གསར་པ་ཡང་མང་པོ་བསྡུ་སྐོང་བྱེད་ཐུབ་ཡོད། ཟླ་བ་འདིའི་ནང་དུ། མཉམ་རུབ་ཀྱི་ཚོགས་པའི་ལས་འགུལ་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་དེ། ཀུ་ཤུ་བཟོ་ཚོང་ཁང་གིས་གཞུང་འབྲེལ་གྱི་ཐོག་ནས། ཆ་འཕྲིན་གྱི་རང་དབང་དང་། གཏམ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཡིན་པར་ཁས་ལེན་དང་བརྩི་བཀུར་གནང་རྒྱུའི་དམ་བཅའ་བཞག་སྟེ།(ལས་འགུལ་གྱི་དམིགས་ཡུལ་གཅིག་ཡིན།) ཐེངས་དང་པོར་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ཡོངས་ཁྱབ་ཀྱི་ཐོག་ནས་ཁྱབ་སྤེལ་གནང་ཡོད། གྲུབ་འབྲས་འདི་ནི།  བོད་དོན་ལས་འགུལ་བསྟི་གནས་ཁང་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། འཛམ་གླིང་ཡུ་གུར་མཐུན་ཚོགས། ང་ཚོ་འགའ་ཤས (SumOfUs)་ཚོགས་པ་བཅས་ཀྱིས་མཉམ་རུབ་ཐོག་ཀུ་ཤུ་བཟོ་ཚོང་ཁང་ལ་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་བྱུང་ཡོད། འདི་ནི་གལ་འགངས་ཆེ་བའི་མདུན་སྐྱོད་ཀྱི་གོམ་པ་དང་པོ་དེ་ཡིན་པས།  སྲིད་བྱུས་དེ་ཤོག་བུ་ངོས་སུ་ལྷག་ཏུ་མ་བཅུག་པར། བོད་ཐེ་བའི་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་མི་མང་རྣམས་ཀྱི་མི་ཚེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བསྐྲུན་ཐུབ་པ་བཟོ་བའི་ཆེད་དུ། མཉམ་རུབ་ཀྱི་ཚོགས་པ་ཁག་གིས་གཟབ་ནན་གྱི་ཐོག་ནས་སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་མེད་སོ་ལྟ་བྱས་ཏེ། ཀུ་ཤུ་བཟོ་ཚོང་ལ་མུ་མཐུད་ནས་གནོན་ཤུགས་སྤྲོད་ངེས་ཡིན། གནོན་ཤུགས་སྤྲོད་པའི་ལས་ཀའི་ཁོངས་སུ། ཀུ་ཤུ་བཟོ་ཚོང་ཁང་གི་འགན་འཛིན་ལྷན་ཚོགས་དང་ཐད་ཀར་གྲོས་མོལ་བྱེད་པ་ཡང་ཚུད་ཡོད་ལ། གྲོས་མོལ་གྱི་ལམ་ཁ་དེར་དངོས་སུ་བསྐྱོད་འགོ་བཙུགས་ཡོད། 

3.ཨ་རི་དང་རྒྱ་གར་ནང་དུ་བཀོལ་ཆས་བཀག་སྡོམ།

3.1 བཀོལ་ཆས་བཀག་སྡོམ་སྤྱི་བཤད།

ཁྱེད་རང་གི་ཡོ་ཆས་ཁག་དྲ་རྒྱ་ལ་མཐུད་པ་ནི། ཁྱེད་རང་གི་གཞུང་སྒེར་གཉིས་ཀྱི་ལས་དོན་དང་འབྲེལ་བའི་བདེ་འཇགས་དང་གསང་རྒྱར། གཞན་གྱིས་འཇབ་རྒོལ་དང་གསང་མྱུལ་བརྒྱུད་དེ་དོ་ཕོག་གཏོང་སའི་ལམ་ཁ་ཞིག་བསྐྲུན་པར་ངོས་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། ཁྱེད་རང་གིས་ཡིད་ཆེས་བཅོལ་ས་དང་། ཁྱེད་རང་སྒེར་གྱི་ཡིག་ཆའི་རིགས་ཉར་ཚགས་དང་། གཏོང་ལེན་བྱེད་སའི་བཀོལ་ཆས་དེ་དག་གཅིག་བྱས་ན་ཡིད་ཆེས་བློ་འགེལ་བྱེད་རུང་བ་ཞིག་མིན་ཀྱང་སྲིད། དཔེར་ན།  བཀོལ་ཆས་ཁ་ཤས་ཀྱིས་དྲ་བའི་ཞབས་ཞུ་བརྒྱུད་དེ། ཁྱེད་རང་ལ་སོ་ལྟ་དང་། མགོ་སྐོར། དེ་བཞིན་ཁྱེད་རང་གི་གཞི་གྲངས་རིགས་ཁོང་ཚོའི་ཁེ་ཕན་ཆེད་དུ་བཀོལ་སྤྱོད་བྱེད་ཐུབ། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུས་སྲིད་གཞུང་གིས། སྤྱི་ཚོགས་འབྲེལ་མཐུད་ཁག་གིས་མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ལ་དོ་ཕོག་བཟོ་ཡི་ཡོད་པའི་གནད་དོན་གླེང་སློང་དང་། སོ་སོའི་རྒྱལ་ཁབ་དེ་འཕྲུལ་རིག་ངོས་ཐད་ནས་བདེ་འཇགས་ལྡན་པའི་རྒྱལ་ཁབ་ཞིག་བཟོ་ཐུབ་པའི་ཆེད་དུ། མི་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་གནད་དོན་ཁག་གཙིགས་ཆེན་དུ་འཛིན་གྱི་ཡོད། 

དཔེ་མཚོན་ཞིག་བཀོད་ན།  ཕྱི་ལོ་༢༠༢༠་ལོའི་ཟླ་༦་ནང་དུ། རྒྱ་གར་གཞུང་གིས་རྒྱ་ནག་གི་བཀོལ་ཆས་༢༢༤་བཀག་སྡོམ་བྱས་ཡོད། (བཀག་སྡོམ་རིམ་པ་དང་པོའི་ནང་དུ། བཀོལ་ཆས་༥༩་བཀག་སྡོམ་བྱས། རིམ་པ་གཉིས་པའི་ནང་དུ། བཀོལ་ཆས་༤༧་བཀག་སྡོམ་བྱས། ཉེ་ལམ་ཟླ་༩་པའི་ནང་དུ། བཀོལ་ཆས་༡༡༨་བཀག་སྡོམ་བྱས།)བཀོལ་ཆས་བཀག་སྡོམ་དེ་མི་སྒེར་གྱི་གསང་རྒྱའི་ཉེན་ཁ་ལ་གཞིགས་ཏེ་ཐག་གཅོད་བྱས་ཡོད་རུང་། ད་ལོའི་ཟླ་༦་པའི་ནང་གི་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་ཀྱི་རྩོད་རྙོག་དེས་རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་བཀོལ་ཆས་བཀག་སྡོམ་བྱེད་པའི་གཞི་རྩའི་རྐྱེན་བསླངས་ཡོད། རྒྱ་གར་གཞུང་གིས། ༢༠༠༠་ལོའི་ཆ་འཕྲིན་ལག་རྩལ་གྱི་ཁྲིམས་ཡིག་གི་སྡེ་ཚན་༦༩A ཁྱབ་ཁོངས་ནས་བཀོལ་ཆས་དེ་དག་བཀག་སྡོམ་བྱས་ཡོད་པ་དང་། བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་ནི། བཀོལ་ཆས་དེ་དག་གིས་རྒྱ་གར་རྒྱལ་ཁབ་ཀྱི་རང་བཙན་གྱི་བདག་དབང་དང་། རྒྱལ་སྲུང་བདེ་འཇགས། སྤྱི་པའི་སྒྲིག་ལམ་བཅས་ལ་དོ་ཕོག་བཟོ་བའི་བྱེད་ལས་བརྩམས་ཡོད་ཅེས་རྒྱ་གར་གཞུང་གིས་མགྲིན་ཚབ་པས་བརྗོད་ཡོད། ཕྱི་ལོ་༢༠༡༧་ནས་བཟུང་། གསང་བའི་ལས་ཁུངས་ཀྱི་ངོས་ནས་བཏོན་པའི་སྙན་ཐོ་ཁ་ཤས་ཤིག་རྒྱ་གར་གཞུང་གི་ལག་ཏུ་འབྱོར་ཡོད་ལ། སྙན་ཐོ་དེ་དག་གི་ནང་དུ། བཀོལ་ཆས་བྱེ་བྲག་པ་ཁག་ཅིག་གསང་མྱུལ་གྱི་མཉེན་ཆས་ཡིན་པ་དང་། བཀོལ་ཆས་དེ་དག་གིས་མི་སྒེར་གྱི་གཞི་གྲངས་རྐུ་འཁྱེར་བྱས་ཤིང་། དེ་དག་གསང་བའི་སྒོ་ནས་བཀོལ་སྤྱོད་ལོག་པ་བཏང་སྟེ། གཞུང་གི་ཆོག་མཆན་མེད་པར་རྒྱ་གར་རྒྱལ་ཁབ་ཕྱི་ལོགས་ཀྱི་དྲ་བའི་ཞབས་ཞུ་མཛོད་དུ་གཏོང་གི་ཡོད་པ་གསལ་ཡོད། ཁྲིག་ཁྲོག་དང་སྐད་འཕྲིན། ཕ་ཕུ་ཇི( PUBG mobile)་བཅས་ནི་རྒྱ་གར་གཞུང་གིས་བཀག་སྡོམ་བྱས་པའི་བཀོལ་ཆས་ཁག་གི་ཐོ་གཞུང་གི་ཁོངས་ནས་ཆེས་གྲགས་ཆེ་བའི་རྒྱ་ནག་གི་བཀོལ་ཆས་ཁག་ཅིག་ཆགས་ཡོད།  ད་ལོར་རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་བཀོལ་ཆས་ཁག་བཀག་སྡོམ་མ་བྱས་པའི་སྔོན་ཏེ། ཕྱི་ལོ་༢༠༡༧་ལོར། རྒྱ་གར་རྒྱལ་སྲུང་ལྷན་ཁང་གིས་རྒྱ་གར་གྱི་དམག་མིའི་ཁོངས་ཀྱི་ལས་བྱེད་དང་འབྲེལ་ཡོད་བདེ་འཇགས་མི་སྣ་ཁག་ལ། རང་རང་གི་ཁ་པར་ནས། ཞའོ་མིས་(Mi Store) དང་Mi Community གཉིས་ཐེ་བའི་རྒྱ་ནག་གི་བཀོལ་ཆས་༤༢་ལྷག་ཕྱིར་འདོན་བྱེད་དགོས་པའི་བཀའ་རྒྱ་ཕབ་ཡོད་འདུག  གནད་དོན་འདིས་རྒྱ་གར་གཞུང་ལ་རྒྱ་ནག་གི་བཀོལ་ཆས་ཁག་གཞུང་འབྲེལ་གྱི་ཐོག་ནས་བཀག་སྡོམ་མ་བྱས་པའི་སྔོན་ཚུད་ནས། སོ་སོའི་རྒྱལ་ཁབ་ཀྱི་གསང་རྒྱ་དང་བདེ་འཇགས་ཀྱི་ཉེན་ཁའི་སྐོར་ལ་སེམས་འཚབ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད།

དེ་བཞིན། ད་ལོའི་ཟླ་༨་ཚེས་༧་ཉིན། ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུ་ལགས་ཀྱིས་རྒྱ་ནག་གི་གྲགས་ཆེ་བའི་བཀོལ་ཆས་སྐད་འཕྲིན་དང་ཁྲིག་ཁྲོག་གཉིས་ཀྱིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་དང་། ཕྱི་འབྲེལ་སྲིད་བྱུས། དཔལ་འབྱོར་བཅས་ལ་ཉེན་ཁ་ཡོད་པར་བརྗོད་དེ། བཀོལ་ཆས་དེ་གཉིས་ཨ་རིའི་ནང་བཀག་སྡོམ་བྱེད་རྒྱུའི་སྲིད་འཛིན་གྱི་བཀའ་རྒྱ་ལ་དངོས་སུ་མཚན་རྟགས་བཀོད་ཡོད། སྲིད་འཛིན་གྱི་བཀའ་རྒྱ་དེ། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་གྱི་ཡིག་ཆའི་གྲངས་འབོར་ཚད་ལས་བརྒལ་བ་བསྡུ་རུབ་བྱས་ཡོད་པ་དང་།  དེས་ཨ་རིའི་ནང་གི་མི་སྒེར་གྱི་ཡིག་ཆ་དང་། ཚོང་འབྲེལ་གྱི་གསང་བའི་ཡིག་ཆ་སོགས་རྒྱ་ནག་སྲིད་གཞུང་ལ་རག་ཐུབ་པའི་ཆོག་མཆན་སྤྲད་ཡོད་ལ། དེས་རྒྱ་ནག་གཞུང་ལ་ཨ་རིའི་དབུས་སྲིད་གཞུང་གི་ལས་བྱེད་དང་། གན་རྒྱའི་ཁོངས་སུ་ཡོད་པའི་ལས་བྱེད་སོགས་ལ་རྗེས་འདེད་དང་། དེ་བཞིན་ལྐོག་ཤོམ་སྡིགས་སྐུལ་དང་ཚོང་ལས་གསང་མྱུལ་གྱི་བྱེད་སྒོའི་ཆེད་དུ་ཨ་རིའི་མི་སྒེར་གྱི་ཡིག་ཆ་བསྡུ་སྒྲིག་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ལ་གཞི་བཅོལ་ཡོད། ཨ་རིའི་ནང་དུ་གཏན་འགོག་མ་ཡོང་བའི་ཆེད་དུ། སྲིད་འཛིན་ཁྲི་རོམ་ཕུས་ཁྲིག་ཁྲོག་བཟོ་ཚོང་ཁང་གི་ངོས་ནས་ཟླ་༩་པའི་ཚེས་༡༥་སྔོན་དུ། ཁྲིག་ཁྲོག་བཀོལ་ཆས་ཉོ་མཁན་གྱི་ཨ་རིའི་བཟོ་ལས་ཁང་(ཁྲིག་ཁྲོག་བཀོལ་ཆས་ནང་གི་རྒྱ་ནག་གི་དྲ་བའི་ཞབས་ཞུའི་ཤུགས་རྐྱེན་དང་དེའི་ཤུལ་རྗེས་མེད་པར་བཟོ་ཆེད།)ཞིག་འཚོལ་དགོས་པའི་བརྡ་ཁྱབ་བཏང་ཡོད། ཐོག་མའི་ཆར། མའད་ཁི་རོ སའོ་ཧྥུ་ཁྲི (Microsoft)་དང་། ཝོར་མར་ཁྲི(Walmart) ་བཟོ་ཚོང་ཁང་གིས་ཁྲིག་ཁྲོག་ཉོ་ཐབས་བྱས་ཡོད་ཀྱང་། ཉོ་ཚོང་གི་དུས་བཀག་ཉེ་སར་སླེབས་དུས། ཨོ་རལ་ཀིལ་(Oracle)བཟོ་ཚོང་ཁང་ལ་འགྲན་རྩོད་ཀྱི་ཁྲོད་དུ་རྒྱལ་ཁ་ཐོབ་ཡོད་པས། བཟོ་ཚོང་ཁང་དེ་ཨ་རིའི་ནང་གི་ཁྲིག་ཁྲོག་བཀོལ་ཆས་དོ་དམ་བྱེད་མཁན་དེ་ཆགས་ཡོད། འདི་ནི་རྒྱ་ནག་གཞུང་ལ་རོགས་པ་བྱས་ཏེ་ཡུ་གུར་མི་མང་གི་ཐོག་ཏུ་གསང་མྱུལ་བྱེད་མཁན་དང་། གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་རྒྱ་ནག་གི་དྲག་པོའི་དཔུང་སྡེ་ལ་འབྲེལ་བ་ཡོད་ངེས་པའི་རྒྱ་ནག་གི་བཟོ་ལས་ཁང་དང་། ཚོང་ལས་སྡེ་ཁག འབྲེལ་ཡོད་སྒྲིག་འཛུགས་བཅས་ཀྱི་ཐོག་ཏུ་བརྩམས་པའི་ཨ་རིའི་གཞུང་གི་བྱེད་ལས་གསར་ཤོས་དེ་ཆགས་ཀྱི་ཡོད། ཨ་རིའི་གཞུང་གི་ཐོ་གཞུང་ནག་པོའི་ཁོངས་སུ། ཧྭ་ཝེ་བཟོ་ཚོང་ཁང་དང་། རྒྱ་ནག་གི་མིས་བཟོས་རིག་སྟོབས་བཟོ་ལས་ཁང་རྩེ་ཕུད་ཁག་ཅིག དེ་བཞིན། རྒྱ་ནག་གི་གསང་བའི་བརྙན་མིག་བཟོ་ཚོང་ཁང་ཧེ་ཁེ་ཝེ་ཞུན(Hikvision)་སོགས་ཚུད་ཡོད། 

ཨ་རི་དང་རྒྱ་གར་གཞུང་གཉིས་ཀྱིས་ཉེན་ཁ་ཡོད་པའི་རྒྱ་ནག་གི་བཀོལ་ཆས་ཁག་ཅིག་བཀག་སྡོམ་བྱས་པ་དེས། ཨ་རི་དང་རྒྱ་གར་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཉེན་སྲུང་དང་བདེ་འཇགས་ཡོད་པའི་བཀོལ་ཆས་ཁག་གི་ཐོག་ཏུ་ཁ་ཕྱོགས་པའི་གོ་སྐབས་གསར་པ་ཞིག་བསྐྲུན་ཡོད། གང་ཡིན་ཞེ་ན། བོད་མི་ཚོར། སྐད་འཕྲིན་ལྟ་བུའི་རྒྱ་ནག་གི་བཀོལ་ཆས་བེད་སྤྱོད་བྱས་པ་ཡིན་ན། དེས་བཙན་བྱོལ་ནང་གི་བོད་མི་ཡོངས་ཀྱི་གསང་རྒྱར་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པའི་སེམས་འཚབ་ཡོད།

3.2 བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ངོས་ནས་བཏོན་པའི་ཚབ་བྱེད་ཇུས་གཞི། 

རྒྱ་གར་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོས་བོད་དང་རྒྱ་ནང་དུ་ཡོད་པའི་སོ་སོའི་སྤུན་མཆེད་ཚོར་འབྲེལ་གཏུག་བྱེད་པར་བཀོལ་སྤྱོད་མང་ཤོས་བྱེད་བཞིན་པའི་བཀོལ་ཆས་དེ་སྐད་འཕྲིན་ཆགས་ཡོད་པ་བཞིན། མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ངོས་ཐད་ནས་ཁ་ཚ་དགོས་གཏུག་ཆགས་པའི་བཀོལ་ཆས་གཞན་པའི་སྐོར་ལ་ཧ་གོ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། WhatsApp བཀོལ་ཆས་དང་། བརྡ་རྟགས་བཀོལ་ཆས། ( Signal) འཛོམས( Zom)་བཅས་ཀྱི་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་ཟེར་བའི་ཚད་མཐོ་བའི་གསང་སྡོམ་གྱི་གྲོས་མཐུན་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད་པས། ང་ཚོའི་ངོས་ནས་བཀོལ་ཆས་འདི་དག་སྐད་འཕྲིན་གྱི་ཚབ་ཏུ་བཀོལ་སྤྱོད་བྱེད་དགོས་པའི་བསམ་ཚུལ་འདོན་གྱི་ཡོད། རྒྱ་གར་གཞུང་གིས་བཀག་སྡོམ་བྱས་པའི་རྒྱ་ནག་གི་བཀོལ་ཆས་༥༩་སྐོར་གྱི་གནས་ཚུལ་དང་འགྲེལ་བཤད། དེ་དག་གི་ཚབ་བྱེད་བཀོལ་ཆས་ཁག་གི་སྐོར་གྱི་གནས་ཚུལ་བརྒྱུད་སྐུར་བྱེད་པར་རོགས་པ་བྱེད་ཆེད། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དྲ་ངོས་སུ་https://blog.tibcert.org/59-banned-Apps /དེའི་སྐོར་གྱི་གནས་ཚུལ་རྒྱས་པ་བཀོད་ཡོད། 

3.3 བཀོལ་ཆས་ཁག་ལ་ལྟ་ཞིབ་དང་། བཀོལ་ཆས་གང་ཞིག་ཁྱེད་རང་གི་གཞི་གྲངས་བདེ་འཇགས་ལ་འོས་འཚམས་ཡིན་མིན་ངོས་འཛིན།

སྲིད་གཞུང་ཁག་གིས་རྒྱ་ནག་གི་བཀོལ་ཆས་རིགས་བཀག་སྡོམ་བྱེད་པའི་ཚ་རླབས་འཕྱུར་བཞིན་པའི་སྐབས་འདི་ནི། རྒྱ་ནག་གི་བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་གྱི་འཛད་སྤྱོད་པ་ཚོར་མཚོན་ན། བདེ་འཇགས་དང་ཉེན་ཁ་ཡོད་པའི་བཀོལ་ཆས་ཁག་དབྱེ་བ་འབྱེད་པའི་དུས་སྐབས་ཡག་ཤོས་དེ་ཆགས་ཡོད། སྤྱོད་བདེ་པོ་ཡོད་མེད་ལ་མ་ལྟོས་པར། གཞི་གྲངས་ཀྱི་གསང་རྒྱའི་སྲིད་བྱུས་ཚད་ལྡན་ཡོད་མཁན་གྱི་བཀོལ་ཆས་རིགས། ཡིད་ཆེས་བྱེད་དཀའ་བའི་རྒྱ་ནག་གི་བཀོལ་ཆས་ཁག་ལས་གཙིག་ཆེན་དུ་འཛིན་དགོས། བཀོལ་ཆས་ཤིག་ནང་འཇུག་བྱས་ཏེ་བཀོལ་སྤྱོད་མ་བྱས་པའི་སྔོན་དུ། བཀོལ་ཆས་དེར་ཡིད་ཆེས་བྱེད་འོས་མིན་དང་། བཀོལ་ཆས་དེ་ཁྱེད་རང་གི་གཞི་གྲངས་བདེ་འཇགས་ལ་འོས་འཚམས་ཡིན་མིན་གྱི་ཆ་རྐྱེན་ཁག་ཁ་ཤས་ཤིག་ལ་བསམ་ཞིབ་བྱེད་དགོས། ཆ་རྐྱེན་དེ་དག་ནི།

3.3.1 གཞི་གྲངས་མཛོད་ཀྱི་ས་གནས། (རྒྱ་ནག་གི་ཕྱི་ཕྱོགས།)

བོད་མི་ཞིག་ལ་ཆ་མཚོན་ན། བཀོལ་ཆས་གདམ་གསེས་བྱེད་པའི་སྐབས་སུ་བསམ་ཞིབ་བྱེད་དགོས་པའི་ཆ་རྐྱེན་ནམ་གནད་དོན་གལ་ཆེ་ཤོས་དེ་ནི། བཀོལ་ཆས་དེའི་བདེ་འཇགས་དང་། བཀོལ་ཆས་དེས་འཛད་སྤྱོད་པའི་གཞི་གྲངས་ཇི་ལྟར་བསྡུ་རུབ་བྱེད་ཀྱི་ཡོད་མེད་སྐོར་རེད། བཀོལ་ཆས་ཤིག་གི་དྲ་བའི་ཞབས་ཞུའི་ས་གནས་ཀྱིས་མི་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་གནད་དོན་གྱི་ཐོག་ཏུ་ཆ་ཤས་གལ་ཆེན་ལེན་གྱི་ཡོད། གང་ཡིན་ཞེ་ན། དྲ་བའི་ཞབས་ཞུ་ཚང་མས་སོ་སོ་གནས་སའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁག་ལ་བརྩི་སྲུང་བྱེད་དགོས་ཀྱི་ཡོད། ཕྱི་ལོ་༢༠༡༧་ལོར་གཏན་འབེབས་གནང་བའི་རྒྱ་ནག་གི་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་བཙན་པོ་དེའི་དགོངས་དོན་ལྟར་ན།  མི་སྒེར་གྱི་གཞི་གྲངས་ཁག་རྒྱ་ནག་སྲིད་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའི་རེ་སྐུལ་འབྱོར་ཚེ། རྒྱ་ནག་ནང་དུ་ཡོད་པའི་བཀོལ་ཆས་ཀྱི་དྲ་བའི་ཞབས་ཞུ་ཁག་གིས་སྲིད་གཞུང་གི་བཀའ་བརྩི་དང་ལེན་བྱེད་དགོས་ཀྱི་ཡོད། དེར་བརྟེན། གཞི་གྲངས་ཁག་སྲིད་གཞུང་གི་འདོད་མོས་ལྟར་མི་སྒེར་གྱི་ཐོག་ཏུ་གསང་མྱུལ་དང་ཆ་འཕྲིན་བཀག་སྡོམ་བྱེད་པའི་ཆེད་དུ་བཀོལ་ཆོག་གི་ཡོད། རྒྱ་ནག་གི་དྲ་རྒྱའི་ལྕགས་རི་དེ་རྒྱ་ནག་སྲིད་གཞུང་གི་ངོས་ནས་དྲ་ཐོག་གི་གནས་ཚུལ་བཀག་སྡོམ་གྱི་ནུས་པ་གོང་མཐོར་གཏོང་བ་དང་། སྲིད་གཞུང་གི་གནས་ཚུལ་བརྗོད་ལུགས་དང་འགལ་བ་ལྟག་སྤྲོད་ཡིན་པར་ངོས་འཛིན་བྱས་པའི་གནས་ཚུལ་རིགས་བཀག་སྡོམ་བྱེད་པར་རོགས་འདེགས་བྱེད་སྤྱད་ཀྱི་ཆ་རྐྱེན་གཞན་ཞིག་ཆགས་ཡོད།  དེར་བརྟེན། ཁྱེད་རང་གི་གཞི་གྲངས་ཀྱི་གསང་རྒྱའི་ཆེད་དུ། ཕབ་ལེན་བྱེད་འདོད་པའི་བཀོལ་ཆས་གང་དེའི་དྲ་བའི་ཞབས་ཞུ་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་མེད་ཁག་ཐེག་བྱེད་ཆེད། དེའི་སྐོར་ལ་ཉམས་ཞིབ་བྱེད་རྒྱུ་དང་།  ཡང་ན། ཁྱེད་རང་གི་གཞི་གྲངས་ཁག་ལ་གཞན་གྱིས་གསང་མྱུལ་དང་འཇབ་རྒོལ་མ་ཡོང་བའི་ཆེད་དུ། བཀོལ་ཆས་དེའི་ཆེད་དུ་ཁ་པར་གཞན་པ་ཞིག་བཀོལ་སྤྱོད་བྱེད་རྒྱུ་གལ་ཆེ། སྤྱིར་བཏང་གི་ཆ་ནས། ང་ཚོས་བཀོལ་ཆས་ཤིག་གི་གསང་རྒྱའི་སྲིད་བྱུས་སྐོར་གྷོ་གྷིལ་མཉེན་ཆས་ཕབ་ལེན་གྱི་མཛོད་དང་ཀུ་ཤུའི་བིམ་མཛོད་གཉིས་ཀའི་ནང་ནས་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།  ཁྱེད་ཀྱིས་བཀོལ་ཆས་ཀྱི་སྲིད་བྱུས་སྐོར་ལྟ་ཀློག་བྱས་ཏེ། བཀོལ་ཆས་དེའི་དྲ་བའི་ཞབས་ཞུ་གང་དུ་ཡོད་མེད་དང་། བཀོལ་ཆས་དེས་མི་སྒེར་གྱི་གཞི་གྲངས་གང་དག་བསྡུ་རུབ་བྱེད་ཀྱི་ཡོད་མེད། ད་དུང་། བཀོལ་ཆས་དེས་འཛད་སྤྱོད་པའི་གཞི་གྲངས་ཇི་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་ཆོག 

3.3.2 མ་རྩ་འཛུགས་མཁན་དང་། བཟོ་སྐྲུན་མཁན། ཡར་རྒྱས་གཏོང་མཁན།

མཉེན་ཆས་ཕབ་ལེན་བྱེད་སའི་མཛོད་ནང་གི་བཀོལ་ཆས་ཚང་མར་མ་རྩ་འཛུགས་མཁན་དང་། བཟོ་སྐྲུན་མཁན། ཡར་རྒྱས་གཏོང་མཁན་བཅས་ཡོད། བཀོལ་ཆས་གང་རུང་གི་འབྱུང་ཁུངས་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་སྐོར་དང་། ལྷག་པར་དུ། རྒྱ་ནག་ལ་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་ཡོད་པས། བཀོལ་ཆས་དེ་རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཡོད་མེད་རྩད་ཞིབ་བྱེད་རྒྱུ་གལ་ཆེ། མ་རྩ་འཛུགས་མཁན་དང་། བཟོ་སྐྲུན་མཁན། ཡར་རྒྱས་གཏོང་མཁན་གསུམ་ཀ་རྒྱ་ནག་ལ་འབྲེལ་བ་ཡོད་ཚེ། བཀོལ་ཆས་དེའི་རིགས་ལ་དམིགས་བསལ་གྱི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས། ང་ཚོས་རྒྱ་ནག་གི་བཀོལ་ཆས་ཆ་ཚང་ཉེན་ཚབས་ཅན་དང་མི་སྒེར་གྱི་གཞི་གྲངས་བཀོལ་སྤྱོད་ལོག་པ་བྱེད་མཁན་རེད་ཅེས་བརྗོད་ཀྱི་མེད།  འོན་ཀྱང་། ང་ཚོས་རྒྱ་ནག་གི་བཀོལ་ཆས་དེ་དག་ལ་ཡིད་ཆེས་བྱས་ན་ཉེན་ཁ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། བཀོལ་ཆས་ཁག་མི་སྒེར་ཕན་ཚུན་བར་འབྲེལ་མཐུད་བྱེད་སྤྱད་ཀྱི་ལམ་ཁ་ལྟ་བུར་བཟོས་ཏེ། སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་གི་ནང་དུ་སྒེར་གྱི་གསང་བའི་གཞི་གྲངས་རིགས་མཁོ་སྤྲོད་དང་བརྗེ་ལེན་བྱས་ན་ཉེན་ཁ་ཆེ་ལ། ལྷག་པར་བཀོལ་ཆས་གང་རུང་གི་མ་རྩ་འཛུགས་མཁན་དང་། བཟོ་སྐྲུན་མཁན། ཡར་རྒྱས་གཏོང་མཁན་ཚང་མ་རྒྱ་ནག་དང་འབྲེལ་བ་ཡོད་ཚེ། དེ་ལས་ཉེན་ཁ་ཆེ་བ་ཡོད། བཀོལ་ཆས་གང་རུང་ཞིག་ནང་འཇུག་མ་བྱས་པའི་སྔོན་དུ། ཁྱེད་ཀྱིས་གྷོ་གྷིལ་མཉེན་ཆས་ཕབ་ལེན་གྱི་མཛོད་དང་ཀུ་ཤུའི་བིམ་མཛོད་གཉིས་ཀའི་ནང་ནས་བཀོལ་ཆས་དེའི་སྐོར་གྱི་འགྲེལ་བཤད་ལས་སླ་པོའི་ཐོག་ནས་ལྟ་ཞིབ་བྱེད་ཐུབ། 

3.3.3 གསང་སྡོམ་གྱི་དབྱེ་བ། 

དྲ་ལམ་གྱི་འབྲེལ་མཐུད་དང་། དྲ་ཐོག་ཏུ་འཕྲིན་ཐུང་དང་། སྐད། བརྙན་དང་པར་སོགས་གཏོང་བའི་ཆེད་དུ་བཀོལ་ཆས་རིགས་བཀོལ་སྤྱོད་བྱེད་མཁན་གྱི་འཛད་སྤྱོད་པ་ཚོས། རང་ཉིད་ཀྱི་གསང་རྒྱ་དང་བདེ་འཇགས་སྲུང་སྐྱོབ་བྱེད་འདོད་ཡོད། དེའི་རྐྱེན་གྱིས། བཀོལ་ཆས་ཁག་གིས་བཀོལ་སྤྱོད་བྱེད་བཞིན་པའི་གསང་སྡོམ་གྱི་གྲོས་མཐུན་སྐོར་ཧ་གོ་རྒྱུ་གལ་ཆེ། གང་ཡིན་ཞེ་ན། གསང་སྡོམ་གྱི་གྲོས་མཐུན་གྱིས་གཞི་གྲངས་ཇི་ལྟར་འགྲུལ་བཞུད་བྱེད་ཀྱི་ཡོད་མེད་ཐག་གཅོད་བྱེད་ཀྱི་ཡོད། བདེ་འཇགས་ཡོད་པའི་དྲ་ལམ་གྱི་འབྲེལ་མཐུད་རིགས་ལ་སྣེ་གཉིས་བར་གྱི་གསང་སྡོམ་(End to End Encryption)གྲོས་མཐུན་ངེས་པར་དགོས་ཀྱི་ཡོད། གསང་སྡོམ་གྱི་གྲོས་མཐུན་འདིའི་ཁོངས་སུ། ཡིག་ཆ་རིགས་ཆ་འཕྲིན་གཏོང་མཁན་གྱི་ཁ་པར་ནས་བཏང་ཚར་བའི་རྗེས་སུ། དེ་ཆ་འཕྲིན་གཏང་ཡུལ་གྱི་ཁ་པར་ནང་མ་འབྱོར་བའི་བར་དུ་གསང་སྡོམ་བྱེད་ཀྱི་ཡོད་ལ། ཆ་འཕྲིན་གཏང་ཡུལ་གྱི་ཁ་པར་ཁོ་ནས་གསང་བའི་ལྡེ་མིག་བཀོལ་སྤྱོད་བྱས་ཏེ་ཆ་འཕྲིན་གསང་གྲོལ་བྱེད་ཐུབ་ཀྱི་ཡོད། འབྲེལ་མཐུད་ཀྱི་ཐབས་ལམ་འདིའི་ཁྲོད་དུ།  བཀོལ་ཆས་གང་དེའི་དྲ་བའི་ཞབས་ཞུས་ཀྱང་ཆ་འཕྲིན་གྱི་ནང་དོན་གསང་གྲོལ་བྱེད་པའམ། མི་ཚོས་ཁ་བརྡ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་ནང་དོན་ལྟ་ཀློག་བྱེད་པ་དང་། ཆ་འཕྲིན་གྱི་ནང་དོན་བཀག་སྡོམ་བྱེད་པ་སོགས་རྩ་བ་ནས་བྱེད་མི་ཐུབ། སྐད་འཕྲིན་དང་། བྱ་རྐངཐང(QQ) ལྟ་བུའི་བཀོལ་ཆས་ཁག་གིས་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཚབ་ཏུ།  བརྒྱུད་གཏོང་བང་རིམ་གསང་སྡོམ་(Transport layer encryption)ཟེར་བ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད།  དེའི་དོན་ནི།  ཡི་གེ་རྐྱང་པ་རིགས་ཆ་འཕྲིན་གཏོང་མཁན་གྱི་ཁ་པར་ནས་གཏོང་བའི་སྐབས་སུ་གསང་སྡོམ་བྱེད་ཀྱི་ཡོད་པ་དང་། དེ་གཏང་ཡུལ་ལ་མ་འབྱོར་བའི་གོང་དུ། དྲ་བའི་ཞབས་ཞུའི་ནང་ནས་གསང་གྲོལ་བྱེད་ཀྱི་ཡོད།  འབྲེལ་མཐུད་ཀྱི་རིགས་འདིའི་ཁྲོད་དུ།  དྲ་བའི་ཞབས་ཞུའི་ངོས་ནས། ཁྱེད་རང་གི་གཞི་གྲངས་བཀོལ་སྤྱོད་བྱས་པའི་ཐོག་ནས་ཆ་འཕྲིན་བཀག་སྡོམ་དང་གསང་མྱུལ་བྱེད་ཐུབ་ཀྱི་ཡོད། རང་ཉིད་ཀྱི་གཞི་གྲངས་དང་གླེང་མོལ་རིགས་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུ། དྲ་ཐོག་གི་འབྲེལ་མཐུད་ཀྱི་གླེང་མོལ་བཀོལ་ཆས་རིགས་ཕབ་ལེན་མ་བྱས་པའི་གོང་དུ། བཀོལ་ཆས་དེས་སྣེ་གཉིས་བར་གྱི་གསང་སྡོམ་གྲོས་མཐུན་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་ཞིབ་ལྟ་བྱེད་དགོས། སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཐབས་ལམ་བཀོལ་སྤྱོད་བྱེད་བཞིན་པའི་བཀོལ་ཆས་ཁག་གི་དཔེ་མཚོན་ནི། བརྡ་རྟགས་(Signal)བཀོལ་ཆས་དང་། ཁམས་རྫས་(Element)བཀོལ་ཆས། འཛོམས་(Zom)བཀོལ་ཆས་སོགས་ཡིན་ལ། བཀོལ་ཆས་འདི་དག་གི་དྲ་བའི་ཞབས་ཞུ་ཡིས། བཀོལ་ཆས་དེ་དག་གི་ནང་དུ་བརྩམས་པའི་ཁྱེད་རང་གི་ཁ་བརྡའམ་གླེང་མོལ་རིགས་གསང་གྲོལ་བྱེད་མི་ཐུབ། 

3.3.4 ལོ་རྒྱུས་ཞིབ་བཤེར། 

ཁྱེད་རང་གིས་ནང་འཇུག་བྱེད་འདོད་པའི་བཀོལ་ཆས་ཁག་གི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཞིབ་བཤེར་བྱེད་རྒྱུ་ཧ་ཅང་གལ་ཆེ། བཀོལ་ཆས་ཁ་ཤས་ལ། མི་སྒེར་གྱི་དྲ་སྟེང་དུ་སྤེལ་བའི་གནས་ཚུལ་དང་། སྒེར་གྱི་གཞི་གྲངས་སོགས་བཀག་སྡོམ་དང་གསང་མྱུལ་བྱས་པའི་ལོ་རྒྱུས་མང་པོ་ཡོད། དཔེར་ན།  སྐད་འཕྲིན་བཀོལ་ཆས་ལ་ཆ་མཚོན་ན། སྐད་འཕྲིན་ནང་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཆེ་མཐོང་དང་མཚན་སྙན་ལ་གནོད་པར་ངོས་འཛིན་བྱས་པའི་འཕྲིན་ཐུང་དང་། སྐད། བརྙན་དང་པར་སོགས་ལྐོག་ནས་གསང་མྱུལ་དང་བཀག་སྡོམ་བྱེད་ཀྱི་ཡོད་པའི་ལོ་རྒྱུས་རིང་པོ་ཡོད། བོད་ནང་གི་བོད་པ་ཁག་ཅིག་གིས་སྐད་འཕྲིན་ནང་དུ་བོད་རང་བཙན་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་པའི་རྐྱེན་གྱིས་ཉེས་འཛུགས་བཙོན་འཇུག་བྱས་ཡོད། དཔེ་མཚོན་གཞན་པ་ཞིག་ནི།   མི་ཁ་ཤས་ཀྱིས་ཕྱི་ལོ ༢༠༡༩-༢༠༢༠་ལོའི་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་ཁ་ཆེ་ཡུ་གུར་བ་ཚོའི་ཐོག་ཏུ་སྤེལ་བཞིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་ཆ་འཕྲིན་གྱི་ནང་དོན་ཁག་ཁྲིག་ཁྲོག་བཀོལ་ཆས་ཀྱི་ནང་དུ་བཀག་སྡོམ་བྱས་ཡོད་པ་མ་ཟད། ཁོང་ཚོའི་ཁྲིག་ཁྲོག་གི་ཨང་གྲངས་གཏན་དུ་སྒོ་བརྒྱབ་ཡོད། རང་དབང་(Independent)་གསར་ཁང་གི་རྩོམ་ཡིག་ཅིག་གི་ནང་དུ་འཁོད་པའི་གནས་ཚུལ་གཞིར་བཞག་ན།  ཁྲིག་ཁྲོག་བཀོལ་ཆས་ཁྲིམས་གཏུགས་བྱེད་མཁན་གྱི་ཨ་རིའི་ནང་གི་ཚོགས་སྡེ་ཞིག་གིས། ཁྲིག་ཁྲོག་བཀོལ་ཆས་ཀྱི་ནང་དུ་གསང་མྱུལ་གྱི་མཉེན་ཆས་སྔོན་ཚུད་ནས་བླུགས་ཡོད་པ་མ་ཟད། འཁྱུག་དབྱངས(ཁྲིག་ཁྲོག)་བཀོལ་ཆས་ཀྱིས་འཛད་སྤྱོད་པར་ཤེས་སུ་མ་བཅུག་པའམ། ཡང་ན། འཛད་སྤྱོད་པའི་ཆོག་མཆན་མེད་པའི་ཐོག་ནས། ཁོང་ཚོའི་བརྙན་ཐུང་རིགས་དོ་དམ་དང་སྟངས་འཛིན་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཡོད། མདོར་བསྡུར་ནས་བཤད་ན། ཁྲིག་ཁྲོག་བཀོལ་ཆས་ཀྱི་ནང་གི་སྤྲོ་སྣང་ལྡན་པའི་བག་ཕེབས་ཀྱི་བརྙན་ཐུང་རིགས་ལ་རིན་དོད་ཆེན་པོ་སྤྲོད་དགོས་ཀྱི་ཡོད། དེ་མ་ཟད། ཁྲིམས་གཏུགས་བྱེད་མཁན་གྱི་ཚོགས་སྡེ་དེའི་ཁོངས་ཀྱི་མི་ཞིག་གིས་ཁྲིག་ཁྲོག་ནང་བཟོས་པའི་བརྙན་ཐུང་རིགས་རྒྱ་ནག་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་གཉིས་ཏེ། ཐིན་ཞུན་དང་ཨ་ལི་བྷ་བྷ་གཉིས་ཀྱི་དྲ་བའི་ཞབས་ཞུའི་ནང་དུ་བཏང་ཡོད་པའི་ཉེས་འཛུགས་བྱས་ཡོད།

མཐའ་སྡོམ།  བཀོལ་ཆས་ཤིག་ཕབ་ལེན་མ་བྱས་པའི་སྔོན་དུ། བཀོལ་ཆས་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་། བཀོལ་ཆས་དེའི་འཛད་སྤྱོད་པའི་གསང་རྒྱ་དང་འབྲེལ་བའི་སྲིད་བྱུས། བཀོལ་ཆས་དེས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་མེད་དང་། མི་སྒེར་གྱི་གཞི་གྲངས་བཀག་སྡོམ་དང་གསང་མྱུལ་བྱས་པའི་གྱོད་གཞི་ཡོད་མེད་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱེད་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད། བོད་ཀྱི་གློག་ཀླད་ཛ་དྲག་ཚན་ཁག་གི་དྲ་ངོས་https://blog.tibcert.org/ སུ་ཕྱིན་ཏེ། སྐད་འཕྲིན་དང་།  འཁྱུག་དབྱངས།  འཛུམ(Zoom)་སོགས་སྐད་གྲགས་ཡོད་རུང་། རྙོག་གླེང་མང་བའི་བཀོལ་ཆས་ཁག་ཅིག་གི་འགྲེལ་བཤད་དགྱེས་ཀློག་གནང་རོགས། 

4. བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་དམིགས་པའི་འཇབ་རྒོལ། 

ཕྱི་ལོ་༢༠༠༧་ནས་བཟུང་། བོད་པའི་ཚོགས་སྡེ་ཁག་ལ་རྒྱ་ནག་གི་ཕྱོགས་ནས་བཏང་བའི་དྲ་ཐོག་གི་དམིགས་གཏད་རང་བཞིན་གྱི་མཉེན་འབུ་སྣ་ཚོགས་འབྱོར་ཡོད་ལ། ང་ཚོས་འཇབ་རྒོལ་དེ་དག་ཐད་ཀར་རྒྱ་ནག་དམར་ཤོག་སྲིད་གཞུང་ངམ། ཡང་ན་རྒྱ་ནག་སྲིད་གཞུང་གི་བཀོད་ཁྱབ་འོག་བརྩམས་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། བདེན་དཔང་གི་ཟུར་སྣེ(Proofpoint) ཟེར་བའི་དྲ་རྒྱའི་བདེ་འཇགས་བཟོ་ལས་ཁང་ཞིག་གི་སྙན་ཐོའི་ནང་དུ།  ཉེ་ལམ། ཏོག་དབྱིབས་ནད་དུག་དང་འབྲེལ་བ་ཡོད་སྐོར་གྱི་ནད་འབུ་ཡོད་པའི་ཟུར་སྣོན་ཡིག་ཆའི་རིགས། བོད་པའི་ཚོགས་སྡེ་ཁག་གི་ཁོངས་ཀྱི་མི་མང་པོའི་ཡིག་ཟམ་ནང་བཏང་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད། ཡིག་ཟམ་རྫུན་མ་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་བརྫུས་ཡོད་པ་དང་། ཡིག་ཟམ་དེ་དང་སྦྲེལ་བའི་RTF ཟུར་སྣོན་གྱི་ཁོངས་སུ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་བཏོན་པའི་ཏོག་དབྱིབས་ནད་དུག་སྐོར་གྱི་ཛ་དྲག་གི་གྲ་སྒྲིག་དང་། ཏོག་དབྱིབས་ནད་དུག་ལ་ཡ་ལན་སྤྲོད་སྟངས། དེ་བཞིན། ཏོག་དབྱིབས་ནད་དུག་གི་བར་བརྒལ་དུས་སྐབས་ཀྱི་ལམ་སྟོན་སོགས་འཁོད་ཡོད། ཏོག་དབྱིབས་ནད་དུག་སྐོར་གྱི་ལམ་སྟོན་ཡིག་ཆ་དེ། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་༢༠༢༠་ལོའི་ཟླ་༣་ཚེས་༧་ཉིན་འདོན་སྤེལ་གནང་ཡོད་ཀྱང་། འཇབ་རྒོལ་རང་བཞིན་གྱི་ཟུར་སྣོན་དེ། དྲ་ཐོག་གི་འཇབ་རྒོལ་པས་ཕྱི་ལོ་༢༠༢༠་ལོའི་ཟླ་༣་ཚེས་༡༦་ཉིན་བཏང་ཡོད།  འཇབ་རྒོལ་པས་tseringkanyag@yahoo[.]com་ཡིག་ཟམ་ཁ་བྱང་བཀོལ་སྤྱོད་བྱས་ཏེ། རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཆ་འཕྲིན་དྲུང་ཆེར་བརྫུས་ཡོད། (གཤམ་གྱི་པར་རིས་དང་པོར་གཟིགས།) ཡིག་ཟམ་རྫུན་མ་འདི་ངོ་མ་ལྟ་བུར་སྣང་བས། ཡིག་ཟམ་འདིའི་གཞི་རྩའི་ཡོང་ཁུངས་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་རེད་འདུག་སྙམ་པའི་ཚོར་བ་སྦྱིན་གྱི་ཡོད། ཉིན་རེར་ཚད་གཞི་ཇེ་མཐོ་དང་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་པའི་དྲ་ཐོག་གི་འཇབ་རྒོལ་གྱི་སྣང་ཚུལ་འདི་ལ་གཞིགས་པའི་ཐོག་ནས། ཟུར་སྣོན་རིགས་དང་ལོགས་སུ་སྡོད་དང་། མ་བསྣུན་སྔོན་ལ་བསམ་བློ་ཐོངས། ཟེར་བ་ལ་སོགས་པའི་ང་ཚོས་རྒྱས་བཤད་ཟིན་པའི་འཕྲུལ་རིག་བདེ་འཇགས་ཀྱི་གཞི་རྩའི་ལམ་སྟོན་ཁག་གི་རྗེས་བསྙེག་རྒྱུ་དེ་སྔར་བཞིན་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། 

པར་རིས་དང་པོ།  བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཆ་འཕྲིན་དྲུང་ཆེའི་མིང་ཐོག་ནས་བཏང་བའི། ཏོག་དབྱིབས་ནད་དུག-རྒྱལ་ཁབ་ཁག་ལ་ཕུལ་བའི་ལག་རྩལ་ངོས་ཐད་ཀྱི་ལམ་སྟོན་ཟེར་བའི་གནོད་ཚབས་ལྡན་པའི་ཡིག་ཟམ་རྫུན་མ།

4.1 བུད་མེད་ཚོགས་པ་དང་བདེ་ལེགས་སྨན་ཁང་གི་ཡིག་ཟམ། (བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ལམ་སྟོན།)

པར་རིས་གཉིས་པ། : བུད་མེད་ཚོགས་པར་བརྫུས་ནས་བཏང་བའི་ mediabureauin@gmail.com ཡིག་ཟམ།  

ཏོག་དབྱིབས་ནད་དུག་གི་དུས་སྐབས་སུ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་འདི་དང་ཆ་འདྲ་བའི་བརྗོད་བྱ་དམིགས་བཟུང་གི་ཡིག་ཟམ་ཁག་ཅིག་བོད་མིའི་ཚོགས་སྡེའི་ཁོངས་ཀྱི་མི་ཁ་ཤས་ལ་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད། གོང་གི་ཡིག་ཟམ་དེ (ོཔར་རིས་གཉིས་པ།) བོད་ཀྱི་བུད་མེད་ལྷན་ཚོགས་ལ་བརྫུས་པའི་ཡིག་ཟམ་ཁ་བྱང་mediabureauin@gmail[.]com འདིའི་ཐོག་ནས། ཕྱི་ལོ་༢༠༢༠་ལོའི་ཟླ་༦་ཚེས་༢༧་ཉིན། བོད་ཀྱི་ཚོགས་པ་སྒྲིག་འཛུགས་ཁག་དང་། གསར་འགྱུར་གྱི་ལས་ཁུངས་ཁག་ལ་བཏང་ཡོད། ཡིག་ཟམ་འདིའི་ཁོངས་སུ། བོད་མི་ཚོར་ཏོག་དབྱིབས་ནད་དུག་གིས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ལ། དེས་དེས་མེ་མདའ་བཟུང་སྟེ་རྒྱ་ནག་གླེང་བ་ཟེར་བའི་བརྗོད་གཞི་ཅན་གྱི་སྟོན་འགྲེམས་ཟིན་བྲིས (PowerPoint)་ཞིག་ཡོད་པའི་གནོད་ཚབས་ཅན་གྱི་ཟུར་སྣོན་ཞིག་སྦྱར་ཡོད། ཡིག་ཟམ་ཁོངས་ཀྱི་ཟུར་སྣོན་དེ་ཁ་ཕྱེ་ཚེ། “file.dll”ཟེར་བའི་དུར་སའི་མཉེན་འབུ་ཞིག་ “credential.dll ངོ་བོའི་ཐོག་ཁྱེད་ཀྱི་ཡོ་ཆས་ནང་ཕབ་ལེན་བྱས་ཏེ། dalailamatrustindia.ddns[.]net.    ཟེར་བའི་ཁོངས་མིང་མ་ལག་ལ་བཀོད་འདོམས་དང་ཚོད་འཛིན་རང་བཞིན་ལྡན་པའི་འབྲེལ་མཐུད་(C2 communication)བྱེད་ཀྱི་ཡོད། 

པར་རིས་གསུམ་པ། : བདེ་ལེགས་སྨན་ཁང་ལ་བརྫུས་པའི་ཡིག་ཟམ་རྫུན་མ། 

གོང་དང་ཆ་འདྲ་བའི་ཡིག་ཟམ་ཞིག་བདེ་ལེགས་སྨན་ཁང་ལ་བརྫུས་ཏེ་བཏང་ཡོད། དུག་དབྱིབས་ནད་དུག་མུ་མཐུད་ནས་དར་ཁྱབ་འགྲོ་བཞིན་པའི་སྐབས་སུ། མི་ཚང་མས་ཧ་གོ་བའི་ཚོགས་པ་ཞིག་གི་མིང་ཐོག་ནས་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་རིགས་གཏོང་བའི་སྐབས་སུ། ཡིག་ཟམ་དེ་རིགས་མི་ཚང་མས་ཁ་འབྱེད་སྲིད། ཆག་འཇིག་གི་གནས་བབ་གོ་སྐབས་སུ་བཟུང་སྟེ། ཏོག་དབྱིབས་ནད་དུག་གི་ཁྲོད་དུ་མང་ཚོགས་སྲུང་སྐྱོབ་བྱེད་ཐབས་ཀྱི་ལག་དེབ་ཞེས་འཁོད་པའི་ཉྭ་འཛིན་གྱི་ཡིག་ཟམ་དེ། བོད་ཀྱི་གསར་འགྱུར་ལས་རིགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་བཏང་ཡོད། ཡིག་ཟམ་དེའི་ཁོངས་སུ་ཚེར་བརྒྱབ་པའི་ཟུར་སྣོན་ཡིག་ཆ་ཞིག་ཡོད་ལ། དེའི་ནང་དོན་ཡང་ངོ་མ་ལྟ་བུར་སྣང་སྲིད།  འོན་ཀྱང་། ག་དུས་ཡིན་ཡང་རང་ཉིད་ཀྱིས་ཁ་འབྱེད་འདོད་ཡོད་པའི་ཟུར་སྣོན་དང་འབྲེལ་ཐག་རིགས། ཁྱེད་ཀྱི་ཡིད་ཆེས་ཡོད་སའི་ཁུངས་ལྡན་གྱི་ཡོངས་ཁུངས་ཡིན་མིན་ཁག་ཐེག་ཏན་ཏིག་བྱེད་དགོས། 

ཏོག་དབྱིབས་ནད་དུག་གི་བརྗོད་གཞི་དང་འབྲེལ་བའི་འཇབ་རྒོལ་འདི་ལ་དབྱེ་ཞིབ་བྱེད་ཐབས་བྲལ་ཡོད། གང་ཡིན་ཞེ་ན།  མཉེན་འབུ་འདི་གྷོ་གྷོལ་བཟོ་ཚོང་ཁང་རང་ངོས་ནས་ཉེན་ཚབས་ལྡན་པར་ངོས་འཛིན་བྱས་ཏེ་སྔོན་ཚུད་ནས་བཀག་འགོག་བྱས་ཡོད།  འོན་ཀྱང་། ང་ཚོས་འདི་ནི་བོད་པའི་ཚོགས་སྡེ་ཁག་ལ་དམིགས་པའི་འཇབ་རྒོལ་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  རྒྱུ་མཚན་ཅིའི་ཕྱིར་ཞེ་ན།   mediadureau.in@gmail[.]com ཟེར་བའི་ཡིག་ཟམ་ཁ་བྱང་འདི། ཞིབ་བཤེར་སྙན་ཐོ(Proofpoint report)་ནང་བཏོན་པའི་ཡིག་ཟམ་ཚང་མའི་ཁོངས་ནས་མཐོང་ཡོད་ལ། དམིགས་བཟུང་གི་ཡིག་ཟམ་ཚང་མའི་བུ་ཡིག་( cc:)གི་ནང་དུའང་མཐོང་ཐུབ་ཡོད། ཡིག་ཟམ་ཁ་བྱང་འདི། ཕྱི་ལོ་༢༠༡༩་ལོའི་ཟླ་༡་པོའི་ནང་དུ། བཙན་བྱོལ་བྱི་བ་(ExileRAT)ཟེར་བའི་མཉེན་འབུ་ཞིག་གཏོང་བའི་ཆེད་དུ།  PPSX ཟུར་སྣོན་བཀོལ་སྤྱོད་བྱས་ཡོད་པའི་དམིགས་གཏད་རང་བཞིན་གྱི་འཇབ་རྒོལ་ཞིག་གི་ཁྲོད་དུའང་དོ་སྣང་བྱུང་ཡོད།

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དོན་རྐྱེན་ལ་ཡ་ལན། 

གོང་སྨྲོས་ཀྱི་དོན་རྐྱེན་ཁག་(བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གིས་དེ་དག་གི་ཁྲོད་ཀྱི་དོན་རྐྱེན་ཤེས་གཉིས་རྟོགས་བྱུང་ཡོད)ལ་ཡ་ལན་སྤྲོད་པར། ང་ཚོའི་འཕྲུལ་རིག་བདེ་འཇགས་སྐུ་ཚབ་ཀྱིས། ཡིག་ཟམ་རྫུན་མ་ཁག་གི་ཆེད་དུ་ཚོགས་པ་བྱེ་བྲག་པའི་མིང་བཀོལ་སྤྱོད་བྱས་ཡོད་སའི་འབྲེལ་ཡོད་ཚོགས་པ་ཁག་ལ་ལམ་སྟོན་གནང་སྟེ།  ཡིག་ཟམ་རྫུན་མ་འབྱོར་ཡུལ་གྱི་མི་སྒེར་དང་ཚོགས་པ་ཁག་གིས་ཡིག་ཟམ་དེ་ཁ་འབྱེད་མི་རུང་བ་དང་། ལྷག་པར་དུ། ཡིག་ཟམ་དེའི་ཁོངས་ཀྱི་འབྲེལ་ཐག་དང་ཟུར་སྣོན་གྱི་སྒང་དུ་བསྣུན་མི་རུང་བའི་བརྡ་ལན་ཕུལ་ཡོད། དེ་མ་ཟད། ང་ཚོས་ཡིག་ཟམ་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་སྐོར་ལ་གང་ཐུབ་ཀྱི་སྒོ་ནས་དབྱེ་ཞིབ་ཞིབ་ཚགས་བྱས་ཡོད། ད་དུང་། ང་ཚོས་འཇབ་རྒོལ་འདིའི་རིགས་ཀྱིས་དམིགས་འབེན་དུ་བཟུང་ཡོད་སྲིད་པར་དོགས་པ་ཡོད་སའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་ཚོགས་མིའི་ཁོངས་ཀྱི་མི་སེར་ཚོགས་སྡེ་ཁག་ལ་འབྲེལ་བ་བྱས་ཏེ། འཇབ་རྒོལ་དེའི་སྐོར་ལ་བརྡ་ལན་སྤྲད་ཡོད་པ་མ་ཟད། འཇབ་རྒོལ་དེ་ལ་གཡོལ་བའི་ཐབས་ལམ་ཁག་ཀྱང་ངོ་སྤྲོད་བྱས་ཡོད། དེ་སྔོན་གྱི་འཇབ་རྒོལ་ཁག་བརྒྱུད་ནས་ཤེས་ཐུབ་པ་ལྟར། བོད་མིའི་སྤྱི་ཚོགས་ཧྲིལ་པོ་འཇབ་རྒོལ་གྱི་དམིགས་འབེན་དུ་བཟུང་ཡོད་པས། ཚོགས་པ་བྱེ་བྲག་གཅིག་དམིགས་འབེན་དུ་བཟུང་བའི་སྐབས་སུ། ཚོགས་པ་གཞན་དག་ཀྱང་དམིགས་འབེན་དུ་བཟུང་ཡོད་ངེས། དེར་བརྟེན། འཇབ་རྒོལ་གྱི་གནས་ཚུལ་རིགས་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ལ་ཡར་ཞུ་བྱེད་རྒྱུ་དེ་ཧ་ཅང་གཙོ་གལ་ཆེ། གང་ཡིན་ཞེ་ན། འཇབ་རྒོལ་གྱི་གནས་ཚུལ་རིགས་ང་ཚོར་ཡར་ཞུ་བྱས་པ་ཡིན་ན། དེས་ང་ཚོར་ཚོགས་པ་གཞན་ཁག་ལ་གནོད་ཚབས་ཆེ་བའི་ཡིག་ཟམ་ནང་གི་འཇབ་རྒོལ་གྱི་སྐོར་ལ་དུས་ཐོག་ཏུ་ཉེན་བརྡ་ཕུལ་བར་རོགས་པ་བྱེད་ཐུབ། དངོས་ཡོད་ཀྱི་ཐོག་ནས་བརྗོད་ན། ང་ཚོས་ཞིབ་བཤེར་སྙན་ཐོ(Proofpoint report)་ཁོ་ན་བརྒྱུད་ནས་མ་གཏོགས་ “tseringkanyag@yahoo[.]com”ཡིག་ཟམ་རྫུན་མའི་སྐོར་གོ་ཐོས་བྱུང་མེད་པས།  གནད་དོན་འདིས་བོད་པའི་སྤྱི་ཚོགས་ཁྲོད་ནས་དྲ་ཐོག་གི་ཉེན་ཁ་དང་འབྲེལ་བའི་དོན་རྐྱེན་ཁག་ཕན་ཚུན་ལ་བརྒྱུད་གཏོང་དང་ཡར་ཞུ་མང་བ་བྱེད་དགོས་པ་གསལ་སྟོན་བྱས་ཡོད་ལ། དེ་ལྟར་བྱས་ན། ད་གཟོད་ ང་ཚོས་ཕན་ཚུན་སྲུང་སྐྱོབ་ཡག་པོ་བྱེད་ཐུབ། 

གོང་དུ་ཞུས་ཟིན་པ་ལྟར། ད་ཆར་རྒྱུན་མཐུད་པའི་དྲ་ཐོག་གི་འཇིག་ཉེན་ཡོད་སྟབས། འཇབ་རྒོལ་དེ་རིགས་ལ་གཡོལ་ཆེད། འཕྲུལ་རིག་ཉེན་སྲུང་གི་ལག་ལེན་ཡག་ཤོས་ཁག་མུ་མཐུད་ནས་བཀོལ་སྤྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  དང་པོ། ཁྱེད་ཀྱིས་ག་དུས་ཡིན་ཡང་མ་བསྣུན་སྔོན་ལ་བསམ་བློ་གཏོང་དགོས། ངོ་མི་ཤེས་པའི་མི་ཞིག་གི་ཕྱོགས་ནས་ཡིག་ཟམ་ཞིག་འབྱོར་བའི་སྐབས་སུ། ག་དུས་ཡིན་ཡང་། ཡིག་ཟམ་གྱི་ཁ་བྱང་ཁུངས་སྐྱེལ་བྱེད་རྒྱུ་གལ་ཆེ་ལ། ཡིག་ཟམ་གཏོང་མཁན་དེ་ཁྱེད་རང་གིས་ཡིད་ཆེས་བྱ་སའི་མི་ཞིག་ཡིན་པ་ཁག་ཐེག་བྱེད་དགོས། དེ་མ་ཟད།  དུས་རྒྱུན་དུ་འབྲེལ་ཐག་རིགས་ལ་གཟབ་དགོས་ལ། འབྲེལ་ཐག་ཅིག་གི་སྒང་དུ་མ་མནན་པའི་སྔོན་ལ། ཁྱེད་ཀྱིས་འབྲེལ་ཐག་དེ་ངོ་བཤུས་བརྒྱབ། དེ་ནས་https://virustotal.com དྲ་ངོས་སུ་བླུགས་ཏེ་ཞིབ་བཤེར་བྱས་ན། དེའི་ཁོངས་སུ་གནོད་ཚབས་ཆེ་བའི་མཉེན་འབུ་ཡོད་མེད་ཁུངས་སྐྱེལ་བྱེད་ཐུབ། 

ལག་ལེན་ཡག་ཤོས་ཁོངས་ཀྱི་གལ་ཆེ་ཤོས་གཅིག་ནི། ཟུར་སྣོན་རིགས་དང་ལོགས་སུ་བསྡད་རྒྱུ་དེ་རེད། Word ཡིག་ཚགས་དང་། PDF ཡིག་ཆ། དེ་མིན་གྱི་རྣམ་པ་གཞན་པའི་ནང་དུ་ཡོད་པའི་ཟུར་སྣོན་རིགས་གནོད་ཚབས་ཆེ་བའི་མཉེན་ཆས་དང་སྦྲེལ་ཏེ་གོ་ལག་རང་བཞིན་དུ་བསྒྱུར་ཐུབ་ཀྱི་ཡོད་ལ། ཟུར་སྣོན་རིགས་ཁ་འབྱེད་དུ་འཇུག་པའི་བྱེད་ཐབས་དེ་བེད་སྤྱད་དེ་ཁྱེད་རང་གི་རྩིས་འཕྲུལ་ནང་དུ་ནད་འབུ་བགོ་ཡི་ཡོད། གནས་ཚུལ་རིགས་བརྒྱུད་སྐུར་བྱེད་སྟངས་ཀྱི་ཐབས་ལམ་ཡག་ཤོས་གཞན་ཞིག་ནི། ཟུར་སྣོན་གྱི་ཚབ་ཏུ། གྷོ་གྷིལ་སྐུལ་ཆས་(Google Drive)བཀོལ་སྤྱོད་བྱེད་རྒྱུ་དེ་རེད། གྷོ་གྷིལ་བཟོ་ཚོང་ཁང་གི་ངོས་ནས་གྷོ་གྷོལ་ཡིག་ཟམ་ཁ་བྱང་རེ་རེ་ལ་རིན་མེད་ཀྱི་ཤོངས་ཚད 15 GB་མཁོ་སྤྲོད་བྱེད་ཀྱི་ཡོད་པས། ཡིག་ཆའི་རིགས་གྷོ་གྷིལ་སྐུལ་ཆས་ཀྱི་ནང་དུ་ཡར་འཇུག་བྱས་ཏེ། ཁྱེད་རང་གི་ཚོགས་པའི་ཕྱི་ནང་གཉིས་ཀྱི་འབྲེལ་མི་ཁག་ལ་བརྒྱུད་སྐུར་བྱེད་ཆོག  འཕྲུལ་རིག་ཉེན་སྲུང་གི་ལག་ལེན་ཡག་ཤོས་གཞན་ཁག་གི་སྐོར་རྒྱས་པ་ཧ་གོ་འདོད་ཡོད་ཚེ། ང་ཚོའི་ཤེས་བྱའི་གཏེར་མཛོད་https://learn.tibcert.org/ དྲ་ངོས་སུ་ཕེབས་རོགས། 

4.2 བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་འབྲེལ་ཡོད་ཚོགས་པ་ཞིག་གི་ཐོག་ཏུ་ཆུ་ཁུང་ཟེར་བའི་འཇབ་རྒོལ་བརྩམས་ཡོད། (ཐབས་ལམ།)

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དུས་དེབ་འདོན་ཐེངས་བཞི་པའི་ནང་དུ། ང་ཚོས་ཆུ་ཁུང་འཇབ་རྒོལ་ནི་བདེ་འཇགས་ལ་རྒོལ་བའི་བྱེད་ལས་ཤིག་ཡིན་ལ། བྱེད་ལས་དེའི་ཁྲོད་དུ། འཇབ་རྒོལ་པས་ཚོགས་སྡེ་བྱེ་བྲག་པ་ཞིག་(དཔེར་ན། བོད་པའི་སྤྱི་ཚོགས་ལྟ་བུ།)གི་ཁོངས་ཀྱི་མི་ཚོས་ནམ་རྒྱུན་ལྟ་ཀློག་བྱ་སའི་དྲ་ཚིགས་ལ་ནད་འབུ་བགོས་ཏེ། ཆེད་དམིགས་ཀྱི་འཛད་སྤྱོད་པ་ཁག་ཅིག་ངན་བསླུ་བྱེད་པར་འབད་རྩོལ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད། ཟླ་༣་པའི་ནང་དུ། ང་ཚོའི་ཚོགས་མི་ཞིག་འཇབ་རྒོལ་དེ་ལྟ་བུའི་གནོད་འཚེ་ཕོག་ཡུལ་དུ་གྱུར་ཡོད། འཇབ་རྒོལ་དེའི་ཁྲོད་དུ། ཡོ་ཆས་ཀྱི་འཆར་ངོས་སུ། Flash Player མཉེན་ཆས་ཐོན་གསར་ཤོས་ནང་འཇུག་བྱེད་དགོས་པའི་བརྡ་ལན་འབྱོར་ཡོད་པ་དང་། ཚོགས་མི་ལས་བྱེད་ཅིག་གིས་བརྡ་ལན་དེའི་སྒང་དུ་བསྣུན་དུས། དེའི་ཁོངས་སུ་བསྐུངས་པའི་མཉེན་འབུ། དྲ་བ་གཅིག་ལ་མཐུད་ཡོད་པའི་ལས་བྱེད་གཞན་ཚང་མའི་རྩིས་འཕྲུལ་གྱི་ནང་དུ་ཁྱབ་ཡོད། 

བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་གི་དོན་རྐྱེན་ལ་ཡ་ལན་དང་། དེའི་འབྲེལ་གྱི་ཐབས་ལམ་ཁག

ཟླ་༦་པའི་ནང་དུ། ང་ཚོས་ནད་འབུ་འགོས་ཡོད་པའི་གནས་ཚུལ་་སྐོར་ཤེས་རྟོགས་བྱུང་བས། ང་ཚོའི་ཡ་ལན་རུ་ལག་དེ་མ་ཐག་ནད་འབུ་འགོས་ཡོད་སའི་ཚོགས་མིའི་ལས་ཁུངས་ལ་ཕྱིན་ཏེ། ཚོགས་པ་དེའི་ལས་ཁུངས་ནང་གི་རྩིས་འཕྲུལ་ཚང་མར་གཙང་བཤེར་བྱས་པ་ལ་སོགས་པའི་དགོས་ངེས་ཀྱི་བྱེད་ལས་སྣ་ཚོགས་བརྩམས་ཡོད། གཙང་བཤེར་གྱི་བརྒྱུད་་རིམ་ཁྲོད་དུ། ཧ་ལམ་རྩིས་འཕྲུལ་ཚང་མའི་ཁོངས་སུ། མཉེན་འབུ་རིགས་གཅིག་ཁྱབ་ཡོད་པ་ང་ཚོས་གསལ་པོ་ཤེས་རྟོགས་བྱུང་ཡོད། ང་ཚོའི་རུ་ཁག་གིས་རྩིས་འཕྲུལ་དེ་དག་གི་ཁོངས་ནས་མཉེན་འབུ་ཕྱིར་བཏོན་རྗེས། མ་འོངས་པའི་དཔྱད་ཞིབ་ཀྱི་ཆེད་དུ།  མཉེན་འབུ་དེ་སྐུལ་ཆས་གཞན་པ་ཞིག་གི་ཁོངས་སུ་ཉར་ཚགས་བྱས་པ་ཡིན། 

འཇབ་རྒོལ་འདིའི་རིགས་ཀྱི་གནོད་འཚེ་ཕོག་ཡུལ་དུ་མི་འགྱུར་བའི་ཆེད་དུ། ཚོགས་པ་ཚང་མའི་ལས་བྱེད་ཁག་ཚོས་འཕྲུལ་རིག་བདེ་འཇགས་ཀྱི་གཞི་རྩའི་ཤེས་བྱ་ཁག་ཧ་གོ་བར་བྱེད་རྒྱུ་ཧ་ཅང་གལ་ཆེ།  གང་ཡིན་ཞེ་ན། ཁྱེད་རང་གིས་ནོར་འཁྲུལ་ཆུང་ཆུང་ཞིག་བཟོས་རུང་དེས་ཁྱེད་རང་གི་ཚོགས་པར་གྱོང་གུད་ཆེན་པོ་བཟོ་སྲིད། བསྐྱར་དུ་ཞུ་རྒྱུར། འཇབ་རྒོལ་གྱི་གནས་སྟངས་དེ་འདྲར་གཡོལ་བའི་གནད་ཀྱི་དམ་པ་ནི་མ་བསྣུན་སྔོན་ལ་བསམ་བློ་གཏོང་རྒྱུ་དང་། རྒྱུས་མེད་པའི་འབྲེལ་ཐག་རིགས་སམ། རྒྱུ་རྐྱེན་ཡང་དག་མེད་པར་ཡོ་ཆས་ཀྱི་འཆར་ངོས་སུ་མངོན་འོང་བའི་བརྡ་ལན་རིགས་ལ་གཟབ་རྒྱུ་གལ་ཆེན་པོ་ཡིན་པ་ཡིད་ལ་དྲན་པར་བྱེད་རྒྱུ་དེ་རེད། གལ་ཏེ། ཁྱེད་ཀྱིས་རང་ཉིད་ལ་འཇབ་རྒོལ་དེ་འདྲ་ཐེབས་ཡོད་ངེས་པའི་དོགས་པ་ཡོད་པའམ།  ཡིག་ཟམ་རྫུན་མ་དེ་འདྲ་འབྱོར་ཚེ། དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཁག་སེལ་བའི་ཆེད་དུ།  བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་support@tibcert.org ལ་འབྲེལ་གཏུག་གནང་རོགས། ད་དུང་། དྲ་རྒྱའི་བདེ་འཇགས་ཀྱི་ལག་ལེན་ཡག་ཤོས་ཁག་རྒྱུན་འཁྱོངས་བྱེད་པར། ང་ཚོའི་དྲ་ངོས་འདིར་https://tibetaction.net/digitalsecurity/onlinesecurity/ ཁུངས་གཏུགས་རོགས། 

4.3.1 ལས་འགུལ་གསང་མྱུལ(ActionSpy)གྱི་སྐོར། 

སའི་གོ་ལའི་ཨེམ་ཕོ་ས་འཇབ་རྒོལ་ཚན་ཁག་( Earth Empusa threat group)གམ། མིང་གཞན་ལ་དུག་ལྡན་རྫིང་ཉྭ་དང་སྡང་མིག(POISON CARP/Evil Eye)་ཞེས་འབོད་པ་དེ་ནི། དྲ་ཐོག་གི་འཇབ་རྒོལ་ཚན་ཁག་ཅིག་ཡིན་ལ། དེས་ཨན་ཌོ་ཡོ་ཆས་ཀྱི་ནང་དུ་ལས་འགུལ་གསང་མྱུལ(ActionSpy)ཟེར་བའི་གསང་མྱུལ་དྲ་འབུ་ཁྱབ་སྤེལ་གཏོང་བཞིན་ཡོད། ཕྱི་ལོ་༢༠༢༠་ལོའི་དཔྱིད་ཀར། འཕེལ་ཕྱོགས་ཚན་རྩལ(Trend Micro) ཟེར་བའི་གཞི་གྲངས་སྲུང་སྐྱོབ་དང་དྲ་རྒྱའི་བདེ་འཇགས་ཀྱི་ལས་གཞི་སྣེ་ཁྲིད་མཁན་གྱི་བཟོ་ལས་ཁང་ཞིག་གི་ངོས་ནས། མཉེན་འབུ་གསར་པ་ཞིག་གིས་ཤར་ཏུར་ཀི་སི་ཐན་དང་། ཏུར་ཀེ། བཙན་བྱོལ་བོད་མི། ལྷག་པར་དུ། ཉེ་བའི་ཆར། ཐེ་ཝན་སོགས་ཀྱི་ནང་གི་ཨན་ཌོ་ཡོ་ཆས་བཀོལ་སྤྱོད་བྱེད་མཁན་ཚོ་དམིགས་འབེན་དུ་འཛིན་གྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། འཇབ་རྒོལ་ཚན་ཁག་དེས་དེ་སྔོན་ཆུ་ཁུང་འཇབ་རྒོལ་རྩོམ་གྱི་ཡོད་པ་ཡོངས་གྲགས་ཡིན་ཀྱང་། ཐེངས་འདིར། ཉྭ་འཛིན་གྱི་འཇབ་རྒོལ་བེད་སྤྱད་དེ། གནོད་འཚེ་ཕོག་ཡུལ་གྱི་ཡོ་ཆས་ཁོངས་སུ་མཉེན་འབུ་བླུགས་ཡོད། 

འཕེལ་ཕྱོགས་ཚན་རྩལ(Trend Micro) བཟོ་ལས་ཁང་གི་ཟླ་༦་པའི་ནང་དུ་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ། ལག་ཐོགས་ཁ་པར་ནང་དུ་ནད་འབུ་བགོ་མཁན་གྱི་མཉེན་འབུ་དེ། ཀུ་ཤུ་ཁ་པར་ནང་དུ་ནད་འབུ་བགོ་མཁན་གྱི་སའི་གོ་ལའི་ཨེམ་ཕོ་ས་འཇབ་རྒོལ་ཚན་ཁག་( Earth Empusa threat group)དང་འབྲེལ་བ་ཡོད་པ་དང་། དེས་ཕྱི་ལོ་༢༠༡༦་ནས་བཟུང་། བོད་དང་ཤར་ཏུར་ཀི་སི་ཐན(ཡུ་གུར) སོགས་གྲངས་ཉུང་མི་རིགས་ཁག་དམིགས་འབེན་དུ་བཟུང་སྟེ། རྒྱུན་མ་ཆད་པར་ཨན་ཌོ་ཡོ་ཆས་ནང་དུ་ལས་འགུལ་གསང་མྱུལ(ActionSpy)་དྲ་འབུ་ཁྱབ་སྤེལ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་འཁོད་ཡོད། 

ཕྱི་ལོ་༢༠༢༠་ལོའི་ཟླ་༤་ནང་། ང་ཚོས་བོད་ནང་དུ་དར་ཁྱབ་ཆེ་བའི་ཨན་ཌོ་ནང་གི་བརྙན་ཐུང་བཀོལ་ཆས་ཤིག་གི་ཕབ་ལེན་གྱི་དྲ་ངོས་སུ་བརྫུས་པའི་ཉྭ་འཛིན་གྱི་དྲ་ངོས་ཤིག་དོ་སྣང་བྱུང་ཡོད། ཉྭ་འཛིན་གྱི་དྲ་ངོས་དེ་ཕྱོགས་གསུམ་པའི་དྲ་ལམ་ཚོང་ཁང་ནས་ངོ་བཤུས་བརྒྱབ་པ་ལྟར་སྣང་བ་དེ། གཅིག་བྱས་ན། སའི་གོ་ལའི་ཨེམ་ཕོ་ས་འཇབ་རྒོལ་ཚན་ཁག་གིས་བཟོས་ཡོད་སྲིད། གང་ཡིན་ཞེ་ན། དྲ་ངོས་དེར་བཅུག་ཡོད་པའི་གནོད་ཚབས་ཅན་གྱི་མ་ཡིག་ཅིག་འཇབ་རྒོལ་ཚན་ཁག་དེར་དབང་བའི་ཁོངས་མིང་མ་ལག་གི་སྟེང་དུ་ཉར་ཚགས་བྱས་ཡོད། དྲ་ངོས་དེ་ནས་ཕབ་ལེན་བྱས་པའི་ཨན་ཌོ་བཀོལ་ཆས་དེར་ཞིབ་བཤེར་བྱེད་དུས། ང་ཚོས་ལས་འགུལ་གསང་མྱུལ་(ActionSpy)རྙེད་སོན་བྱུང་ཡོད།  ཟླ་༤་པའི་ཟླ་མཇུག་ཏུ། འཕེལ་ཕྱོགས་ཚན་རྩལ(Trend Micro) བཟོ་ལས་ཁང་གིས་ScanBox དང་།  BeEF frameworks་ནང་འཇུག་བྱེད་པའི་ཆེད་དུ། གནོད་ཚབས་ཅན་གྱི་ཡི་གེ་བླུགས་ཡོད་པའི་ཉྭ་འཛིན་གྱི་དྲ་ངོས་གཞན་པ་ཞིག་རྙེད་སོན་བྱུང་ཡོད། གནས་ཚུལ་བརྗོད་གསལ་ལྟར་ན། དྲ་ངོས་འདི་ཡང་སའི་གོ་ལའི་ཨེམ་ཕོ་ར་འཇབ་རྒོལ་ཚན་ཁག་ལ་དབང་བའི་ཁོངས་མིང་མ་ལག་གི་སྟེང་དུ་ཡོད་འདུག  

4.3.2 དེའི་བྱེད་ལས་རྩོམ་སྟངས། མ་ལག་གྲུབ་ཚུལ།

པར་རིས་བཞི་པ། : འཕེལ་ཕྱོགས་ཚན་རྩལ་བཟོ་ལས་ཁང་གི་སྙན་ཐོའི་ནང་དུ་གསལ་བའི་སའི་གོ་ལའི་ཨེམ་ཕོ་ས་འཇབ་རྒོལ་གྱི་ཕྲེང་རྒྱུད།

འཕེལ་ཕྱོགས་ཚན་རྩལ་བཟོ་ལས་ཁང་གི་སྙན་ཐོ་དེས། ཞིབ་ཕྲའི་གནས་ཚུལ་བཀོད་མེད་རུང་། དྲ་ཐོག་གི་འཇབ་རྒོལ་དེ་དར་ཁྱབ་ཆེ་བའི་བོད་པའི་བརྙན་ཐུང་བཀོལ་ཆས་ཤིག་ལ་བརྫུས་ཡོད་པ་བསྟན་ཡོད། དེ་མ་ཟད།  མཉེན་འབུ་དེས་རྟོག་བཟོས་བཀོལ་ཆས་ཀྱི་རོགས་འདེགས་བརྒྱུད་དེ། ཨེ་ཁི་རན་(Ekran)ཟེར་བའི་ཡུ་གུར་བའི་བརྙན་ཐུང་བཀོལ་ཆས་ལའང་བརྫུས་ཏེ། བཀོལ་ཆས་ངོ་མའི་མཐོང་སྣང་དང་ཁྱད་ཆོས་གཅིག་པ་བསྐྲུན་ཡོད་ཚོད་འདུག ད་དུང་དེའི་སྒང་ལ། མཉེན་འབུ་དེ་བྷང་གིལ(Bangcle) ཟེར་བའི་ཁ་པར་ནང་གི་བཀོལ་ཆས་ཀྱི་བདེ་འཇགས་མཁོ་སྤྲོད་བྱེད་མཁན་གྱི་བཀོལ་ཆས་ཤིག་གིས་སྲུང་སྐྱོབ་བྱས་ཡོད་པ་རེད། བྷང་གིལ་གྱིས་འཇབ་རྒོལ་དང་། ཕྱི་ནང་སློག་པ། བསྐྱར་ཐུམ་རྒྱག་པ། འཁོར་བསྐྱོད་སྐབས་ཁ་སྣོན་རྒྱག་པ་སོགས་པའི་བྱེད་ལས་ཁག་བཀག་འགོག་བྱེད་པའི་ཆེད་དུ། བཀོལ་ཆས་ཁག་གསང་སྡོམ་བྱེད་ཀྱི་ཡོད་ལ། དེས་བཀོལ་ཆས་ཁག་ལ་རོགས་པ་བྱས་ཏེ། སོར་གནས་དབྱེ་ཞིབ་དང་བརྟག་དཔྱད་ཁག་ལ་གཡོལ་དུ་འཇུག་གི་ཡོད། 

ལས་འགུལ་གསང་མྱུལ་གྱིས་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས (IMEI)དང་། ཁ་པར་ཨང་གྲངས། བཟོ་སྐྲུན་བྱེད་མཁན། གློག་རྫས་ཀྱི་གནས་བབ་ལ་སོགས་པའི་ཡོ་ཆས་ཀྱི་གཞི་རྩའི་གནས་ཚུལ་ཁག་བསྡུ་རུབ་བྱེད་ཀྱི་ཡོད། དེ་ནས་དེ་དག་ C&C་དྲ་བའི་ཞབས་ཞུའི་ཁོངས་སུ་གཏོང་གི་ཡོད། དེ་དག་RSA ཡིས་གསང་སྡོམ་བྱས་ཡོད་མ་ཟད། འབྲེལ་མཐུད་ཁག་སྐར་ཆ་༣༠་རེའི་ནང་དུ་HTTP་དྲ་བའི་གན་ཆིངས་བརྒྱུད་ནས་རྩོམ་གྱི་ཡོད། 

4.3.3 དམིགས་འབེན་དང་ཤུགས་རྐྱེན། 

Module Name དཔེ་དུམ་གྱི་མིང་།འགྲེལ་བཤད། 
Location ས་གནས། ཡོ་ཆས་ཀྱི་ས་གནས་ཀྱི་འཕྲེད་ཐིག་དང་གཞུང་ཐིག་ལ་ལྟ་བ། 
Geo ས་ཆ། ས་ཁོངས་དང་གྲོང་ཁྱེར། རྫོང་། ལམ་མདོའི་ཁ་བྱང་ལ་ལྟ་བ། 
Contacts འབྲེལ་ཐོ།འབྲེལ་ཐོའི་གནས་ཚུལ་ལ་ལྟ་བ། 
Calling ཁ་པར་གཏོང་བ།ཁ་པར་བཏང་བའི་ལོ་རྒྱུས་ལྟ་བ། 
SMS འཕྲིན་ཐུང་། འཕྲིན་ཐུང་ལ་ལྟ་བ། 
Net trace དྲ་བའི་ཤུལ་རྗེས།བཤེར་ཆས་ཀྱི་མཚམས་རྟགས་ཁག་ལེན་པ། 
Software མཉེན་ཆས། ནང་འཇུག་བྱས་པའི་བཀོལ་ཆས་སྐོར་ལ་ལྟ་བ། 
Process བརྒྱུད་རིམ།འཁོར་བསྐྱོད་བརྒྱུད་རིམ་གྱི་གནས་ཚུལ་ལེན་པ། 
wifi connect སྐུད་མེད་དྲ་བར་མཐུད་པ།ཁ་པར་སྐུ་མེད་དྲ་བ་བྱེ་བྲག་པ་ཞིག་ལ་མཐུད་དུ་འཇུག་པ།
wifi disconnect སྐུད་མེད་དྲ་བ་གཅོད་པ།ཁ་པར་སྐུ་མེད་དྲ་བ་དང་མཐུད་མཚམས་འཇོག་ཏུ་འཇུག་པ།
wifi list སྐུད་མེད་དྲ་བའི་ཐོ་གཞུང་།སྐུད་མེད་དྲ་བ་ཡོད་ཚད་ཀྱི་གནས་ཚུལ་ལ་ལྟ་བ།
dirགསོག་བྱང་ནང་དུ་ཉར་ཚགས་བྱས་ཡོད་པའི་ཡིག་ཆ་རིིགས་ཤིག་སྟེ། txt, jpg, mp4, doc, xls་སོགས་བསྡུ་རུབ་བྱེད་པ། 
File ཡིག་ཆ།ཡོ་ཆས་ཀྱི་ཁོངས་ནས་ཡིག་ཆའི་རིགས་དྲ་བའི་ཞབས་ཞུའི་སྟེང་དུ་ཡར་འཇུག་བྱེད་པ། 
Voice སྐད།ཁོར་ཡུག་སྒྲ་ལེན་པ། 
Camera པར་ཆས།པར་ཆས་བརྒྱུད་ནས་པར་ལེན་པ། 
Screen འཆར་ངོས།འཆར་ངོས་པར་ལེན་པ། 
WeChat སྐད་འཕྲིན།སྐད་འཕྲིན་གྱི་དཀར་ཆག་གྲུབ་ཚུལ་གྱི་གནས་ཚུལ་ལེན་པ། 
wxfileསྐད་འཕྲིན་ནང་ནས་གཏོང་ལེན་བྱས་པའི་ཡིག་ཆ་ལ་ལྟ་བ། 
wxrecordསྐད་འཕྲིན་དང་། བྱ་རྐང་ཐང་། WhatsApp  Viber ནང་གི་གླེང་མོལ་གྱི་ལོ་རྒྱུས་ལ་ལྟ་བ། 

རེའུ་མིག་དང་པོ། : འཕེལ་ཕྱོགས་ཚན་རྩལ་གྱི་སྙན་ཐོ་ལས་ཐོན་པའི་ལས་འགུལ་གསང་མྱུལ་གྱིས་རྒྱབ་སྐྱོར་བྱས་པའི་དཔེ་དུམ།(Modules supported by ActionSpy)

གོང་དུ་ཞུས་ཟིན་པ་བཞིན། འཇབ་རྒོལ་ཚན་ཁག་དེས་བོད་པ་དང་ཡུ་གུར་བ། ཏུར་ཀེ། ཐེ་ཝན་སོགས་ཀྱི་མི་མང་དམིགས་འབེན་དུ་བཟུང་བའི་ཐོག་ནས། གྲངས་ཉུང་མི་རིགས་དེ་དག་གི་གནས་ཚུལ་རྐུ་འཁྱེར་བྱེད་ཆེད། ཁོང་ཚོའི་ཡོ་ཆས་ཀྱི་ནང་དུ་མཉེན་འབུ་ནང་འཇུག་བྱེད་དུ་བཅུག་ཡོད། ད་དུང་། འཇབ་རྒོལ་པས་མཉེན་འབུ་དེ་བཀོལ་སྤྱོད་བྱས་པའི་ཐོག་ནས། གནོད་འཚེ་ཕོག་ཡུལ་གྱི་གང་ཟག་གི་གཞུང་སྒེར་གཉིས་ཀྱི་གནས་ཚུལ་ཁག  དཔེར་ན། པིར་མིང་དང་། གླེང་མོལ་གྱི་ནང་དོན། སྐད་འཕྲིན་དང་། WhatsApp དེ་བཞིན།  Viber་དང་དེ་མིན་གྱི་བཀོལ་ཆས་ནང་གི་གླེང་མོལ་གྱི་དུས་ཡུན་སོགས་ཀྱི་གནས་ཚུལ་ལེན་གྱི་ཡོད། དམིགས་བཀར་གྱི་ཚོགས་སྡེ་ཁག་ཅིག་དམིགས་སུ་བཟུང་ཡོད་པའི་ཆ་ནས། འཇབ་རྒོལ་དེའི་རྒྱབ་ལྗོངས་སུ་ཆབ་སྲིད་ཀྱི་ཀུན་སློང་ཡོད་པར་ཚོད་དཔག་བྱེད་ཆོག  ཡིན་ནའང་། སའི་གོ་ལའི་ཨེམ་ཕོ་ས་འཇབ་རྒོལ་ཚན་ཁག་གིས་ལས་འགུལ་གསང་མྱུལ་གྱི་མཉེན་འབུ་བཀོལ་བའི་ཐོག་ནས་བསྡུ་རུབ་བྱས་པའི་གཞི་གྲངས་དེ་དག་ལ་ཅི་ཞིག་བྱེད་ཀྱི་ཡོད་མེད་མིག་སྔར་གསལ་ཁ་གང་ཡང་མེད། 

5. འཕྲུལ་རིག་བདེ་འཇགས་ཀྱི་གནས་ཚུལ་ཁ་གསབ། 

5.1.1   5G དྲ་བས་ཆ་འཕྲིན་བཀག་སྡོམ་དང་གསང་མྱུལ་གྱི་ཐོག་ཏུ་བསྐྲུན་པའི་ཤུགས་རྐྱེན། 

5G དྲ་བ་ནི་སྐུད་མེད་དྲ་བའི་འཕྲུལ་ཆས་ཐོན་རིམ་ལྔ་པ་དེ་ཡིན། དྲ་བ་གསར་པ་འདི་4G LTE དྲ་བ་དང་བསྡུར་ན་མགྱོགས་པོ་ཡོད་ལ། དེའི་ཕབ་ལེན་གྱི་མྱུར་ཚད་ནི་150Mbps ནས 200Mbps་བར་ཡིན་འདུག  དེ་བས། དྲ་རྒྱ་དང་འབྲེལ་བའི་གསར་གཏོད་དང་། ཅ་ལག ཐོན་རྫས་སོགས་ཀྱི་གྲངས་ཀ་སྔར་ལས་ཤུགས་ཆེར་འཕེལ་ངེས། 

5G དྲ་བའི་སྐོར་གླེང་བའི་སྐབས་སུ། སྤྱིར་བཏང་མི་ཚོས་དྲ་བའི་མྱུར་ཚད་མཐོ་རུ་ཕྱིན་པའི་སྐོར་ལ་བསམ་བློ་གཏོང་གི་ཡོད། ཡིན་ནའང་། དྲ་བའི་མགྱོགས་ཚད་ཙམ་མ་ཡིན་པར། 5G་ལ་དེ་མིན་གྱི་ཁེ་ཕན་མང་པོ་ཞིག་ཡོད། 5G དྲ་བའི་སྙོབ་ཤུགས་ཆེ་བ་ཡོད་པས། ཡོ་ཆས་མང་པོ་དྲ་བར་མཐུད་ཐུབ་ཀྱི་ཡོད། ད་དུང་། 5G དྲ་བས་རང་གཏོང་གི་རླངས་འཁོར་དང་། མིས་བཟོས་རིག་རྩལ་གྱི་ཡར་རྒྱས་སོགས་དང་འབྲེལ་བའི་འབྱུང་འགྱུར་གྱི་ལས་གཞི་མང་པོ་ཞིག་གི་ལམ་ཁ་བསྐྲུན་ངེས། 5G དྲ་བས་གནས་ཚུལ་གཏོང་ལེན་བར་གྱི་འགོར་འགྱངས་ཀྱི་དུས་ཡུན་ཀླད་ཀོར་བཟོ་གི་ཡོད་སྟབས། དྲ་བའི་ཞབས་ཞུ་ལ་རེ་སྐུལ་ཞུ་བ་དང་ཡ་ལན་འབྱོར་བའི་གོ་རིམ་ཁྲོད་དུ། ལག་ཐོགས་ཁ་པར་གྱི་འབྲེལ་མཐུད་སྔར་ལས་བཟང་བ་ཡོད། དེ་མ་ཟད།  དྲ་བའི་བྱེད་ལས་ཇེ་མགྱོགས་དང་ཇེ་བདེ་རུ་གཏོང་བར། 5G དྲ་བས་ཨ་མེ་ཟོན་དྲ་བའི་ཞབས་ཞུ་དང་། མའེ་ཁོར་སོ་ཧྥུ་ཁྲི་ Azure ལྟ་བུའི་སྤྲིན་རྩིས་ཞབས་ཞུ་(cloud computing services)ནུས་ཡོད་བཟོ་ངེས། 

5.1.2 5G དྲ་བས་དྲ་ལམ་བདེ་འཇགས་ཀྱི་ཐོག་ཏུ་བསྐྲུན་པའི་ཤུགས་རྐྱེན། 

ཉེ་ལམ། ཧྭ་ཝེ་(འཛམ་གླིང་ཁྱོན་ཡོངས་སུ་མཁྲེགས་ཆས་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་དེ་ཡིན།)བཟོ་ཚོང་ཁང་གི་ངོས་ནས་ཤེས་བྱའི་ཐོན་དངོས་བདག་དབང་རྐུ་འཁྱེར་བྱས་པ་དང་། དེ་བཞིན་བཟོ་ཚོང་ཁང་དེ་རྒྱ་ནག་སྲིད་གཞུང་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཞིབ་བཤེར་བྱེད་བཞིན་ཡོད། ཧྭ་ཝེ་བཟོ་ཚོང་ཁང་གིས་ཉེས་འཛུགས་དེ་དག་ལ་རྩ་བ་ནས་ངོས་ལེན་གནང་མེད་ཀྱང་།  དྲི་བ་ཞིག་ལྷག་བསྡད་ཡོད་པ་ནི།  ཧྭ་ཝེ་བཟོ་ཚོང་ཁང་དེ་ཉིད། རྒྱ་ནག་ནང་གི་བཟོ་ཚོང་ཁང་ཚང་མས་གཞི་གྲངས་ཁག་སྲིད་གཞུང་ལ་རྩིས་སྤྲོད་བྱེད་དགོས་ཞེས་རྒྱ་ནག་གི་དྲ་རྒྱའི་བཅའ་ཁྲིམས་ཀྱི་ཁོངས་སུ་གཏན་འབེབས་བྱས་ཡོད་པའི་གཟབ་ནན་གྱི་སྲིད་ཇུས་དེའི་ཁ་གཏད་དུ་ལངས་ཐུབ་མིན་དེ་རེད། རྒྱ་ནག་གི་

འདས་པའི་དྲ་ཐོག་གི་འཇབ་རྒོལ་གྱི་ལོ་རྒྱུས་ངོས་ཐད་ནས་གླེང་ན། ཧྭ་ཝེ་བཟོ་ཚོང་ཚང་ཁང་གི་འཕྲུལ་ཆས་རིགས་སྲིད་གཞུང་གི་གསང་མྱུལ་གྱི་ཡོ་ཆས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད་སྲིད་པའི་ཉེན་ཁ་ཡོད། 

ཉེན་ཁ་འདི་འདྲའི་རིགས་ཀྱི་རྐྱེན་པས། འཛམ་གླིང་གི་ལུང་པ་མང་པོ་ཞིག་གིས་ཧྭ་ཝེ་དང་འབྲེལ་བ་གཅོད་རྒྱུའི་བསམ་བློ་གཏོང་གི་ཡོད། ཨ་རི་དང་ཨོ་སི་ཁྲོ་ལི་ཡ་སོགས་ཀྱི་མཚོན་པའི་འབྱོར་ལྡན་གྱི་རྒྱལ་ཁབ་ཁག་ལ་ཧྭ་ཝེ་དང་འབྲེལ་བ་གཅོད་པའི་ནུས་པ་ཡོད་ཀྱང་། རྒྱལ་ཁབ་ཁ་ཤས་ཀྱིས་རང་རང་གི་ལུང་པའི་ནང་གི་སྐབས་བབ་ཀྱི་རྨང་གཞིའི་འཛུགས་ཀྱི་ཆེད་དུ་ཧྭ་ཝེའི་འཕྲུལ་ཆས་ཀྱི་རྩ་བ་བརྟན་པོ་བཙུགས་ཚར་ཡོད། ཧྭ་ཝེའི་ཐོན་རྫས་ལ་ཤུགས་ཆེན་པོ་བརྟེན་ཡོད་པའི་ལུང་པ་དེ་དག་གིས་ཧྭ་ཝེ་བཟོ་ཚོང་ཁང་དང་འབྲེལ་ལམ་བཅད་པ་ཡིན་ན། ཁོང་ཚོའི་ངོས་ནས་དྲ་བའི་སྒྲོམ་གཞི་གཞན་ཞིག་གསར་འཛུགས་བྱེད་དགོས་ཀྱི་ཡོད། དེར་ལུང་པའི་ངོས་ནས་འགྲོ་གྲོན་ཧ་ཅང་ཆེན་པོ་གཏོང་དགོས་ལ། དཀའ་ལས་ཆེ་བ་མ་ཟད། དེས་ཁོང་ཚོའི་ངོས་ནས། 5G དྲ་བ་ལོངས་སྤྱོད་བྱེད་པའི་དུས་ཚོད་ཡང་ཕར་འགྱངས་བྱེད་ངེས། 

ཉེ་ལམ་ཨིན་ཡུལ་གྱི་སྲིད་གཞུང་འབྲེལ་མཐུད་སྤྱི་ཁྱབ་ལས་ཁུངས་ཏེ། དྲ་རྒྱའི་གསང་བའི་ལས་ཁུངས་ཀྱི་ངོས་ནས་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ། ཧྭ་ཝེ་བཟོ་ཚོང་ཁང་གིས་ཨིན་ཡུལ་གྱི་གློག་འཕྲིན་དྲ་བས་བཀོལ་སྤྱོད་བྱེད་བཞིན་པའི་ཡོ་ཆས་ཁོངས་ཀྱི་བདེ་འཇགས་དང་འབྲེལ་བའི་སྐྱོན་ཆ་ཁག་འདང་ངེས་ཀྱི་ཐོག་ནས་དག་སེལ་བྱེད་མ་ཐུབ་པའི་དབང་གིས། ཨིན་ཡུལ་གྱི་སྲིད་གཞུང་འབྲེལ་མཐུད་སྤྱི་ཁྱབ་ལས་ཁུངས་ཀྱིས་ཧྭ་ཝེའི་འཕྲུལ་ཆས་དེ་བདེ་འཇགས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ལ། ཧྭ་ཝེའི་ངོས་ནས་སོ་སོའི་5G འཕྲུལ་ཆས་ཀྱི་སྒྲིག་བཀོད་ཁོངས་སུ་ཡོད་པའི་བདེ་འཇགས་ཀྱི་སྐྱོན་ཆ་དག་སེལ་བྱེད་མ་ཐུབ་ཚེ། དེས་ཕུགས་རྒྱང་རིང་པོའི་ཐོག་ནས་བདེ་འཇགས་ཀྱི་སྐྱོན་ཆ་དང་ཉེན་ཁ་མང་དག་ཅིག་ཡོད་པ་དེ་གཞན་གྱི་འཇབ་རྒོལ་བྱེད་ཡུལ་ཆགས་ངེས་པའི་སེམས་འཚབ་ཆེན་པོ་བསྐྲུན་ཡོད་ཅེས་བརྗོད་ཡོད།

སྤྱིར་བཏང་གི་ཆ་ནས། 5G གནམ་སྐུད་དེ་སྔོན་གྱི་4G LTE དང་བསྡུར་ན། སྙོབ་ཚད་ཐུང་བ་ཡོད། དེའི་དོན་ནི།  5G དྲ་བས་བྱེད་ལས་རྩོམ་པར་གནམ་སྐུད་མང་པོ་དགོས་ཀྱི་ཡོད། དེའི་རྐྱེན་གྱིས་5G ལས་ཀ་བྱེད་པར་ཆ་འཕྲིན་བརྒྱུད་གཏོང་གི་དྲ་བའི་ལམ་སྟོན་ཆས་སྔར་ལས་མང་བ་དགོས་ཀྱི་ཡོད་ལ། དེ་དག་SDN དང་NFV ལ་སོགས་པའི་མཉེན་ཆས་བརྒྱུད་དེ་དོ་དམ་དང་ཐག་གཅོད་བྱེད་ཀྱི་ཡོད། 5G  འཕྲུལ་ཆས་དེ་གསར་བ་ཡིན་པ་གང་ཞིག་ལ། ཚོད་ལྟ་འདང་ངེས་བྱས་མེད་པའི་རྒྱུ་མཚན་གྱིས། འཕྲུལ་ཆས་གསར་བ་དེའི་ཁོངས་ཀྱི་བདེ་འཇགས་ཀྱི་སྐྱོན་ཆ་རིགས་རྩ་བ་ནས་མེད་པར་བཟོ་རྒྱུ་ཧ་ཅང་ཁག་པོ་ཡིན། དེར་བརྟེན། དྲ་བའི་གནམ་སྐུད་དང་དྲ་བའི་ལམ་སྟོན་ཆས་ཁ་ཤས་ཁོངས་ཀྱི་མཉེན་ཆས་ཀྱི་སྐྱོན་ཆ་ཞིག་གིས་དྲ་བ་ཧྲིལ་པོ་རྩ་གཏོར་གཏོང་ངེས་པའི་ཉེན་ཁ་ཆེན་པོ་ཡོད། དེ་མ་ཟད། 5G འཕྲུལ་ཆས་དེ་ཁ་པར་གཅིག་པུའི་ཆེད་དུ་བཟོས་མེད། སྨན་ཁང་དང་། འགྲིམ་འགྲུལ་གློག་སྒྲོན། རིག་ནུས་རླངས་འཁོར་སོགས་འཛུགས་སྐྲུན་ལས་གཞི་གལ་ཆེན་ཁག་ཀྱང་ 5G  དྲ་བ་བརྒྱུད་དེ་ཕན་ཚུན་ལ་སྦྲེལ་གྱི་ཡོད་པས། དྲ་བའི་ཁྲོད་ཀྱི་འགལ་འཛོལ་ཞིག་གིས་དྲ་བ་དེར་མཐུད་ཡོད་པའི་ཡོ་ཆས་ཚང་མར་མཇུག་འབྲས་ཚབས་ཆེན་བཟོས་ཏེ། སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་ངེས། 

དེ་མ་ཟད།  5G ཡོ་ཆས་རིགས་3G དང་ 4G ཐོག་ལ་བརྗེ་བའི་སྐབས་སུ། དེ་ཐོན་རིམ་སྔ་མའི་མ་ལག་ཁོངས་ནས་གླེང་སློང་མ་བྱས་པའི་སྐྱོན་ཆའི་དབང་གིས། དྲ་ཐོག་གི་འཇབ་རྒོལ་གྱི་ཉེན་ཁར་འཕྲད་ཀྱི་ཡོད། དེ་ཡང་རེ་ལྟོས་བྱེད་སའི་5G བརྡ་རྟགས་མེད་པའི་སྐབས་སུ། 5G་དྲ་བ་སྔར་བཞིན་གཡོ་ཟོལ་དང་། མགོ་སྐོར། འཛད་སྤྱོད་པ་གཞན་པར་བརྫུས་པའི་དྲ་ཐོག་གི་འཇབ་རྒོལ་གྱི་ཉེན་ཁའི་གནས་སུ་ལྷག་གི་ཡོད་ལ།  4G དང་། 3G དྲ་བའི་འབྲེལ་མཐུད་ཀྱི་ཞབས་ཞུ་ངོས་ལེན་མི་བྱེད། (དུས་ཡོལ་གྱི་སྲོལ་རྒྱུན་འཕྲུལ་ཆས།) དྲ་བའི་གཙོ་གཉེར་མཁན་ཚོས་མུ་མཐུད་ནས་རྒྱུན་སྤྱོད་ཚོ་བགོས་རླུང་འཕྲིན་ཞབས་ཞུའི་(GPRS)ཕུག་ལམ་གྲོས་མཐུན་ལ་གཞི་བཅོལ་ངེས་ལ། དེའི་ཁོངས་སུ་གཞི་རྩའི་སྐྱོན་ཆ་མང་པོ་ཞིག་ཡོད་པ་ཡོངས་གྲགས་ཡིན། 

རྒྱུན་སྤྱོད་ཚོ་བགོས་རླུང་འཕྲིན་ཞབས་ཞུའི་ཕུག་ལམ་གྲོས་མཐུན་གྱི་སྐྱོན་ཆ་གཙོ་བོའི་ཁོངས་ཀྱི་གཅིག་ནི། གྲོས་མཐུན་དེས་འཛད་སྤྱོད་པའི་སྡོད་སའི་ས་གནས་ར་སྤྲོད་མི་བྱེད་པའི་དངོས་དོན་དེ་རེད་ལ། དེས་འཇབ་རྒོལ་པར་ཁོང་ཚོའི་དྲ་བའི་འབྲེལ་མཐུད་ཀྱི་ས་གནས་ཟོག་རྫུ་བྱེད་ཐུབ་པ་བཟོས་ཡོད་ཅེས་དགེ་མཚན་ལྡན་པའི་འཕྲུལ་ཆས་(Positive Technologies)ཚོགས་པའི་འཕྲུལ་རིག་ཆེད་ལས་མཁས་པ་ཇེ་མེས་ཇོན་(Jimmy Jones)ལགས་ཀྱིས་བརྗོད་ཡོད།

མཐའ་མར།  5Gདྲ་བའི་སྐྱོན་ཆ་གཞན་ཞིག་ནི། འཇབ་རྒོལ་པས་འཛད་སྤྱོད་པའི་གླེལ་མོལ་གྱི་གཞི་གྲངས་ངན་བསླུ་དང་དེ་མིན་གྱི་གསང་ཚིག་ལ་སོགས་པའི་ཡིག་ཆ། ཁ་པར་ཨང་གྲངས་ངོ་མ་སོགས་རྐུ་འཁྱེར་བྱས་ཏེ། འཛད་སྤྱོད་པ་གཞན་པར་བརྫུ་ཐུབ་ཀྱི་ཡོད། འདིས་ནམ་རྒྱུན་དྲ་རྒྱ་དང་འབྲེལ་བའི་གསར་གཏོད་ཀྱི་ཐོན་རྫས་སམ་ཡོ་ཆས་འབོར་ཆེན་ཕན་ཚུན་ལ་སྦྲེལ་དུ་འཇུག་གི་ཡོད། དེ་ནས་འཇབ་རྒོལ་པས་ལམ་ཁ་དེ་བེད་སྤྱད་དེ་དྲ་རྒྱའི་ཞབས་ཞུ་ནང་འཛུལ་ཏེ། ཞབས་ཞུ་དང་ལེན་མི་བྱེད་པའི་འཇབ་རྒོལ་གྱི་ཁྲོད་དུ། སྣེ་མཐུད་བྱེད་ས་རྐྱང་པ་ཞིག་གི་སྟེང་ནས་གཞི་གྲངས་མང་པོའི་འབྲེལ་མཐུད་ཁ་འབྱེད་པའི་རེ་སྐུལ་གཏོང་ངེས་ལ། དེས་དྲ་བ་ཡོངས་རྫོགས་ནུས་མེད་དང་རྩ་གཏོར་གཏོང་ཐུབ། 

5.1.3 བོད་དང་བོད་མི་ཚོར་ཐེབས་པའི་ཤུགས་རྐྱེན། 

བོད་པ་ཚོ་ག་དུས་ཡིན་ཡང་མིས་བཟོས་རིག་རྩལ་བེད་སྤྱད་དེ་བཟོས་པའི། རྒྱ་ནག་སྲིད་གཞུང་གི་ཚད་མཐོ་བའི་བརྙན་མིག་གི་ནང་ནས་སྟངས་འཛིན་བྱེད་པའི་གསང་བའི་མྱུལ་ཞིབ་འོག་གནས་ཡོད་སྟབས། དུས་ད་ལྟའི་ཆར། 5G་དྲ་བས་བསྐྲུན་པའི་ཁེ་ཕན་ཁག དེས་བཟོས་པའི་ཉེན་ཁ་དང་བསྡུར་ན་ཧ་ཅང་ཆུང་། 5G་དྲ་བའི་རོགས་འདེགས་ལ་བརྟེན་ནས། ད་ཆ་བོད་པ་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཁག་གི་སྟེང་དུ་གསང་མྱུལ་བྱེད་པའི་ལས་ཀ་མཐའ་མེད་པ་ཆགས་ཡོད་ལ། 4G LTE བསྡུར་ན། 5G དྲ་བའི་ཁྲོད་དུ། བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་པའི་བཀོད་པ་བརྒྱུད་ནས་འཛད་སྤྱོད་པའི་ས་གནས་གཏན་འཁེལ་བྱེད་སྤྱད་ཀྱི་5G གནམ་སྐུད་དང་དྲ་བའི་ལམ་སྟོན་ཆས་སྔར་ལས་མང་བ་ཡོད་པས།  མ་འོངས་པར། རྒྱ་ནག་སྲིད་གཞུང་གིས་མི་སྒེར་གྱི་གཞི་གྲངས་སྔར་ལས་མགྱོགས་པ་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད་ལ། དྲ་ལམ་གྱི་འབྲེལ་མཐུད་ཁག་གི་ཡོ་ཆས་ཀྱི་ས་གནས་ལས་སླ་པོ་དང་གནད་ལ་ཕིགས་པའི་ཐོག་ནས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད། དེར་བརྟེན། 5G ཁྲོམ་རར་སླེབས་པའི་སྐབས་སུ། དྲ་རྒྱ་དང་འབྲེལ་བའི་གསར་གཏོད་ཀྱི་ཐོན་རྫས་སམ་ཡོ་ཆས་ཀྱི་གྲངས་འབོར་མངོན་གསལ་དོད་པའི་ཐོག་ནས་ཇེ་མང་དུ་འགྲོ་ངེས། 

ཏོག་དབྱིབས་ནད་དུག་གི་དུས་སྐབས་སམ། ནད་དུག་དར་ཁྱབ་འགྲོ་བའི་ཞེད་སྣང་གི་ངོགས་ནས། འཛམ་གླིང་ཡོངས་རྫོགས་ཁྱིམ་སྡོད་བཀའ་རྒྱའི་འོག་སྡོད་སྐབས། རྒྱ་ནག་སྲིད་གཞུང་དེ་སོ་སོའི་མངའ་ཁོངས་སུ་བཅུག་ཡོད་པའི་མི་མང་རྣམས་སྟངས་འཛིན་བྱེད་པའི་ནུས་ཤུགས་རྒྱུན་འཁྱོངས་དང་གོང་མཐོར་གཏོང་ཆེད། གསང་བའི་མྱུལ་ཞིབ་ཀྱི་དྲ་བ་གསར་སྐྲུན་དང་རྒྱ་བསྐྱེད་གཏོང་བའི་ལས་ཀར་བྲེལ་བཞིན་ཡོད། དཔེར་ན། རྒྱ་ནག་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱའི་འོག་བཞག་སྟེ། ཇོ་མོ་གླང་མར་རི་འཛེགས་བྱེད་མཁན་རྣམས་ཀྱང་བཀག་འགོག་བྱས་པའི་གནས་སྐབས་དེར། ཧྭ་ཝེ་དང་རྒྱ་ནག་སྲིད་གཞུང་ལ་དབང་བའི་ཀྲུང་གོའི་འགུལ་འཕྲིན་གཉིས་མཉམ་འབྲེལ་བྱས་ཏེ། མཚོ་ངོས་ལས་་མཐོ་ཚད་རྨིད་༦༥༠༠་མཚམས་ཀྱི་ཇོ་མོ་གླང་མའི་སྟེང་དུ། འཛམ་གླིང་གི་ཆེས་མཐོ་བའི་ 5G་སྦྲེལ་ཚུགས་གསར་འཛུགས་བྱས་ཡོད། འཕྲུལ་རིག་ཆེད་ལས་མཁས་པ་ཚོས་5G་དྲ་བའི་བདེ་འཇགས་ཀྱི་སྐྱོན་ཆ་དང་། 5G་བརྒྱུད་དེ་གནས་ཚུལ་བཀག་སྡོམ་དང་གསང་མྱུལ་གྱི་ནུས་པ་གོང་མཐོར་གཏོང་ངེས་པའི་ཉེན་ཁའི་སྐོར་ལ་མུ་མཐུད་ནས་ཐ་ཚིག་སྒྲོག་གི་ཡོད་རུང་། ཉེ་ཆར། རྒྱ་ནག་གི་5G་དྲ་བའི་ཞབས་ཞུའི་ཡོ་ཆས་ཀྱི་གྲངས་འབོར་ཨ་རི་ལས་བརྒལ་ཡོད་སྟབས། དེས་རྒྱ་ནག་གཞུང་ལ་འཕྲུལ་ཆས་གསར་པ་དེ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་བཀོལ་སྤྱོད་བྱེད་པར་སྔར་ལས་ཀྱང་ལས་སླ་རུ་བཏང་ཡོད། 

ཆེད་ལས་རི་འཛེགས་པ་ཁོན་རེ་ཌི ཨན་ཁར་(Conrad Anker )(ཁོས་ལོ་རབས་༨༠་པའི་མཇུག་ནས་ཇོ་མོ་གླང་མར་ཐེངས་གསུམ་འཛེགས་ཡོད།) ལགས་ཀྱིས། 5G དྲ་བས། བོད་དེ་འཛམ་གླིང་གི་དྲ་ལམ་ཆ་འཕྲིན་གྱི་གསར་ཁང་ཡོད་དོ་ཅོག་ལ་སྒོ་འབྱེད་ངེས་ལ། དེ་ཚོས་བོད་ཀྱི་གནས་ཚུལ་སྐོར་འགྲེལ་བཤད་ལོག་པར་བསྐྱོན་ངེས་པས། ཁོ་རང་གནད་དོན་དེའི་སྐོར་ལ་སེམས་འཚབ་དང་ཞེད་སྣང་ཡོད་སྐོར་བརྗོད་ཡོད། བོད་དེ་ཕྱི་ལོ་༡༩༥༠་ནས་བཟུང་། རྒྱ་ནག་གཞུང་གི་བཙན་འོག་ཏུ་གནས་ཡོད་པ་དང་། རྒྱ་ནག་གི་བཙན་འཛུལ་དེའི་དབང་གིས། བོད་པ་ཚོར་རང་ཉིད་ཀྱི་རིག་གཞུང་དང་ཆོས་ལུགས་འཛིན་སྐྱོང་བྱེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རྒྱ་ནག་སྲིད་གཞུང་གིས། རྒྱ་ནག་གི་ས་ཁུལ་གཞན་པ་ཁག་ནང་བཞིན། བོད་ནང་དུ་མུ་མཐུད་ནས་དྲ་རྒྱ་དོ་དམ་དང་བཀག་སྡོམ་བྱེད་ངེས་ལ། བོད་དེ་ཕྱི་ལོ་༡༩༥༠་གོང་ལ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ཁག་སྟེ། བོད་མིའི་སེམས་ཁུར་ཆེན་པོ་བྱེད་ཡུལ་གྱི་གནད་དོན་ཁག་སྦ་གསང་དང་བཀག་སྡོམ་བྱེད་ངེས། 

འཛམ་གླིང་ནང་གི་ས་ཁུལ་མང་དག་ཅིག་ལ་མཚོན་ན། 5G དེ་དེང་རབས་དྲ་བའི་འཕྲུལ་ཆས་ཀྱིས་གནང་བའི་བྱིན་རླབས་ཤིག་ཆགས་ངེས། གང་ཡིན་ཞེ་ན། དེས་མི་རབས་གསར་པ་ཚོར་འཕྲུལ་རིག་གསར་གཏོད་དང་འབྱུང་འགྱུར་གྱི་འཕྲུལ་ཆས་སྣ་ཚོགས་ཤིག་འདོན་སྤེལ་བྱེད་པའི་བསྐལ་བ་བསྐྲུན་གྱི་ཡོད།  ཡིན་ནའང་། བོད་དང་བོད་མི་ཚོའི་དངོས་ཡོད་གནས་སྟངས་དེ་ག་འདྲ་ཆགས་ཀྱི་ཡོད་པ་རེད་ཟེར་ན། དམར་ཤོག་སྲིད་གཞུང་ལ་རྒོལ་བའི་ཆབ་སྲིད་ཀྱི་ལས་འགུལ་ཁག་བཀག་སྡོམ་བྱེད་ཆེད། རྒྱ་གཞུང་གིས་5G  དྲ་བ་བརྒྱུད་དེ་སོ་ལྟ་དང་གསང་མྱུལ་གྱི་བྱེད་སྒོ་ཁག་གི་ཐོག་ཏུ་སྔར་ལས་ཤུགས་སྣོན་རྒྱག་ངེས་པས། ད་ལྟའི་ཆར་ལྷག་ཡོད་པའི་མི་སྒེར་གྱི་གསང་རྒྱ་ཕྲན་བུ་དེའང་ཤོར་འགྲོ་ངེས། 

5.2 ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གསར་པའི་ཤུགས་རྐྱེན། 

ཕྱི་ལོ་༢༠༢༠་ལོའི་ཟླ་༦་པའི་ཚེས་༣༠་ཉིན། པེ་ཅིན་སྲིད་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བའི་ཁྲིམས་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད། བཅའ་ཁྲིམས་གསར་པ་དེ་གཏན་འབེབས་བྱས་མ་ཚར་བར་དུ་གསང་བ་ཉར་ཡོད་སྟབས། ཁྱབ་བསྒྲགས་མ་བྱས་པའི་སྔོན་དུ་བཅའ་ཁྲིམས་གསར་པ་དེའི་ཡིག་ཆ་ཧྲིལ་པོ་མཐོང་མྱོང་མཁན་མི་ཉུང་ཤས་ཤིག་མ་གཏོགས་མེད། ཕྱི་ལོ་༡༩༩༧་ལོར། ཨིན་ཇིའི་གཞུང་གིས་རྒྱ་ནག་དང་མཉམ་དུ། རྒྱལ་ཁབ་གཅིག་ལ་ལམ་ལུགས་ཟེར་བའི་རྩ་འཛིན་དང་། གཞི་རྩའི་བཅའ་ཁྲིམས་ཟེར་བའི་འཛིན་སྐྱོང་གི་སྒྲོམ་གཞིའི་འོག་ཏུ། ཧོང་ཀོང་ནང་གི་འདུ་འཛོམས་ཀྱི་རང་དབང་དང་། སྨྲ་བརྗོད་རང་དབང་། ཁྲིམས་འཛིན་རང་ཚུགས། དེ་བཞིན་མང་གཙོའི་ཐོབ་ཐང་ཁག་ཅིག་སྲུང་སྐྱོབ་བྱེད་རྒྱུའི་གྲོས་མཐུན་བཞག་སྟེ། ཧོང་ཀོང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་གནང་ཡོད། གྲོས་མཐུན་དེའི་འོག་ཏུ། རྒྱ་ནག་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་གནང་ཡོད་ཀྱང་། མང་ཚོགས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་ཡོངས་གྲགས་མ་ཆགས་སྟབས་དངོས་སུ་ལག་བསྟར་གནང་ཐུབ་མེད།  ད་ལྟའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བའི་ཁྲིམས་སྲོལ་གསར་པ་འདིས། རྒྱ་ནག་སྲིད་གཞུང་ལ་ཧོང་ཀོང་སྟངས་འཛིན་ཆ་ཚང་བྱེད་པའི་གོ་སྐབས་དང་ནུས་པ་སྤྲད་ཡོད། 

ཁྲིམས་སྲོལ་གསར་པ་དེ་གཏན་འབེབས་གནང་ཚར་བའི་རྗེས་ཀྱི་ཟླ་བ་ཁ་ཤས་ཀྱི་ནང་དུ། ངེས་གཏན་མེད་པའི་གནས་བབ་ཀྱི་རྐྱེན་པས་ཧོང་ཀོང་མི་མང་ཞེད་སྣང་གི་ཁྲོད་དུ་ལུས་ཡོད། གང་ཡིན་ཞེ་ན། རྒྱ་ནག་སྲིད་གཞུང་ལ་རྒོལ་བའི་ཟིང་སློང་གི་བྱེད་ལས་ཡོད་ཚད་ལ་ཉེས་ཆད་གཅོད་ངེས་པ་མ་ཟད། ཚེ་བཙོན་གྱི་ནག་ཉེས་ཀྱང་ཕོག་སྲིད་ཀྱི་ཡོད། ཁྲིམས་རྩོད་པ་ཁ་ཤས་ཀྱིས་བརྗོད་ན། ཁྲིམས་དེ་གསལ་ཁ་མེད་པ་དང་། ཁྱབ་ཆེ་བའི་ཐོག་ནས་འགྲེལ་བཤད་བསྐྱོན་ཡོད་སྟབས། ཕལ་ཆེར་བྱ་སྤྱོད་གང་བརྩམས་ཡང་། དེ་ཁྲིམས་འགལ་ཆགས་ཡོད་པར་སྒྲུབ་ཐུབ་ཀྱི་ཡོད། དེའི་མཇུག་འབྲས་ལ་བརྟེན་ནས། མི་མང་པོ་ཞིག་གིས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་ཆ་འཕྲིན་བཀག་སྡོམ་བྱས་ཡོད་ལ། མང་པོ་ཞིག་གིས་སོ་སོའི་བདེ་འཇགས་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེད་དུ་ཧོང་ཀོང་དང་ཁ་བྲལ་ཡོད། དེ་ཡང་སེམས་འཚབ་བྱེད་དགོས་པའི་གནད་དོན་བྱེ་བྲག་པ་ཞིག་ནི། ཁྲིམས་སྲོལ་གསར་པ་དེ་འགྲེལ་བཤད་རྒྱག་མཁན་རྒྱ་ནག་སྐམ་ས་ཡིན་པ་མ་གཏོགས། ཧོང་ཀོང་གི་ས་གནས་སྲིད་གཞུང་མིན་པས། གལ་ཏེ། ཁྲིམས་སྲོལ་དེ་ཧོང་ཀོང་གི་ཁྲིམས་དང་འགལ་བ་བྱུང་ཚེ། པེ་ཅིན་གྱི་ཁྲིམས་དེ་ཚད་གཞི་འཛིན་ས་བྱེད་ཀྱི་ཡོད་པ་རེད།

དེའི་མཇུག་འབྲས་ལ་བརྟེན་ནས། ཧོང་ཀོང་ནང་གི་མི་མང་ཚོས། རང་ཉིད་ཀྱི་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་རིགས་རྒྱ་ནག་སྲིད་གཞུང་གིས་ཁྲིམས་འགལ་དུ་ངོས་འཛིན་བྱས་མི་འོང་ངམ་སྙམ་པའི་ཞེད་སྣང་གི་ངོགས་ནས། རང་ཉིད་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང་དུ་སྤེལ་བའི་གནས་ཚུལ་དང་། བཀོལ་ཆས་ཁག་ནང་གི་གླེང་མོལ་གྱི་ལོ་རྒྱུས་ཁག་གསུབས་ཏེ། སོ་སོ་རང་ངོས་ནས་གནས་ཚུལ་བཀག་སྡོམ་བྱེད་འགོ་བཙུགས་ཡོད། གསར་འགོད་པ་ཚོས་ཀྱང་། སོ་སོས་བྱས་པའི་ལས་ཀ་དེ་ཚོ་རྒྱ་ནག་སྲིད་གཞུང་གིས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་འཛུགས་བྱས་མི་འོང་ངམ་སྙམ་པའི་འཇིགས་སྣང་གི་ཁྲོད་དུ། རང་ཉིད་ཀྱི་དྲ་སྟེང་གི་ཤུལ་རྗེས་ཁག་གསུབ་པའི་བྲེལ་བའི་ནང་དུ་ཚུད་ཡོད། 

དཔེ་དེབ་ཁག་དཔེ་མཛོད་ནས་ཕྱིར་བསྡུ་བྱས་པའམ་བསྐྱར་ཞིབ་ཀྱི་ཁོངས་སུ་བཅུག་པ་དང་། སློབ་གྲྭ་ཁག་གིས་སོ་སོའི་སློབ་ཚན་གྱི་རྒྱུ་ཆ་གང་ཡང་ཁྲིམས་འགལ་ཆགས་མེད་པ་ཁག་ཐེག་བྱེད་པའི་ཆེད་དུ། ཡོད་ཚད་བསྐྱར་ཞིབ་བྱེད་དགོས་པའི་བཀའ་བཏང་ཡོད་ལ། ཁྲིམས་སྲོལ་གསར་པ་དེར་ཞེད་ནས། ཚོང་ཁང་མང་པོ་ཞིག་གིས་ཀྱང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་པའི་སྦྱར་ཤོག་རིགས་རྩིགས་ངོས་ནས་མེད་པར་བཟོས་ཡོད།  དུས(TIME) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་བཅིངས་འགྲོལ་དང་། ང་ཚོའི་དུས་ཀྱི་གསར་བརྗེ་ལྟ་བུའི་འབོད་ཚིག་ཁག་ཁྲིམས་འགལ་བཟོས་ཏེ་བཀག་སྡོམ་བྱས་ཡོད་འདུག

ཧོང་ཀོང་ནང་གི་ཆབ་སྲིད་ཀྱི་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་ཡོད་དེ། དཔེར་ན། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་པའི་ཉིན་དེར། ཧོང་ཀོང་ནང་གི་ལས་འགུལ་པ ཇོ་ཞུའ་ ཝུང་(Joshua Wong)ལགས་ཀྱིས་བཙུགས་གནང་བའི་ངྷེ་མོ་སེ་སི་ཁྲོ (Demosisto) ཟེར་བའི་གཞོན་ནུའི་ཆབ་སྲིད་ཚོགས་པ་དེ་མེད་པར་བཟོས་ཡོད་ལ། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་དེས་ཐེབས་ངེས་པའི་ཤུགས་རྐྱེན་ལ་གཡོལ་ཕྱིར། དེ་མིན་གྱི་ཆབ་སྲིད་ཚོགས་པ་གསར་པ་ཁག་ཀྱང་ཕྱི་རྒྱལ་ལ་གནས་སྤོར་བྱས་ཡོད། 

ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གསར་པ་དེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་དེ་བཞིན་ཚོགས་སྡེ་གཞན་པ་ཁག་ལའང་བློ་དོགས་དང་དངངས་སྐྲག་ཆེན་པོ་བསླངས་ཡོད། ཚོགས་པ་ཁ་ཤས་གྲོང་ཁྱེར་དེ་ནས་ཁ་འབྲལ་དགོས་པ་བཟོས་ཡོད་ལ། ཁ་ཤས་སྔོན་དཔག་བྱས་པ་ལས་སྔ་མོར་ཁ་བྲལ་དགོས་བྱུང་ཡོད། དཔེར་ན། ཟླ་༧་པའི་ཚེས་༡༤་ཉིན།  ནིག་ཡོག་དུས་བབ་ཀྱིས་སོ་སོའི་ཧོང་ཀོང་ནང་གི་དྲ་ཐོག་གི་གསར་འགྱུར་གྱི་བྱེད་སྒོ་ཁག མཐོང་ཆེན་གྱི་དཀའ་ངལ་དང་། རྒྱ་ནག་སྲིད་གཞུང་གི་དམ་དྲག་དབང་གིས་ལྷོ་ཀོ་རེ་ཡའི་ནང་དུ་གནས་སྤོར་བྱེད་ཀྱི་ཡོད་པའི་ཁྱབ་བསྒྲགས་གནང་ཡོད། དེ་མ་ཟད། ཉེན་རྟོག་དཔུང་སྡེ་ལ་དྲ་ཐོག་གི་གནས་ཚུལ་སྟངས་འཛིན་བྱེད་པ་དང་། དྲ་ཐོག་གི་འབྲེལ་མཐུད་རིགས་བར་གཅོད་བྱེད་ཆོག་པའི་དབང་ཆ་གསར་པ་སྤྲད་ཡོད་པས། བཟོ་ཚོང་ཁང་ཁག་ལ་ཆ་འཕྲིན་གྱི་ནང་དོན་བཀག་སྡོམ་དང་། མི་སྒེར་གྱི་གཞི་གྲངས་ཡར་སྲིད་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའི་གནོན་ཤུགས་ཕོག་ཡོད། འདི་ལ་ཡ་ལན་སྤྲོད་ཕྱིར། ངོ་དེབ་དང་། གྷོ་གྷིལ། ཐོས་ཐར་ལ་སོགས་པའི་འཕྲུལ་རིག་བཟོ་ལས་ཁང་ཁང་གིས་ཁྲིམས་སྲོལ་གསར་པ་དེར་བསྐྱར་ཞིབ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོར་གོ་བསྡུར་མ་བྱས་པའི་སྔོན་དུ། རྒྱ་ནག་གཞུང་གིས་ཞུས་པའི་གཞི་གྲངས་རྩིས་སྤྲོད་ཀྱི་རེ་སྐུལ་དེ་དང་ལེན་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བསྐྱངས་ཡོད། 

རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་དེར་འགྲེལ་བཤད་གཅིག་ཙམ་མ་ཡིན་པར། སྣ་ཚོགས་པ་བསྐྱོན་ཆོག་པའི་སྐོར་ལ་ཧོང་ཀོང་ཕྱི་ཕྱོགས་ཀྱི་ཨ་རིའི་བཟོ་ཚོང་ཁང་ཕལ་ཆེ་བས་སྔར་ལས་མང་བ་དོ་ཁུར་བྱེད་ཀྱི་ཡོད་སྐོར་ཨ་རིའི་ཚོང་ལས་ལྷན་ཚོགས་ཀྱི་དཔྱད་ཞིབ་ཅིག་གི་ནང་དུ་བསྟན་ཡོད། དངུལ་རྩིས་ལས་རིགས་ཀྱི་ཁེ་ལས་པའི་ཁྲོད་དུ། ཁྲིམས་སྲོལ་གསར་བ་དེའི་ཐོག་ལ་ལྟ་ཚུལ་མ་འདྲ་བ་ཡོང་གི་ཡོད། ཁ་ཤས་ཀྱིས་ཁྲིམས་དེས་ཤུགས་རྐྱེན་གང་ཡང་མི་ཐེབས་པའམ། ཁྲིམས་སྲོལ་གསར་པ་བརྒྱུད་དེ་ཁེ་ལས་བྱེད་སྒོ་ཁག་འགག་ཏུ་འཇུག་མཁན་གྱི་ངོ་རྒོལ་ལས་འགུལ་ཁག་མེད་པར་བཟོ་ཐུབ་ཚེ།  དེས་བཟང་ཕྱོགས་ཀྱི་འབྲས་བུ་བསྐྲུན་སྲིད་པའི་རེ་ལྟོས་བྱེད་ཀྱི་ཡོད། 

ད་ཆ་ཧོང་ཀོང་ནང་གི་བཟོ་ཚོང་ཁང་ཁག་དང་མི་མང་ཚོས་རང་དབང་ཤོར་བ་དང་། རྒྱ་ནག་སྲིད་གཞུང་ལ་གཞི་གྲངས་རྩིས་སྤྲོད་ཀྱི་རེ་སྐུལ་ཞུ་ཆོག་པའི་ཐོབ་ཐང་རག་པ། དེ་བཞིན། བཅའ་ཁྲིམས་གསར་པ་གཏན་འབེབས་བྱས་པ་སོགས་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་གཞི་རྩའི་རྩ་འཛིན་མཇུག་བསྒྲིལ་བ་མཚོན་ལ། བོད་ནང་དུ་གསར་བསྐྲུན་དང་རིམ་བཞིན་གོང་མཐོར་བཏང་བའི་གསང་བའི་མྱུལ་ཞིབ་དང་གཉའ་གནོན་གྱི་ལས་གཞི་ད་ཆ་ཧོང་ཀོང་ནང་དུ་དངོས་སུ་འགོ་བཙུགས་ཚར་བའི་རྟགས་བསྟན་ཡོད། 

5.3  ཨ་རིའི་འོས་བསྡུའི་ཁྲོད་དུ་སྤེལ་བའི་རྒྱ་ནག་གི་གནས་ཚུལ་རྫུན་མའི་ལས་འགུལ།

དྲ་རྒྱ་གསར་གཏོད་བྱས་པའི་རྗེས་ཀྱི་དུས་སྐབས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་ཡོད་ལ། ད་ལྟའི་དུས་ཀྱི་ཆ་འཕྲིན་གྱི་ནང་དོན་མང་དག་ཅིག་དུས་རྒྱུན་རྫུན་མ་ཆགས་ཀྱི་ཡོད། གནས་ཚུལ་རྫུན་མའི་དོན་ནི། མི་མང་ལམ་ལོག་ཏུ་ཁྲིད་པའི་ཆེད་དུ་ཤེས་བཞིན་དུའམ་བསམ་བཞིན་དུ་བདེན་པ་མིན་པའི་གནས་ཚུལ་སྤེལ་བ་དང་། བདེན་དོན་འཁྱོག་བཤད་བྱེད་པ་ཞིག་ལ་གོ་ཞིང་།  གནས་ཚུལ་རྫུན་མ་ནི། རྒྱབ་ལྗོངས་ཀྱི་དམིགས་ཡུལ་སྣ་ཚོགས་ཡོད་པའི་དྲིལ་བསྒྲགས་ཀྱི་རྣམ་པ་ཞིག་ཡིན། 

གནས་ཚུལ་རྫུན་མ་ནི། སྤྱིར་བཏང་གི་གསང་མྱུལ་བྱེད་སྤྱད་ཀྱི་ལག་ཆ་ཞིག་ཡིན་ལ། དེར་སྤྱི་ཚོགས་ཁ་བྲལ་གཏོང་བའི་གཏོར་བཤིག་གི་རང་བཞིན་ལྡན། དཔེར་ན། རྒྱ་ནག་སྲིད་གཞུང་གིས་ཏོོག་དབྱིབས་ཁྱབ་གདལ་གཏོང་མཁན་ཨ་རི་ཡིན་པའི་ཉེས་འཛུགས་བྱས་ཏེ། དེའི་སྐོར་གྱི་གནས་ཚུལ་རྫུན་མ་སྤེལ་བ་ལྟ་བུ་རེད། རྒྱལ་ཁབ་ཅིག་དང་། ཡང་ན། ཚོགས་པ་ཁ་ཤས་ཀྱིས་མཉམ་རུབ་ཀྱི་ཐོག་ནས་གནས་ཚུལ་རྫུན་མ་སྤེལ་བའི་འཆར་གཞི་འཐེན་པ་ལ་གནས་ཚུལ་རྫུན་མའི་ལས་འགུལ་ཞེས་འབོད་ཀྱི་ཡོད། 

རྒྱ་ནག་དེ་གནས་ཚུལ་རྫུན་མའི་ལས་འགུལ་གྱི་ཁྲོད་དུ་ཞུགས་ཡོད་པའི་དཔེ་མཚོན་ཁག་ཅིག་ནི། 

འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཨ་རིའི་འོས་བསྡུ་ཁྲོད་ཀྱི་ཨུ་རུ་སུའི་ཐེ་བྱུས་སྐོར་ལ་དོ་ཁུར་བྱས་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ཨུ་རུ་སུ་ནི་ཐེ་བྱུས་བྱེད་མཁན་གཅིག་པུ་དེ་མིན། དེ་ཡང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་སྙན་ཐོའི་ནང་གསལ་ལྟར། རྒྱ་ནག་དང་ཨེ་རན་ལྟ་བུའི་ཆབ་སྲིད་ཀྱི་རྩེད་མོ་རྩེད་མཁན་ཆེད་མཁས་པ་གཞན་པའང་ཡོད་ལ། དེ་དག་གིས་ཨུ་རུ་སུས་༢༠༡༦་ལོའི་ཨ་རིའི་འོས་བསྡུའི་ཁྲོད་དུ་ཐེ་བྱུས་ཇི་ལྟར་བྱས་ཡོད་མེད་སྐོར་ལ་སློབ་སྦྱོང་བྱས་པའི་ཐོག་ནས། དེ་དང་ཆ་འདྲ་བའི་ཐབས་རྩལ་གཞན་པ་བཀོལ་སྤྱོད་བྱེད་བཞིན་ཡོད། 

རྒྱ་ནག་དེ་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད།  གང་ཡིན་ཞེ་ན། ཨུ་རུ་སུས་༢༠༡༦་ལོའི་ཨ་རིའི་འོས་བསྡུའི་ཁྲོད་དུ་ཐེ་བྱུས་མ་བྱས་པའི་སྔོན་ཚུད་ནས། རྒྱ་ནག་གིས་གནས་ཚུལ་རྫུན་མ་སྤེལ་བའི་ཐབས་རྩལ་བཀོལ་སྤྱོད་བྱེད་མུས་ཡིན། ལོ་རྒྱུས་རང་བཞིན་གྱི་ཐོག་ནས་གླེང་ན།   རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་གནས་ཚུལ་ལོག་འགྲེལ་དང་འཁྱོག་བརྗོད་བྱེད་པའི་ཆེད་དུ། གནས་ཚུལ་རྫུན་མའི་ལས་འགུལ་ཕལ་ཆེ་བ་གཞུང་གིས་མ་རྩ་བཙུགས་པའི་བརྙན་འཕྲིན་དང་། རླུང་འཕྲིན། གསར་ཤོག དུས་དེབ། དྲ་ཚིགས་སོགས་བརྒྱུད་དེ་སོ་སོའི་རྒྱལ་ཁོངས་སུ་སྤེལ་ཡོད། འོན་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་སྐོར་ལ་གནས་ཚུལ་རྫུན་མ་སྤེལ་བ་དང་། ཨ་རིས་ཏོག་དབྱིབས་ནད་དུག་ཁྱབ་སྤེལ་བཏང་བ་རེད་ཅེས་ཉེས་འཛུགས་བྱས་པའི་བྱ་སྤྱོད་དེ་དག་གིས། རྒྱ་ནག་གི་གནས་ཚུལ་རྫུན་མའི་ལས་འགུལ་ཁག་རང་ཉིད་ཀྱི་རྒྱལ་ཁོངས་ལས་བརྒལ་ཏེ་འཛམ་གླིང་ལ་ཁ་ཕྱོགས་ཡོད་པ་བསྟན་ཡོད། 

ཉེ་ཆར། ཐོས་ཐར་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་བཟོ་ལས་ཁང་གིས། ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་ཉམས་དམས་སུ་གཏོང་བ་དང་། དེ་ལ་རྒོལ་རྡུང་བྱེད་པར་དམིགས་ནས་བཟོས་ཡོད་པའི་རྒྱ་ནག་གི་ཐོས་ཐར་ཁ་བྱང་སྟོང་ཕྲག་མང་པོ་གསར་རྙེད་བྱུང་ཡོད་ཅེས་བརྗོད་ཡོད། ཐོས་ཐར་རྫུན་མའི་ཁ་བྱང་དེ་དག་རྒྱ་ནག་གི་ཐོག་ཏུ་སྤེལ་བའི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་སྐྱོན་བརྗོད་གྱི་བསམ་ཚུལ་རིགས་ལ་རྒོལ་བའི་ཆེད་དུ་བཀོལ་སྤྱོད་བྱས་ཡོད། དཔེར་ན། ཐོས་ཐར་ཁ་བྱང་རྫུན་མ་དེ་དག་བརྒྱུད་ནས་ཏོག་དབྱིབས་ནད་དུག་ཨ་རི་ནས་མཆེད་པ་རེད་ཅེས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་ཡོད། ཐོས་ཐར་བཟོ་ཚོང་ཁང་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་བའི་ཆེད་དུ་བཀོལ་སྤྱོད་བྱས་པའི་ཐོས་ཐར་ཁ་བྱང་༢༣༧༥༠ སྒོ་བརྒྱབ་ཚར་བ་དངོས་སུ་ར་སྤྲོད་བྱས་ཡོད། དེ་མ་ཟད། ཐོས་ཐར་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁག་ལ་དགའ་རྟགས་མནན་པའམ་ཡང་ན། བརྒྱུད་འགོད་བྱས་ཏེ་ཁྱབ་སྤེལ་གཏོང་མཁན་གྱི་ཐོས་ཐར་ཁ་བྱང་༡༥༠༠༠༠ལྷག་ཀྱང་སྒོ་བརྒྱབ་ཡོད། 

ངོ་དེབ་བཟོ་ཚོང་ཁང་གིས་ཀྱང་། ཐོས་ཐར་བཟོ་ཚོང་ཁང་གིས་འགྲེམས་སྤེལ་བྱས་པའི་ཐབས་ལམ་ཁག་གཞི་ལ་བཞག་སྟེ། གནས་ཚུལ་རྫུན་མ་སྤེལ་མཁན་གྱི་སྐོར་ལ་དབྱེ་ཞིབ་བྱས་ཡོད་པ་མ་ཟད། ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་སྐོར་ལ་གནས་ཚུལ་རྫུན་མ་སྤེལ་མཁན་གྱི་ངོ་དེབ་ཀྱི་ངོས་ཤོག་བདུན་དང་། ཚོགས་པ་གསུམ། ཁ་བྱང་ལྔ་བཅས་མེད་པར་བཟོས་ཡོད། ཁ་བྱང་འདི་དག་རང་ཉིད་ཀྱི་ངོ་བོ་སྦས་ཐབས་བྱེད་མཁན་གྱི་རྒྱ་ནག་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པའི་གང་ཟག་ཤ་སྟག་གིས་བཀོལ་སྤྱོད་བྱས་ཡོད། 

ད་ཆ་འཛམ་གླིང་མི་འབོར་ཕྱེད་ཀ་ལྷག་གིས་དྲ་རྒྱ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་སྟབས། གནས་ཚུལ་རིགས་རྣམ་པ་མ་འདྲ་བའི་ཐོག་ནས་ཤུགས་ཆེར་ཁྱབ་སྤེལ་དང་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་།  གནས་ཚུལ་དེ་ཚོ་ཚང་མ་བདེན་པ་མིན་པ་གསལ་པོ་ཡིན། དེ་ཡང་རྒྱ་ནག་སྲིད་གཞུང་ལ་བཟོ་ཚོང་ཁང་ཁག་དང་ཆབ་སྲིད་པ་ཚོའི་ཐོག་ཏུ་ཤུགས་རྐྱེན་ཆེན་པོ་ཡོད་པས།  ང་ཚོས་ག་དུས་ཡིན་ཡང་རྒྱ་ནག་གིས་སྤེལ་བའི་གནས་ཚུལ་རྫུན་མའི་རིགས་དང་། དེ་མིན་གྱི་ཁུངས་ལྡན་མིན་པའི་གནས་ཚུལ་རིགས་ལ་ཡིད་གཟབ་བྱེད་དགོས། བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ། གནས་ཚུལ་གང་རུང་ཞིག་གཞན་ལ་བརྒྱུད་སྐུར་མ་བྱས་པའི་སྔོན་དུ། དེ་བདེན་པ་ཡིན་མིན་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེ། བོད་པའི་སྤྱི་ཚོགས་ཁྲོད་དུ་དར་ཁྱབ་ཕྱིན་པའི་གནས་ཚུལ་ཁག་ཅིག་ནོར་བ་དང་རྫུན་མ་ཡིན་པ་ར་སྤྲོད་བྱུང་བའི་དཔེ་མཚོན་ཁག་ཅིག་ང་ཚོའི་དྲ་ངོས་སུ་བཞག་ཡོད། https://learn.tibcert.org/category/disinfo-misinfo/ 

5.4 ཨོ་སི་ཁྲོ་ལི་ཡར་དྲ་ཐོག་གི་འཇབ་རྒོལ་ཆེན་པོ་ཐེབས་ཡོད་པ་དང་། འཇབ་རྒོལ་རྩོམ་མཁན་རྒྱ་ནག་ཡིན་ངེས་པའི་དོགས་སློང་བྱེད་ཀྱི་ཡོད། 

ཟླ་༦་པའི་ཚེས་༡༩་ཉིན། ཨོ་སི་ཁྲོ་ལི་ཡའི་སྲིད་བློན་སི་ཁོ་ཁྲི མོ་རི་སིན་ལགས་ཀྱིས། ཨོ་སི་ཀྲོ་ལི་ཡའི་སྲིད་གཞུང་གི་གནས་རིམ་ཚང་མའི་ལས་ཁུངས་དང་དེ་མིན་གྱི་སྒྲིག་འཛུགས་ཁག་གི་ཐོག་ཏུ། སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པའི་དྲ་ཐོག་གི་འཇབ་རྒོལ་ཞིག་ཐེབས་ཡོད་སྐོར་གྱི་གསལ་བསྒྲགས་བསྐྱངས་ཡོད། སྲིད་བློན་མཆོག་གིས་འཇབ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་དེའི་མིང་ཕྱིར་འདོན་གནང་མེད་ཀྱང་། ཨོ་སི་ཁྲོ་ལི་ཡའི་གཞི་གྲངས་གལ་ཆེན་གང་ཡང་ཕྱི་ལ་ཤོར་མེད་པའི་ཁག་ཐེག་བྱས་ཡོད། ད་དུང་སྲིད་བློན་མཆོག་གིས། ཁོས་གསལ་བསྒྲགས་དེ་བསྐྱངས་དགོས་དོན་ནི། གཞུང་གི་ཚོགས་པ་སྒྲིག་འཛུགས་ཁག་གི་ཁྲོད་དུ་དྲ་ལམ་འཇབ་རྒོལ་གྱི་གནས་ཚུལ་སྐོར་གོ་རྟོགས་སྤེལ་རྒྱུ་དང་། ཁོང་ཚོའི་དྲ་ཐོག་གི་འཇབ་རྒོལ་ལ་ཡ་ལན་སྤྲོད་ཕྱོགས་ཀྱི་འགེབས་སྲུང་གི་ནུས་པ་དང་ལག་རྩལ་གོང་མཐོར་གཏོང་བར་སྐུལ་མ་བྱེད་རྒྱུའི་ཆེད་དུ་ཡིན་ཞེས་བརྗོད་ཡོད། མཇུག་མཐར་ཁོང་གིས་གནོད་ཚབས་ཆེ་བའི་བྱེད་སྒོ་རིགས་འཛམ་གླིང་ཡོངས་ཁྱབ་ཏུ་འབྱུང་གི་ཡོད་ཅེས་གསུངས་ཡོད།  སྲིད་བློན་མཆོག་གིས་དོན་རྐྱེན་བྲེ་བྲག་ཅིག་དམིགས་སུ་བཀར་ཏེ་ཁ་གསལ་བརྗོད་མེད་ཀྱང་། ད་ཐེངས་ཀྱི་འཇབ་རྒོལ་དེས་ཨ་སི་ཁྲོ་ལི་ཡའི་གཞུང་གི་ལས་ཁུངས་མཐོ་དམའ་བར་འབྲིང་ཆ་ཚང་དང་། བཟོ་གྲྭ་ཁག  ཆབ་སྲིད་ཚོགས་པ་ཁག  ཤེས་ཡོན་གྱི་སྡེ་ཁག  འཕྲོད་བསྟེན་གྱི་སྡེ་ཚན་ཁག   དགོས་ངེས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན།  དེ་བཞིན་གལ་ཆེ་བའི་འཛུགས་སྐྲུན་ལས་གཞི་གཙོ་གཉེར་བྱེད་མཁན་སོགས་དམིགས་འབེན་དུ་བཟུང་ཡོད་སྐོར་བརྗོད་ཡོད། 

དཔྱད་གླེང་ཚོགས་འདུའི་སྐབས་སུ། སྲིད་བློན་མཆོག་གིས། དྲ་ལམ་འཇབ་རྒོལ་གྱི་ཁྱབ་ཚད་དང་། འཇབ་རྒོལ་གྱི་དམིགས་ཁ་གཏོད་ཕྱོགས། འཇབ་རྒོལ་གྱི་ཁྲོད་དུ་བཀོལ་བའི་ཐབས་ལམ་བཅས་བརྒྱུད་དེ། ད་ཐེངས་ཀྱི་འཇབ་རྒོལ་དེར་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པ་ར་སྤྲོད་བྱུང་ཡོད་ཅེས་བརྗོད་ཡོད། སྲིད་བློན་མོ་རི་སིན་ལགས་ཀྱིས་འཇབ་རྒོལ་དེ་རྩོམ་མཁན་གྱི་ལུང་པའི་མིང་ཕྱིར་བསྒྲགས་བྱེད་རྒྱུ་ཁས་ལེན་གནང་མེད་ཀྱང་།  དྲ་རྒྱའི་གསང་འཕྲིན་ཆེད་མཁས་པ་ཚོས། སྔོན་མ་ནས་ད་བར་ཨོ་སི་ཁྲོ་ལི་ཡའི་ཐོག་ཏུ་དྲ་ཐོག་གི་འཇབ་རྒོལ་སྣ་ཚོགས་རྩོམ་མཁན་དེ་རྒྱ་ནག་ཡིན་པའི་དོགས་སློང་བྱེད་ཀྱི་ཡོད། 

ང་ཚོས་ཤེས་གསལ་ལྟར།  བོད་པའི་སྤྱི་ཚོགས་ཁྲོད་དུའང་དྲ་ཐོག་གི་འཇབ་རྒོལ་གྱི་དོན་རྐྱེན་འབྱུང་གི་ཡོད་ལ། འཇབ་རྒོལ་དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མཐོ་དམའ་བར་གསུམ་དང་མི་སེར་ཚོགས་སྡེ་ཁག་དམིགས་འབེན་དུ་བཟུང་གི་ཡོད། དེར་བརྟེན། དྲ་ཐོག་གི་འཇབ་རྒོལ་གྱི་ཁྲོད་དུ་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད། ང་ཚོས་ཉིན་རེར་་སོ་སོའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་དགོས་ཀྱི་ཡོད། ཚོགས་པ་དང་སྒྲིག་འཛུགས་ཁག་གི་འགོ་ཁྲིད་ཙམ་མ་ཡིན་པར། དེའི་ཁོངས་ཀྱི་ལས་བྱེད་ཚང་མར་ཡང་བདེ་འཇགས་ཀྱི་ཚད་གཞི་མཐོ་བོ་རྒྱུན་འཁྱོངས་བྱེད་པའི་འགན་འཁྲི་གཅིག་མཚུངས་ཡོད། དེར་བརྟེན། ཟབ་སྦྱོང་ཁག་བརྒྱུད་དེ་ལས་བྱེད་ཚང་མའི་འཕྲུལ་རིག་ཉེན་སྲུང་གི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དང་། མི་ཚང་མའི་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁག་དུས་བསྟུན་ཁ་གསབ་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།

Back to Top